གཙོ་ངོས།>> འཕྲོད་བསྟེན།>>བོད་ཀྱི་གསོ་རིག

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༢༧ཉིན།

༄༅།། གྲེ་ཐོགས་ནད་ལ་ནད་སྨན་སྤྲད་པའི་ཉམས་མྱོང་བྱུང་ཚུལ།

        དེ་ཡང་གྲེ་ཐོགས་ཀྱི་ནད་ཅེས་པ་ནི་ད་ལྟ། གསོ་བ་པོ་སྨན་པ་ཞིག་ཡིན་ནས་བཟུང་རྒྱུན་པར་མཐོང་ཐུབ་པའི་ནད་རིགས་ཤིག་རེད་ཅེས་བརྗོད་ན་ཆོག་ལ། དེ་ལས་ཀྱང་རོང་འབྲོག་གི་གཞི་རིམ་ས་ཁུལ་དུ་ནད་འདི་རིགས་ཕོག་མཁན་ལ་དེ་བས་ཀྱང་འཛེམས་ཆ་སོགས་ཀྱི་ཐད་ནས་མཐུན་རྐྱེན་མ་འཛོམས་པས་འུ་ཐུག་ཐབས་ཟད་པ་ལྟ་བུའི་བྱ་བས་འདའ་འགྲོ་བ་འགའ་འདུག །ང་ཚོས་དེ་དག་ལ་དྲག་ཞན་ཅི་རིགས་རྒྱུན་པར་འཕྲད་ཀྱི་ཡོད་ལ། དེ་ཡོད་པ་ནང་ལྟར་དུ་དེ་ལ་ཕན་ཐོགས་སོང་བ་ཡང་འགའ་རེ་མིག་མཐོང་ལག་ཟིན་དུ་བྱུང་སོང་མོད་དེ། ཕལ་ཆེ་ཆེ་ཞིག་ནི་བྱེ་བྲག་རེ་རེ་བཞིན་གྱི་གསལ་ཁ་མ་བྱུང་བས་སྤྱི་མཚན་ཙམ་ལས་གསལ་ཆ་ལྷག་པར་གཏོད་ཐུབ་པ་མི་འདུག །འོན་ཀྱང་འདི་འདྲའི་རིགས་ཚང་མ་གཅིག་ཙམ་ཡང་ཟིན་བྲིས་སུ་གསལ་ཁ་འདེབས་མ་ཐུབ་ན། སྨན་པའི་དིག་སྤྱོད་ནང་ཚན། བྱས་པ་རང་དོན་མེད་ན་སྨན་པ་དིག །ཅེས་པ་ལྟར་རང་སྤྱི་གང་ནས་ཀྱང་ཕངས་ཚབས་ཆེ་བར་བསམ་ནས། མིག་མཐོང་ལག་ཟིན་ཏུ་གྱུར་པའི་མི་ངོ་འཕྲོད་རྒྱུ་ཡང་ཡོད་པ་ཞིག་ཡུལ་དང་མིང་རུས་སོགས་གསལ་བར་བརྗོད་པའི་སྒོ་ནས། དེ་ལ་ཅུང་ཟད་ཡར་སྐྱེད་དང་ཕན་ཐོགས་བྱུང་རབས་བརྗོད་པ་ཡིན།
        མ་གཞི་སྨན་པའི་བྱ་བ་དངོས་ནི་མི་ན་གནས་ཤིང་ན་བ་གསོ་བ་ཞེས་སུ་གྲགས་ཆེ་མོད། དེ་ལས་ཀྱང་ནད་པ་ནད་ཀྱིས་མནར་བ་ཞིག་ལ་གཉེན་པོ་སྨན་བསྟེན་ཚུལ་ཐུན་མོང་མ་ཡིན་པ་དེ་ཉིད་ཡིན། དེ་ཡང་སྔ་རབས་སུ་དེ་དག་གི་ཟིན་བྲིས་གཡུ་ཐོག་ཤོག་དྲིལ་ཞེས་པ་སོགས་དེང་སང་གི་བར་དུ་གྲགས་ཆེ་བ་དངོས་སུ་མཇལ་དུ་ཡང་ཡོད་ལ། འགྲོ་བ་མི་གང་ཞིག་སེམས་དང་བསམ་པ་ཡོད་མཁན་ཞིག་དང་ལས་ལ་མྱོང་གོམས་རྒྱུས་ལོན་བྱེད་མཁན་ཞིག་ཡིན་ནས་བཟུང་། ལས་ཞིག་ཡོད་ན་ལམ་ཞིག་ཅེས་པ་དང་། གོམ་གོམ་སོང་ན་རྒུམ་རྒུམ་ལོན། ཞེས་པ་ལྟར་དེ་འདྲ་ལ། ལས་འདི་བྱས་ཉམས་མྱོང་འདི་ཐོན་མེད་པ་ཞིག་ནི་ལར་ན་ཡང་མི་སྲིད་པས། དེ་འདྲ་བྱུང་རིགས་ཀྱི་ནང་ནས་ཐོན་ཁུངས་སྤྱི་ལ་བེད་སྤྱོད་པར་བསམ་བློ་བཟང་པོ་རིན་ཆེན་གསེར་དང་འདྲ་བ་ཁུར་ནས་གྲེ་ཐོགས་ཅེས་པའི་ནད་རིགས་ཟས་དང་སྐོམ་ཐད་ཀར་མི་གཏོང་ཞིང་ཐབས་ཀྱང་གཞན་ཟད་པ་ལྟ་བུ་ལ། སྐབས་རེར་ཕན་ཐོགས་བྱུང་ཚུལ་ཡང་ཅུང་ཟད་ཙམ་གླེང་བར་བྱ་བ་ཡིན། མ་གཞི་ནད་འདི་ནི་ན་མཁན་མི་ཉུང་ཙམ་ཡོད་ལ། དེང་སང་ནི་ཁ་ཟས་ཀྱི་འཕྲོད་བསྟེན་སོགས་ལ་ཡང་སྙིགས་རོ་དང་བཅས་ཤིང་ཚུལ་དང་མི་མཐུན་པ་སོགས་གང་ལྟར་ཡང་ནད་དེའི་མཆེད་ཡུལ་ཡང་ཁྱབ་ཇེ་ཆེར་འགྲོ་བཞིན་པ་ལྟ་བུ་འདུག་སྟེ། ལོ་ཆུང་དང་གྲྭ་བཙུན་ལྟ་བུའི་ནང་ན་ཡང་འདི་ཉིད་ཀྱིས་ན་མཁན་འགའ་རེ་མཐོང་རྒྱུ་འདུག་ལ། སྔ་རབས་མཁས་པའི་གཞུང་ན་ཡང་ཅུང་རྩ་ཆེ་བར་བསྟན་འདུག །བཅོས་ཐབས་ཀྱང་སྨན་དཔྱད་གཉིས་ཆར་རམ་སྨན་དཔྱད་ཟས་སྤྱོད་བཞི་པོ་རྩལ་སྤྲུག་གི་ཚུལ་དུ་བགྱི་དགོས་པ་ལྟ་བུ་འདུག བཤད་རྒྱུད་ལས། སྟོབས་ཆེན་ནད་སྨན་དཔྱད་ཟས་སྤྱོད་བཞི། །
        ལག་གཏོད་མི་ཤ་འཕྲང་འཕྲད་ལྟ་བུར་བཅོས། །ཞེས་གསུངས་ཡོད་པ་མ་ཡིན་ནམ། དེ་ནི་རྒྱུད་ལས། བད་ཀན་ནད་རིགས་དྲུག་གི་ནང་ཚན་བད་ཀན་མགུལ་འགག་ཅེས་པ་འདི་ལ་གོ་བརྡ་སྤྲད་ན་བརྡ་འཕྲོད་རྒྱུ་ཡོད་ལ། ས་བཅད་བཅོས་ཐབས་ལོགས་སུ་ནི་མེད། མན་ངག་རྒྱུད་ཀྱི་བད་ཀན་གསོ་བ་ལས་ཀྱང་། བད་ཀན་མགུལ་འགགས་ཞེས་པ་ཕོ་བ་དང་། །བྲང་དང་གློ་བར་བད་ཀན་རྒྱས་པ་ཡིས། །བད་ཀན་རླངས་པ་གློ་ཡུ་མིད་པར་ཆགས། །དཔེར་ན་དོང་པའི་ལོགས་ལ་ཟོ་ཆགས་འདྲ། །དབུགས་རྔུབ་མི་བདེ་ཤ་བསྐམ་ལུས་སྟོབས་འཆོར། །ཟས་སྐོམ་མེད་པས་ཕོ་བ་ཆ་ནས་རུབ། མཇུག་ཏུ་མིད་པ་འགག་ནས་འཆི་བ་ཡིན། །ཞེས་སོགས་གྲེ་ཐོགས་ཞེས་པའི་ཐ་སྙད་འདི་གསལ་བར་ཐོན་ཞིང་། །ཉེན་ཁ་ཆེ་ཆུང་དང་རིགས་དབྱེ་ལ་སོགས་པ་ཅུང་གཞན་དང་མི་འདྲ་བར་ཐུན་མོང་མ་ཡིན་པ་བསྟན་འདུག །དེ་ལས་གཞུང་འགའ་རེར་མགུལ་འགག་ལ་དམིགས་བསལ་གྱི་ལེ་ཚན་ཡང་ལོགས་སུ་ཡོད་ལ། མདོར་ན་ནད་འདི་ནི་སྔ་ཕྱིའི་མཁས་པ་ཐམས་ཅད་ནས་བད་ཀན་གྱི་ནང་ཚན་དུ་བགྲང་ན་ཡང་། གཉེན་པོ་བསྟེན་ཐབས་ནི་དངོས་གཞི་བད་ཀན་སྐྱ་བོ་བཅོས་ཐབས་རང་གིས་འཐུས་པ་ཞིག་ཀྱང་མིན་པས། ཕྱིས་སུ་བྱུང་བའི་སྨན་གྱི་སྦྱོར་སྡེའི་ནང་དུ་ཡང་། བེ་ཁྲག་ཉེར་ལྔ་དང་སྤང་རྒྱན་བཅོ་ལྔ་ཞེས་པ་སོགས་ཅི་ནས་ཀྱང་མང་པོ་ཞིག་ཐོན་གྱི་ཡོད་ལ། ནད་ཕྲན་ཚེགས་ཀྱི་རིགས་འདྲ་ཡང་མང་པོ་ཐུག་རྒྱུ་ཡོད་པ་ཞིག་ལ་གྱུར་ཡོད། །དེས་ན་དེ་འདྲ་འཕྲད་ཚུལ་ཞིག་དེ་རིང་དམིགས་སུ་བཀར་ནས་བཤད་ན།
        2015ལོའི་ཟླ་10པའི་ཚེས་13ཉིན། ཕ་ཡུལ་སི་ཁྲོན་ཞིང་ཆེན་དར་མདོ་ལྷ་སྒང་ཀོ་རོ་མ་ནས་ཡིན་པའི་ནད་པ། བུད་མེད་རྒན་སོང་དཔལ་མོ་ཟེར་བ། ལོ་68ལོན་པ་ཞིག་བྱུང་། ན་ལུགས་དང་མངོན་ཚུལ་ནི་གཙོ་བོ་ཟས་མི་འཇུ་ཞིང་གང་ཟོས་འཕྲལ་འཕྲལ་སྐྱུགས་པ། ལུས་ཁམས་ཉོབ། ལུས་ཤ་ཧ་ཅང་སྐམ་པ་ཆགས་ཡོད་པ། ན་ནས་ལོ་གཅིག་ལྷག་ཙམ་འགོར་སོང་ཟེར། རང་ཡུལ་ནས་བོད་སྨན་འགའ་བསྟེན་པ་ཡིན་ཡང་ཆེས་མངོན་གསལ་ཅན་གྱི་ཕན་པ་མ་ཐོན་ཟེར། ཕྱིས་སུ་ནད་དེ་ཇེ་ཐུར་སོང་ནས་ཧ་ལམ་ཟླ་བ་གཉིས་ཙམ་འགོར་སོང་ཟེར། དེ་ནས་རང་གི་སར་བྱུང་སྟེ། དེའི་ཚེ་རྩ་རྒྱུད་སྟོངས་ཤིང་ལྷོད། ཆུ་མདོག་སྔོ་ལ་ལྦུ་བ་ཆེ། །སྔོན་མར་འོ་མ་དང་རྩམ་ཁུ་སོགས་ཅུང་ཟད་ཡི་གར་འཕྲོད་ན་ཡང་། ད་སྐབས་འོ་མ་དང་ཆུ་ཡང་མིད་དཀའ་བ་འདུག་ཟེར། ཟུག་གཟེར་མེད་ན་ཡང་། ལུས་ཟུངས་ཞན། ལུས་ཁམས་ཉོབ་པས་འགྲོ་འདུག་ཀྱང་དཀའ་བ་འདུག །
        རང་གིས་ནད་འདི་བད་ཀན་མགུལ་འགག་ལ་ངོས་བཟུང་ནས། སྨན་འདི་ལྟར་བཏང་བ་སྟེ། ཐོ་རངས་ལ་རིན་ཆེན་མང་སྦྱོར་རིལ་བུ། སྔ་དྲོ་སྤང་རྒྱན་བཅོ་ལྔ། ཉིན་གུང་གོ་གྲེ་བཅུ་བདུན། ཕྱི་དྲོ་སེ་འབྲུ་དྭངས་གནས་དང་བཙོ་ཟླ་ཟུང་འབྲེལ། དགོང་མོ་ཨ་གར་སོ་ལྔ་བཅས་ཉིན་བཅུ་ལ་སྤྲད།
        2015ལོའི་ཟླ་10པའི་ཚེས་18ཉིན་སླར་ཡང་སྨན་ལེན་དུ་བྱུང་། ཅུང་ཟད་དྲག་སྐྱེད་ཙམ་པ་ལ། སྐབས་རེར་འོ་མ་ཁམ་གང་རེ་འཐུང་ཐུབ་ལ། སྐབས་རེར་མི་ཐུབ་པར་མ་ཟད་སྨན་ཡང་སྐྱུག་ཟེར། དྲི་ཆུའི་མདོག་སྔོ་ལྦུ་བ་ཆེ། ཡང་བསྐྱར་ཉིན་བཅུ་ལ་སྨན་སྤྲད།
        2015ལོའི་ཟླ་10པའི་ཚེས་28ཉིན་སླར་ཡང་ཆུ་ཁྱེར་ནས་བྱུང་ལ། ཆུ་མདོག་སྔོ་སྐྱ་ལྦུ་བ་ཅུང་ཟད་ཆུང་། སྨན་གོང་གསལ་གཞིར་བཞག་ཐོག་དགོང་མོར་བརྒྱད་ལྔ་བཏང་། འོ་མ་དང་སྨན་མི་སྐྱུག་པར་སོང་ཟེར།
        2015ལོའི་ཟླ་11པའི་ཚེས་20ཉིན་སླར་ཡང་ཆུ་ཁྱེར་ནས་བྱུང་བ་ལ། ཆུ་ལ་འགྱུར་ལྡོག་ཆེན་པོ་མི་འདུག །ཅུང་ཟད་ཡར་དྲག་ངང་། སྐབས་རེར་རྩམ་ཁུ་ཉུང་ཙམ་ཡང་འཐུང་ཐུབ་པ་བྱུང་ཟེར། དེ་ནས་སྨན་དུ་སྔ་དྲོ་དྭངས་བཙོ། ཉིན་གུང་བེ་ཁྲག་ཉེར་ལྔ། ཕྱི་དྲོ་ཐང་ཆེན་ཉེར་ལྔ། དགོང་མོ་བཙོ་ཟླ་བཅས་ཟླ་བ་གཅིག་ལ་སྨན་སྤྲད།
        དེ་ནས་2015ལོའི་ཟླ་12པའི་ཚེས་20ཉིན་ལ་ཀོང་སྤྲུལ་ཟིན་ཏིག་སོགས་ཀྱི་དགོངས་པ་ལྟར། གསོ་བྱ་ནད་པ་རང་གི་བླ་གཟའ་དང་བསྟུན་ནས་ནད་ཚང་མེ་བཙའ་དགུ་སྐོར་གྱི་འགོ་བཟུང་ནས། སོ་སོར་ཉིན་གསུམ་རེའི་བར་བཅད་ནས་སྐེ་སྟོང་ཙ་ར་ཁུང་ནས་གྱེན་དུ་ཚོན་ཕྱེད་དང་གཡས་གཡོན་དུ་བཅལ་བ་ན་ནད་ཚང་འོག་མ་དང་། དེ་ནས་གྱེན་དུ་སོར་ཕྱེད་དང་གཡས་གཡོན་ན་ནད་ཚང་བར་མ། དེ་ནས་གྱེན་དུ་ཚོན་ཕྱེད་བཅལ་བར་ནད་ཚང་གོང་མ་བཅས་ལ་མེ་བཙའ་བཞག །དེ་ནས་སྨན་དྭངས་བཙོ་དང་། བེ་ཁྲག་ཉེར་ལྔ། སྤང་རྒྱན་བཅོ་ལྔ། ཨར་བརྒྱད་བཅས་ཟླ་བ་གཅིག་གི་སྨན་སྤྲད།
        2016ལོའི་ཟླ་1ཚེས་12ཉིན་ཡར་སྐྱེད་བཟང་ཙམ་ལ། རྩམ་ཁུ་དང་འོ་མ་མི་སྐྱུག་ལ། འགྲོ་འདུག་ལ་དཀའ་ངལ་ཁག་པོ་མི་འདུག་ཟེར། 2016ལོའི་ཟླ་2ཚེས་28ཉིན། ཇེ་དྲག་ལ་སོང་ནས་སྨན་ལེན་སར་བྱུང་། དེ་སྐབས་གོ་གྲེ་བསྐམ་པོ་ཞིག་ཁྱེར་བྱུང་བས། གོང་གསལ་སྨན་དང་གོ་གྲེ་བཅུ་བདུན་ལ་གོ་གྲེ་ཁ་ཚར་བཏབ་ནས་སྤྲད།
        2016ལོའི་ཟླ་3ཚེས་19ཉིན་སྨན་འཐུང་རྗེས་མེ་ཡང་བཞག་པས་ལྕེ་འོག་རྩ་རྒྱས་ཡོད་ན་གཏར་ས་ཤོག་ཅེས་བསླབ་ཡོད་མོད། ནད་པ་ཉིད་ཅུང་ཟད་དྲག་པས་ཆོས་ཚོགས་སུ་འབུམ་ལྔ་བསགས་སར་སོང་ཟེར་ནས་མ་བྱུང་།
        2016ཟླ་3པའི་ཚེས་31ཉིན་སླེབས་སོང་ལ། རྩ་རྒྱུད་སྟོངས་ལ་ཅུང་ཟད་གྲིམས། ཆུ་མདོག་སྐྱ་སེར་ལྦུ་བ་རྒོད། དགོང་མོ་གློ་བ་ལུ་བས་ཅུང་ཟད་མི་བདེ་བ་ཡོད་ཟེར། དེ་ནས་སྨན་དུ། ཐང་ཆེན་ཉེར་ལྔ། སྒ་སྤང་། བཙོ་ཟླ། ལི་ཁྱུང་བཅས་ཉིན་བཅུ་ལ་སྤྲད།
        དེ་ནས་2016ལོའི་ཟླ་4པའི་ཚེས་6ཉིན་ཇེ་དྲག་ལ་སོང་ནས་སླེབས་བྱུང་། གློ་བ་མི་ལུ་ཞིང་། ཟས་མི་སྐྱུག་ལ། ཐུག་པ་སོགས་ཀྱང་འཐུང་ཐུབ་པ་བྱུང་ཟེར། ལུས་ཟུངས་དང་ཤ་ཡང་ཅུང་ཟད་རྒྱས་ཉམས་ཐོན་འདུག །དེའི་ཚེ་ལྕེ་འོག་གི་རྩ་རྒྱས་ཡོད་པས་དེ་གཏར་བ་ཡིན། ཡང་སྨན་གོང་ལྟར་བཏང་ལ། དེ་ལྟར་མྱོང་གོམས་ཀྱི་སྣེ་གྲངས་ཉེར་བསགས་ལས་གྲུབ་པ་འདི་ནད་པའི་སྡུག་བསྔལ་སེལ་ཐུབ་པའི་ལྷག་བསམ་རྣམ་པར་དག་པ་གཅིག་ཏུ་བཟུང་ན་ནི་ཅི་ནས་ཀྱང་ཀུན་གྱི་སྤྱན་སྔར་སྦ་གསང་མེད་པར་བསྟན་དགོས་པ་འདུག་སྙམ་ནས་ཕུལ་བ་ཡིན། དེ་ལྟ་ན་ང་ཚོས་ནད་ཚབས་ཆེ་ཆུང་ཀུན་ལ་ཡང་། གཉེན་པོ་ཐོད་གཏུག་གིས་འཐབ་རྩོད་འདྲ་བ་ཅི་དྲག་རེ་མི་བགྱི་བར། དེ་སྔོན་གྱི་ལམ་རྙིང་པ་དང་བཅོས་ཐབས་འདྲེས་གོམས་ཆེ་བ་ཁོ་ན་ནས་མི་ཚེ་བཏང་བ་ཡིན་ན། འཁུམས་ནས་བསྡད་ན་གུམ་ནས་ཤི་ཞེས་པ་ནང་བཞིན་ཡིན་པས། ཡོངས་གཏད་ཀྱི་ལེའུ་ལས་ཀྱང་། གསོ་བྱས་མ་བྱས་མཉམ་པོ་བྱ་མི་རིགས། །འཚོ་འཆི་ཀུན་ལ་སྨན་ཡོད་མ་ཡིན་ཏེ། །ཀུན་ཏུ་སྨན་མེད་ཅེས་སྨྲ་དེ་མ་ཡིན། མེ་སྟེང་ཆུ་བླུགས་མི་སོད་ག་ལ་སྲིད། །ཅེས་གསུངས་པ་གཉེན་པོ་སྨན་གྱིས་སྦྱོར་ཐབས་བསྟེན་ན་ད་གཟོད་ཕན་པར་འགྱུར་བ་འོང་སྲིད་ཀྱིས། ཚོད་ལེན་པ་ཙམ་ཡང་མེད་པར་ཕར་ཐག་ཚུར་ཐག་བཅད་ནས་འདོར་བ་འདི་མི་རིགས་ལ། གཉེན་པོ་སྨན་བསྟེན་ཐབས་ཀྱང་འགའ་ཞིག་གིས་ཡུན་རིང་པོར་ཕན་པ་མ་བྱུང་ཡང་གཉེན་པོ་ལ་འགྱུར་ལྡོག་མེད་པར་གཏོང་བ་འདི་དེ་ཙམ་བཟང་བ་ཡང་མ་ཡིན་ཏེ། གསོ་ཐབས་ཀྱི་ལེའུ་ལས་ཀྱང་། གཉེན་པོ་ཐོག་ཏུ་མི་དབབ་ནད་ལམ་གཟུད། རྟ་རྒོད་དཀྱུས་སུ་འཛུད་པ་ལྟ་བུས་བཅོས། 
        ཞེས་གསུངས་པས་ན་ལག་ཤེས་བརྐོ་བཟོ་སོགས་བྱེད་ན་ཡང་ལག་ཡོང་ཐབས་ཁ་བསྐོར་རྒྱུ་ཡོད་པ་ལྟར། ནད་ཀྱི་ངོ་བོ་བསྡོངས་ཟླ་ལ་སོགས་པ་གསལ་བོར་ཤེས་རྗེས་གཞི་ནས་དེ་ལ་གཉེན་པོ་ཁ་བསྐོར་ལུགས་འདི་ཅི་ནས་ཀྱང་གལ་ཆེ་བ་འདུག་སྙམ་པ་བྱུང་། གང་ལྟར་དྲག་ཞན་ཐམས་ཅད་ནས་བློ་དང་རིག་པ་བསྡུར་ཐབས་ཀྱིས་གང་འོས་བསྡུར་ཤེས་ན་མི་ཞིག་ཏུ་སྐྱེ་བ་བླངས་པའི་དོ་གལ་དེ་ཡིན་སྙམ་པ་བྱུང་སོང་། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1