ཝང་དབྱང་གིས་ཞིན་ཅང་གི་བྱ་བར་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 03-27


        

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཉེ་ལམ་ཞིན་ཅང་དུ་རྟོག་ཞིབ་བྱེད་པར་ཕེབས། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིན་ཅང་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཞིན་ཅང་བཅོས་སྐྱོང་སྐོར་གྱི་ཇུས་ཆོད་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཚོགས་གཏན་འཇགས་དང་ཡུན་སྐྱོང་བདེ་འགོད་ཀྱི་ཞིན་ཅང་བྱ་བའི་སྤྱིའི་དམིགས་འབེན་གྱི་བསམ་བློའི་ངོ་བོ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ཁྲིམས་ལྟར་ཞིན་ཅང་བཅོས་སྐྱོང་བྱེད་པ་དང་ཞིན་ཅང་ལ་མཐུན་སྒྲིལ་བྱེད་པ། ཡུན་རིང་བོར་ཞིན་ཅང་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་གཏན་འཇགས་ཐད་ཀྱི་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་བ། ཡུན་སྐྱོང་བདེ་འགོད་ལ་གནོད་བྱེད་པའི་རྨང་གཞི་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་ཐག་བཅད་དེ། ཡུན་ཕན་གྱི་སྲིད་ཇུས་འཆར་འགོད་བྱེད་པ་དང་སྲ་བརྟན་གྱི་བྱེད་ཐབས་ལག་བསྟར་བྱེད་པ། ཡུན་སྐྱོང་བདེ་འགོད་ཀྱི་ལས་དོན་དངོས་གཉེར་བྱེད་དགོས་ཟེར།

        ཝང་དབྱང་གིས་ནན་གྱིས་བསྟན་དོན། མི་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན་ལ། ཞིན་ཅང་གི་བྱ་བའི་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་པའི་རྩ་བ་ནི་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་ཡིན། གཏན་འཇགས་སྲུང་སྐྱོབ་ཀྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། སྟོབས་ཤུགས་གསུམ་གྱི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་ཁོར་ཡུག་བཟང་བོ་བསྐྲུན་དགོས། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་ཡང་དག་བྱེད་པ་དང་། མི་རིགས་ཁ་གྱེས་བྱེད་པའི་སྟོབས་ཤུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་རྡུང་རྡེག་བྱེད་པ། དེ་དང་མཉམ་དུ་ཁྲིམས་ལྟར་མི་རིགས་སོ་སོས་འདྲ་མཉམ་གྱི་དབང་ཆ་དང་འོས་འགན་ལོངས་སྤྱོད་བྱེད་ཐུབ་པར་འགན་སྲུང་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་བྱེད་པར་དོ་སྣང་བྱས་ནས། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ཀྱི་ཐལ་སྐྱོད་བསམ་བློ་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་རྡུང་རྡེག་བྱེད་པ་དང་། དེ་དང་མཉམ་དུ་ཁྲིམས་ལྟར་དད་ལྡན་མང་ཚོགས་ཀྱི་རྒྱུན་ལྡན་གྱི་ཆོས་ལུགས་དགོས་མཁོ་ལ་འགན་སྲུང་བྱེད་པ། དད་ལྡན་མང་ཚོགས་ཀྱི་གོམས་སྲོལ་ལ་བརྩི་མཐོང་བྱེད་དགོས། ངོ་བོ་མི་གཅིག་པའི་འགལ་རྩོད་དང་གནད་དོན་ཐག་གཅོད་ཡང་དག་བྱས་ནས། མཐུན་སྒྲིལ་དང་སྐྱོན་བརྗོད། ཡང་བསྐྱར་མཐུན་སྒྲིལ་གྱི་རྣམ་པ་སྤྱད་དེ་མི་དམངས་ནང་ཁུལ་གྱི་འགལ་རྩོད་ཐག་གཅོད་དགོས་ཟེར།

        ཝང་དབྱང་གིས་བསྟན་དོན། ཞིན་ཅང་གི་དབུལ་ཐར་མཁྲེགས་གཏོར་དེ་སྤྱི་ཚོགས་གཏན་འཇགས་དང་མི་རིགས་མཐུན་སྒྲིལ་ལ་འབྲེལ་བ་ཡོད་པས། དམིགས་འབེན་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་བྱ་བ་བཟང་བོར་བསྒྲུབ་ནས། དབུལ་ཐར་སྤུས་ཚད་ལ་ཁག་ཐེག་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཐོན་ལས་དབུལ་སྐྱོར་དང་འཛད་སྤྱོད་དབུལ་སྐྱོར་ལ་དམ་འཛིན་བྱེད་པ་དང་། ནགས་སིལ་ལས་རིགས་དང་གནས་སྐོར་ལས་རིགས། ངལ་རྩོལ་པ་འདུས་སྡོད་རང་བཞིན་གྱི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། དབུལ་ཕོངས་མི་གྲངས་གཏན་འཇགས་ངང་དབུལ་ཐར་བྱེད་པར་སྣེ་ཁྲིད་བྱེད་དགོས་ཟེར།


        ཝང་དབྱང་གིས་ནན་གྱིས་བསྟན་དོན། དམག་ཚོགས་ནི་ཞིན་ཅང་གི་གཏན་འཇགས་འགན་སྲུང་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན། གནས་བབ་དང་ལས་འགན་འཕེལ་རྒྱས་དང་འགྱུར་ལྡོག་ཐད་ནས་བྱུང་བའི་འགྲན་རྩོད་གསར་བར་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་དམག་ཚོགས་བཅོས་བསྒྱུར་དང་ལྷོ་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཁྱབ་ཁོངས་གཙོ་བོའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། སྟོབས་ཤུགས་ཡོད་རྒུས་དམག་ཚོགས་ལྷོ་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་བ། འཐབ་ཇུས་བཀོད་སྒྲིག་ལེགས་བསྒྱུར་བྱེད་པ། དམག་ཚོགས་དང་ས་གནས་ཀྱི་མཉམ་བསྲེས་གཏིང་ཟབ་ཏུ་གཏོང་བ། སྲིད་ཇུས་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་བཏང་ནས། རྒྱལ་མཚམས་གཏན་འཇགས་སུ་གཏོང་བའི་གཞི་རྩའི་རྩོལ་ནུས་ལག་བསྟར་བཟང་བོ་བྱེད་པ་དང་། ཞིན་ཅང་གི་བྱ་བའི་སྤྱིའི་དམིགས་འབེན་ཐད་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1