༄༅།། ནམ་མཁའ་མཚོ།

རྣམ་དཀར་ལྷ་མོས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-27


རྒྱལ་མོ་ཚ་བ་རོང་ནས་སྙན་དབྱངས་ཀྱི་གླུ་སྐད་སྒྲོག་པའི་བོད་ཀྱི་བུ་མོ། ན་གཞོན་ཕུལ་བྱུང་གླུ་མ་ནམ་མཁའ་མཚོ།
རྣམ་དཀར་ལྷ་མོས་བྲིས་ཤིང་། ནམ་མཁའ་མཚོས་པར་མཁོ་འདོན་བྱས།
        ནམ་མཁའ་མཚོ་ནི་ཕ་ཡུལ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་བོད་ཀྱི་ཕུལ་དུ་བྱུང་བའི་གཞོན་སྐྱེས་གླུ་མ་ཞིག་ཡིན་ལ། དེ་ཡང་སྔར་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གླུ་པ་དང་། ཡེ་ཧྲུའུ་(乐手)བརྙན་འཕྲིན་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་བླངས་མྱོང་ཞིང་། 2012ལོར་དངོས་སུ་ཡར་དུང་དབྱིས་ཧུ་གློག་བརྙན་བརྙན་འཕྲིན་འཕྲིན་སྦྱོར་དུ་ཞུགས་ནས་བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་ཡར་དུང་ལགས་ཀྱི་བུད་མེད་སློབ་མ་གཅིག་པུར་ཆགས།
        ཁོ་མོའི་ཚབ་མཚོན་བརྩམས་ཆོས་ལ་《པི་ཝང་གི་གཏམ་རྒྱུད།》དང་བོད་འགྱུར་མའི་《ཕྱེ་ལེབ་གཉིས།》《མ་ཎི་རྡོ་འབུམ།》《ནོར་གནག་བསྟོད་གླུ།》《པོ་ཏ་ལའི་ལྷན་འཛོམས།》《ཟླ་འོད་འོག་གི་ཆུང་འདྲིས།》《སྒྲོལ་མའི་བརྩེ་བ།》《སེམས་ཀྱི་ཉི་ཟླའི་དུས་ཆད།》དང་《དགུང་དུ་སྐྱོད་པའི་དྲན་དབང་།》སོགས་ཡོད་ལ། བརྩམས་ཆོས་མི་ཉུང་བ་ཞིག་ལ་བོད་ཁུལ་དང་། མ་ཟད་རྒྱལ་ཕྱི་ནང་ཀུན་ན་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ནས་སྙན་པའི་གྲགས་པ་རྒྱས། ལྷག་པར་དུ་2017ལོའི་ཟླ་གཉིས་པར་འགྲེམ་སྤེལ་བྱས་པའི་གླུ་གཞས་《ཁ་བ།》ཞེས་པ་དེ་བསྟུད་མར་ཟླ་ངོ་འགའི་རིང་ལ་བོད་ཀྱི་འཕྲིན་སྦྱོར་དང་བརྙན་འཕྲིན་སོགས་ནས་ཚ་ཤོས་ཀྱི་གླུ་གཞས་སུ་གྱུར་ནས་བོད་ཁུལ་ཞིང་འབྲོག་མང་ཚོགས་ཁྲོད་དང་ལྷག་པར་དུ་གླུ་གཞས་སྒྱུ་རྩལ་ལ་གོམ་ཁ་ཕྱོགས་བཞིན་པའི་གཞོན་སྐྱེས་མང་པོ་ཞིག་གི་མིག་དཔེ་དང་བསྐྱར་ལེན་བྱེད་རྒྱུའི་བརྩམས་ཆོས་ཡག་ཤོས་སུ་གྱུར། དེར་མ་ཟད་དུས་ཡུན་རིང་པོའི་ནང་མདོ་དབུས་ཁམས་གསུམ་གྱི་སྒྱུ་རྩལ་དུས་ཆེན་དང་སྤྲོ་ཚོགས་ཆེ་འབྲིང་ཆུང་གསུམ་ལ་ཞུགས་ནས་ལེགས་སྐྱེས་གྱ་ནོམ་པ་གནང་།
        ད་ལྟའི་བར་དུ་ཁོ་མོས་《གངས་ལྗོངས་དོའོ་ལིང་སྲིང་མོ།》དང་《སེམས་ཀྱི་ཉི་ཟླའི་ལོག་ཕེབས།》དང་《སེམས་ཀྱི་ཉི་ཟླའི་མཉམ་འཛོམས།》སོགས་ཆེད་སྒྲིག་དང་མཉམ་སྒྲིག་བརྙན་འཁོར་དུ་མ་འགྲེམ་སྤེལ་བྱས་ཡོད་ལ། 2005ལོར་བོད་ལྗོངས་བརྙན་འཕྲིན་ཁང་གི་བོད་ལུགས་ལོ་སར་དགོང་ཚོགས་《བོད་ལྗོངས་ལ་གླུ་ཡིས་བསྟོད།》ཅེས་པར་ཞུགས། 2006ལོར་ཨོ་མོན་གྱི་ཕོ་ཐའོ་ཡའི་སྐད་ཡིག་སྡེ་ཁག་གི་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་དགོང་ཚོགས་དང་། སྐབས་གསུམ་པའི་ཀྲུང་གོའི་དར་མདོའི་མཛའ་གཞས་དུས་ཆེན་གྱི་མཇུག་སྒྲིལ་དགོང་ཚོགས་བཅས་སུ་འཁྲབ་སྟོན་བྱས། 2007ལོར་ཧུའུ་ནན་བརྙན་འཕྲིན་ཁང་གི་《ཟླ་བཅུ་པའི་གླུ་སྐད།》ཅེས་པའི་དགོང་ཚོགས་སུ་ཞུགས་ཏེ་ཐང་གུར་(腾格尔)དང་ཅི་ཅེ་(吉杰)སོགས་དང་མཉམ་དུ་འཁྲབ་སྟོན་བྱས། 2010ལོར་《གློག་བརྙན་ཧོང་ཙེ་ལ་དགའ།》ཞེས་པའི་སྒྱུ་རྩལ་དགོང་ཚོགས་ཆེན་མོར་ཞུགས་ཏེ་ཝང་ལི་ཧུང་(王力宏)དང་ཧན་ཧུང་།(韩红) ཡང་ཁུན་(杨坤)སོགས་དང་མཉམ་དུ་འཁྲབ་སྟོན་བྱས་པ་དང་། ལོ་དེར་《གངས་རི་དང་འཛམ་གླིང་འགྲེམ་སྟོན་ཚོགས་ཆེན་གྱི་རོལ་དབྱངས་དགོང་ཚོགས།》སུ་ལི་ཅའན་(李健)དང་ཐན་ཝེ་ཝེ་(谭维维)སོགས་ཀྱི་མཉམ་དུ་འཁྲབ་སྟོན་བྱས། 2012ལོར་མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་བོད་སྐད་རྒྱང་བསྒྲགས་ཀྱི་ལོ་འཁོར་60ལོན་པའི་དགོང་ཚོགས་སུ་ཞུགས་པ་དང་། སེར་ཤུལ་རྫོང་《ཉི་མའི་ཚོ་པ།》ཞེས་པའི་སྤྱི་ཕན་གླུ་གར་སྒྱུ་རྩལ་འཁྲབ་སྟོན་ཆེན་མོར་ཞུགས། 2015ལོར་སྐབས་དང་པོའི་ཧུང་ཡོན་རྫོང་གི་གཡག་རོལ་དབྱངས་དུས་ཆེན་གྱི་དགོང་ཚོགས་དང་། ཁམས་པའི་བརྙན་འཕྲིན་ཁང་གི་བོད་ལུགས་ལོ་སར་དགོང་ཚོགས། དེར་མ་ཟད་ཕུགས་འདུན་གྱི་མཆོག་དང་བོད་གླུ་ཡི་མཆོག་ཅེས་པའི་ཕུལ་བྱུང་གསར་རྩོམ་གླུ་གཞས་འཚོལ་སྡུད་དང་དཔྱད་འདེམས། བཤམས་འགྲེམ་གྱི་བྱེད་སྒོར་ཞུགས་ཏེ་བྱ་དགའ་ཐོབ། 2016ལོར་འབའ་ལྷག་དཀར་རྫོང་གི་སྐབས་དང་པོའི་བོད་གཞས་རོལ་དབྱངས་དུས་ཆེན་དང་། སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོར་ཞུགས་པ་དང་།
        སྐབས་དང་པོའི་དྲ་ངོས་བོད་ལུགས་ལོ་སར་དགོང་ཚོགས་སུ་ཞུགས་ཏེ། ཐུན་ཤུན་དང་ཡེས་ཁུ། ཐུ་དུ། ཨའེ་ཆི་དབྱི་སོགས་དྲ་ངོས་ནས་བརྒྱུད་གཏོང་བྱས། ལོ་དེའི་ལོ་མཇུག་ཏུ་མོ་རང་ཉིད་ཀྱི་གསར་རྩོམ་གླུ་གཞས་《ཤར་ཕྱོགས་རི་བོའི་རྩེ་ནས།》ཞེས་པ་དེ་ཁམས་པའི་བརྙན་འཕྲིན་ཁང་གི་བོད་ལུགས་ལོ་སར་དགོང་ཚོགས་ནས་འཁྲབ་སྟོན་བྱས་ཤིང་། ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་རྒྱལ་སྤྱིའི་ལེ་ཚན། ཁམས་པའི་བརྙན་འཕྲིན་དྲ་བ་བཅས་ནས་དུས་མཉམ་དུ་ཐད་གཏོང་བྱས་ཡོད།
        ལོ་དུ་མའི་རིང་ཡར་ཐོན་དང་མདུན་སྐྱོད་ཀྱི་གོམ་པ་མ་ཆད་ཅིང་གསར་རྩོམ་གྱི་འདུ་ཤེས་དང་ཐུན་མིན་གྱི་ཚོར་བས་ཕྱུག་པའི་ཁོ་མོ་ལ་མཚོན་ན། སྒྱུ་རྩལ་ལ་བཅངས་པའི་དུང་བ་དེ་ནམ་ཡང་ཉམས་པ་མེད་ཅིང་གླུ་གཞས་སྒྱུ་རྩལ་གྱི་དགའ་ཞེན་དང་ཕ་ཡུལ་གྱི་རི་ཆུ་ལུང་གསུམ་ལ་བཅངས་པའི་བརྩེ་བ་དེ་ཁོ་མོའི་སྒྱུ་རྩལ་གྱི་ལམ་ཁ་འདིའི་སྡོང་གྲོགས་ཅིས་མ་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1