༄༅།། པྲ་དུན་རྩེ་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་བཙན་པོའི་དུས་ཀྱི་རྡོ་རིང་གི་གསང་བ་བརྟོལ་བ།

བན་ཤུལ་དཔལ་མཁར་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-29


པྲ་དུན་རྩེ་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་བཙན་པོའི་དུས་ཀྱི་རྡོ་རིང་གི་གསང་བ་བརྟོལ་བ།
བན་ཤུལ་དཔལ་མཁར་རྒྱལ།༼ལྷ་ས༽

རྩོམ་སྒྲིག་པའི་གཏམ།
        ཉེ་ཆར། བོད་ལྗོངས་ཞིང་འབྲོག་ཚན་རྩལ་ཁང་གི་བོད་རིག་པའི་ཞིབ་འཇུག་པ་བན་ཤུལ་དཔལ་མཁར་རྒྱལ་གྱིས་སྟོད་མངའ་རིས་སྤུ་ཧྲེང་རྫོང་ཁྱུང་ལུང་དགོན་ནས་པྲ་དུན་རྩེ་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་བཙན་པོའི་དུས་ཀྱི་རྡོ་རིང་དེའི་ཞལ་བཤུས་ཀྱི་མ་ཕྱི་དངོས་ཀྱི་ཤོག་དྲིལ་ཞིག་མཐོང་ཞིང་། ཤོག་དྲིལ་ཆ་ཚང་ལ་ཡིག་ཕྲེང་༡༠༣ཡོད་ཅིང་། དེ་ནི་པྲ་དུན་རྩེ་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་བཙན་པོའི་དུས་ཀྱི་རྡོ་རིང་དེའི་ཞལ་བཤུས་ཀྱི་མ་ཕྱི་དངོས་ཡིན་པར་ངེས་ཤིང་། ད་ལྟའི་བར་བོད་རིག་པའི་དཔྱད་ཡིག་གི་ཁྲོད་དུ་བེད་སྤྱོད་བྱས་མེད་པའི་ཡིག་ཆ་གལ་ཆེན་ཞིག་ཏུ་མཐོང་ཞིང་། དེའི་ནང་དུ་སྤུ་རྒྱལ་གྱི་བཙན་པོ་སྟག་རི་གཉན་གཟིགས་ཀྱི་ཞང་བློན་ཟིང་པོ་རྗེ་སྟག་སྐྱ་བོའི་བློན་པོ་བཞིས་ཐོག་མར་ཞང་ཞུང་དབང་དུ་བསྡུས་ཚུལ་ནས་བཟུང་རིམ་བཞིན་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་ཁྲི་དབང་གཙུག་ཕུད་ལ་ཐུག་པའི་བར་དུ། དུས་ཡུན་རིམ་པར་ཞང་ཞུང་ཡོངས་སུ་རྫོགས་པ་དབང་དུ་བསྡུས་ཚུལ་གྱི་ལོ་རྒྱུས་དང་དེའི་བྱུང་བ་སོགས་གསལ་པོར་འཁོད་ཡོད་པར་ཞིབ་དཔྱད་ནན་ཏན་གནང་ཡོད་པས་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེ་བར་སྣང་ནས་འདིར་བཀོད་པ་ཡིན། །

གླེང་གཞི།
        སྤྱི་ལོའི་དུས་རབས་བདུན་པའི་ནང་དུ་རྒྱལ་པོ་སྲོང་བཙན་སྒམ་པོས་མཐའ་བཞིའི་རྒྱལ་ཕྲན་དུ་མར་དབང་བསྒྱུར་ནས་མངའ་རིས་སུ་བཅུག་པ་དང་། རྒྱལ་ཕྲན་དེ་དག་གི་སོ་མཚམས་གནད་ཆེ་ཁག་ལ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རེ་བཞེངས་ཤིང་། སྤུ་རྒྱལ་བཙན་པོའི་བཞུགས་གནས་ནི་འཛམ་གླིང་གི་ལྟེ་བར་ངོས་བཟུང་ནས་དེའི་ས་དབྱིབས་ཀྱང་གཞན་གྱིས་བཏུལ་དཀའ་བའི་སྲིན་མོ་གན་རྐྱལ་དུ་འགྱེལ་པ་ཞིག་ལ་དཔེ་བླངས་པ་དང་། སྲིན་མོ་དེའི་སྙིང་ཁའི་དཀྱིལ་དུ་སྤུ་རྒྱལ་གྱི་ལྟེ་བ་ཇུས་འགོད་བྱས་ཤིང་རྒྱལ་ཕྲན་གཞན་རྣམས་ནི་དེའི་མཐའ་བསྐོར་ན་མངའ་རིས་ཀྱི་ཚུལ་དུ་གནས་ཡོད་པའི་ས་བཀྲ་ཞིག་བྱུང་ཡོད་པ་དང་། དེའི་ཕྱིས་ཀྱི་དུས་རབས་བརྒྱད་པར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྔར་ཡོད་མཐའ་འདུལ་ཡང་འདུལ་གྱི་ཆེད་དུ་བཏབ་པའི་གཙུག་ལག་ཁང་དག་གི་མདུན་དུ་བཀའ་གཙིགས་ཀྱི་ངོ་བོར་ཡོད་པའི་ཆེ་རྟགས་ཀྱི་རྡོ་རིང་རེ་བཙུགས་ནས་མངའ་རིས་འཁྲུལ་མེད་ཡིན་པའི་མཚོན་རྟགས་གཙོ་བོར་ངོས་འཛིན་བྱེད་བཞིན་ཡོད།
        དེ་བཞིན་དུ་སྤུ་རྒྱལ་བཙན་པོའི་དུས་ཀྱི་དགེ་བརྗོད་སྒོ་མོ་རྣམ་བཞིའི་ལས་སྒོ་ཆེན་པོ་ཁག་གི་བྱུང་རིམ་ཁྲོད་དུ་སྲིན་མོ་གན་རྐྱལ་གྱི་དབྱིབས་སུ་ཡོད་པའི་ས་བཀྲ་དེའི་ནང་ལ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞི་བཅུ་ཞེ་གསུམ་ཙམ་བཞེངས་ཞེས་འཁོད་ཡོད་པ་དང་། འདིར་སྐབས་སུ་བབས་པ་ནི་སྲིན་མོའི་རྐང་ལག་བཞི་པོའི་བར་ཚིགས་རྣམས་ནོན་པའི་ཕྱིར་ཏུ་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་བཏབ་པའི་ཡ་གྱལ་ལས། གནའ་བོའི་ཞང་ཞུང་རྒྱལ་རབས་ཀྱི་ཆགས་འཇིག་དང་འབྲེལ་བའི་པྲ་དུན་རྩེ་གཙུག་ཁང་ཞེས་པའི་སྐོར་ལ་དཔྱད་གླེང་བྱེད་རྒྱུ་དེ་ཡིན།

གཅིག སྲིན་མོ་གན་རྐྱལ་གྱི་ས་བཀྲའི་ནང་གི་པྲ་དུན་རྩེ་གཙུག་ལག་ཁང་ངོས་འཛིན་སྐོར།
        དེ་ལ་སྲིན་མོ་གན་རྐྱལ་གྱི་པུས་མོ་གཡས་པ་ལ་པྲ་དུན་རྩེ་བྱ་བའི་གཙུག་ལག་ཁང་ཞིག་བཏབ་ཡོད། གཙུག་ལག་ཁང་དེ་ནི་སྲོལ་རྒྱུན་གྱི་བཤད་སྟངས་ལྟར་ན་འབྱུང་བ་རླུང་གི་ཁ་གནོན་དུ་བཞེངས་པ་ཞིག་ཡིན་ཞེས་གྲགས་ནའང་། དོན་ངོ་མར་གངས་ཏི་སེ་མཐོང་ན་བོད་ཀྱི་རི་ཐམས་ཅད་ལ་གནོད་པར་དོགས་ནས་ཏི་སེ་མི་མཐོང་པའི་ཕྱིར་ཏུ་བཞེངས་པ་ཡིན་ཞེས་འཁོད་པ་ནི་ཧ་ཅང་གནད་ཆེ་བའི་དཔྱད་གཞི་ཞིག་ཡིན། འོ་ན་ང་ཚོས་ངེས་པར་དུ་བསམ་གཞིགས་བྱ་དགོས་པ་ཞིག་ལ། དུས་རབས་བདུན་པའི་ནང་དེར་སྤུ་རྒྱལ་རྣམས་ཀྱིས་ཅིའི་ཕྱིར་གངས་ཏི་སེ་དང་མཚོ་མ་ཕམ་ས་དགྲ་རུ་བརྩིས་ནས་དེ་གཉིས་རྣམ་པར་འགོག་བྱེད་དུ་གཙུག་ལག་ཁང་བརྩིགས་དགོས་ཀྱི་ཡོད་པ་དང་། དེ་དང་ཆབས་ཅིག་སྲིན་མོ་གན་རྐྱལ་གྱི་ས་བཀྲའི་སྟེང་དུ་བཏབ་པའི་གཙུག་ལག་ཁང་དེ་དག་ནི་སངས་རྒྱས་ཆོས་ལུགས་ཁོ་ན་དར་བ་ཙམ་གྱི་ཆེད་དུ་བཏབ་པ་མ་ཡིན་པར། སྤུ་རྒྱལ་གྱི་མངའ་རིས་རྒྱ་ཁྱོན་ཡང་ནས་བསྐྱར་དུ་རྒྱ་བསྐྱེད་པའི་འཆར་ཇུས་གང་ཞིག་ལ་འབྲེལ་བ་མེད་དམ་སྙམ་པས་དཔྱད་དགོས་སོ།།

གཉིས། པྲ་དུན་རྩེ་གཙུག་ལག་ཁང་གི་གནས་ཡུལ་གཙང་གྲོ་ཤོད་ཀྱི་སྐོར།
        ང་ཚོས་ཡང་བསྐྱར་གོང་ནས་འཆད་ཟིན་གྱི་གནད་དོན་དེ་གཟབ་ནན་གྱིས་ཤེས་དགོས་ན། པྲ་དུན་རྩེ་གཙུག་ལག་ཁང་བཞེངས་ཡུལ་གྱི་ས་ཆ་དེ་ཡང་དག་པར་ངོས་འཛིན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། གཙུག་ལག་ཁང་དེ་ནི་ད་ལྟའི་ཆར་ནུབ་ཀྱི་གཞིས་རྩེའི་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་པའི་འབྲོང་པ་རྫོང་གི་ཁོངས་སུ་ཡོད་ལ། ཡུལ་གྲུ་དེ་ནི་སྔོན་གྱི་ཚེ་མངའ་རིས་ཀྱི་ཁོངས་སུ་གཏོགས་ཤིང་ས་མིང་རྙིང་པ་ཡང་གཙང་གི་གྲོ་ཤོད་ཅེས་འབོད་སྲོལ་ཡོད། གཙང་གི་གྲོ་ཤོད་ཅེས་པའི་མིང་དེ་ནི་སྤུ་རྒྱལ་རྣམས་ཀྱིས་བྱང་གི་ཞང་ཞུང་ལ་མངའ་བསྒྱུར་ནས་གསར་ཏུ་བཏགས་པའི་མིང་ཞིག་ཡིན་ལས་ཆེ་ཞིང་།
དོན་ངོ་མར་གནའ་བོའི་ཞང་ཞུང་ལ་ལྷོ་བྱང་ཁག་གཉིས་ཡོད་པའི་ཡ་གྱལ་ལས་བྱང་གི་ཞང་ཞུང་ཁོ་ན་ལ་ངོས་འཛིན་དགོས་པ་ཡིན། དེ་ལ་སྤུ་རྒྱལ་བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་བྱང་གི་ཞང་ཞུང་ལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཀྱི་གནས་ཚུལ་དུམ་བུ་ཞིག་ཏུན་ཧོང་ཡིག་རྙིང་དུ་གསལ་བ་འདི་ལྟ་སྟེ།

༡ ༄ འུང་གི་འོག་ཏུ་བཙན་པོ་ཁྲི་སྲོང་རྩན་གྱི་རིང་ལ། ཁྱུང་པོ་སྤུང་ཟད་ཟུ་ཙེ་ལྟ་ཞིག་རྒསྟེ་ཉི་མ་འདོར་གནང་ངོ་།། འུང་ནས་
༢ བཙན་པོའི་ཞ་སྔར། ཟུ་ཙེས་གསོལ་པའ། སྔུན་ཡབ་གནམ་རྀའི་རིང་ལ། བདག་གཱི་འབངས་སུ་བཀུག་པ་ལྟ་ཞིག སྤྱན་
༣ ཀྱིས་ཀྱང་མ་གཟིགས། ཞབས་ཀྱིས་ཀྱང་མ་བཅགས་ན། བཙན་པོ་སྲས་ཀྱིས། སྤྱན་གྱིས་གཟིགས་ཤིང་། ཞབས་ཀྱིས་
༤ བཅགསྟེ། བདག་རྒན་པོའི་སྡུམ་པ་ཁྲི་བོམསུ་དགྱེས་སྐྱེམས་སྟོན་མོ་གསོལ་བར་ཇི་གནང་ཞེས་གསོལ་ནས།
༥ བཙན་པོ་ཁྲི་སྲོང་རྩན་གྱིས་ཟུ་ཙེ་གསོལ་བ་བཞིན་དུ་གནང་ངོ་།། འུང་གི་རྗེས་ལ། མགར་ཡུལ་ཟུང་ཕོ་བྲང་ས་འཛིན་
༦ བར་བཀའ་སྩལ་ཏེ། ཟུ་ཙེ་གནང་དུ་མཁར་ཁྲི་བོམསུ་མཚལ་ནས། མགར་ཡུལ་ཟུང་གིས་བལྟས་ན། མཁར་
༧ འདིའི་བཀའ་གྲོས་ལ་གཏོགསྟེ་ཟུ་ཙེ་གློ་བ་ཉེ་འོ། འུང་གི་འོག་དུ། བཙན་པོ་སྲོང་བཙན་གྱི་རིང་ལ།
༨ མྱང་ཞང་སྣང་གློ་བོ་རྀངས་པ་ཟུ་ཙེས་དཀུ་འཔེལ་ཏེ། བཙན་པོའི་སྙན་དུ་གསོལ་ཏེ། ཞང་སྣང་བཀུམ་ནས་ཟུ་ཙེ་
༩ གློ་བ་ཉེའོ།། ཏོ་ཡོ་ཆས་ལའྀ་རྗོ་བོ་བོར་ཡོན་ཙེ་བརླགསྟེ། ཏོ་ཡོ་ཆས་ལ་ལསྩོགས་ཏེ་བྱང་གི་ཞང་ཞུང་ཐམས་
༡༠ ཅད། ཁྲི་སྲོང་རྩན་གྱི་ཕྱག་དུ་ཕུལ་ཏེ། ཟུ་ཙེ་གློ་བ་ཉེའོ། བཙན་པོའི་བློན་པོ་ནང་ན། སྤུང་སད་ཟུ་ཙེ་ལས་གློ་
༡༡ ཉེས་བ་སྔན་ཆད་ཀྱང་མ་བྱུང་ངོ་།། ཟུ་ཙེ་འཛངས་སོ་ཤེས་སོ།། སྒྱུ་ཆེ་ཞིང་མཁས་སོ།། དཔའ་ཤེས་པའོ།། ཆུ་གང་

༡༢ ཆེའོ།། ཡང་བ་རིང་ངོ་། མྱི་ཆིག་ལ་ཚོགས་དགུ་ཚོགས་ན། སྤུང་སུད་ཟུ་ཙེ་ལ་ཚོགས་སོ།།


        ཞེས་གསལ་ཡོད། དེ་ལ་སྤྱིར་བྱང་གི་ཞང་ཞུང་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་གྱི་སྐུ་དུས་ནས་བཟུང་མངའ་རིས་འཁྲུལ་མེད་དུ་བཅུག་ཡོད་ནའང་། སྲོང་བཙན་དུས་སུ་ཡང་བསྐྱར་འོས་ལངས་བྱས་ཡོད་སྟབས་དྲག་པོའི་འདུལ་བཅོམ་བྱས་ཡོད་པ་དང་། དེ་ནས་མི་རབས་ལྔ་ཙམ་སོང་བའི་མཐར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ། དེའི་ནང་བློན་ལྕེ་ཡི་དམག་གིས་ཞང་ཞུང་ཡོངས་སུ་རྫོགས་པ་མངའ་རིས་འཁྲུལ་མེད་དུ་བཅུག་ཡོད་ལ། བྱང་གི་ཞང་ཞུང་གི་ལྟེ་གནས་གཙོ་བོ་སྟེ་གཙང་གི་གྲོ་ཤོད་དུ་པི་བ་མཁར་ཞེས་པའི་ཕོ་བྲང་ཞིག་ཀྱང་བཞེངས་ཡོད།
        མདོར་ན་པྲ་དུན་རྩེ་གཙུག་ལག་ཁང་ནི་སྤུ་རྒྱལ་དང་ཞང་ཞུང་གི་སོ་མཚམས་གྲོ་ཤོད་དུ་བཏབ་པའི་བཀའ་རྟགས་ཀྱི་གཙུག་ལག་ཁང་ཞིག་ཡིན་པ་ཧ་ཅང་གསལ་པོར་ཤེས་ཐུབ་པ་མ་ཟད། དེའི་དམིགས་ཡུལ་ནི་ཞང་ཞུང་གི་ས་དགྲ་ཡོངས་སུ་གནོན་པ་དང་ཞང་ཞུང་ནི་སྤུ་རྒྱལ་གྱི་མངའ་རིས་འཁྲུལ་མེད་ཅིག་ཡིན་པའི་ཆེད་དུ་བཞེངས་པའང་རྗེས་སུ་དཔག་ནས་རྟོགས་ནུས་པ་ཞིག་རེད།

གསུམ། པྲ་དུན་རྩེ་གཙུག་ལག་ཁང་མདུན་དུ་བཙུགས་པའི་བཀའ་གཙིགས་རྡོ་རིང་གི་སྐོར།
        ཕལ་ཆེར་སྤྱི་ལོའི་དུས་རབས་བརྒྱད་པ་སྟེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ཙམ་ལ། སྔར་གྱི་ཡབ་མེས་སྲོང་བཙན་སྒམ་པོས་གྲོ་ཤོད་དུ་མཐའ་འདུལ་ལ་རྒྱས་བཏབ་པའི་པྲ་དུན་རྩེ་གཙུག་ལག་ཁང་ཉམས་གསོ་མཛད་ནས། ཡང་བསྐྱར་ཡང་འདུལ་རྟིང་གནོན་གྱི་སླད་དུ་ནུབ་ཕྱོགས་ཀླུ་མ་དྲོས་པའི་ཁ་གནོན་མཛད་པའི་བཀའ་རྟགས་སུ། གཙུག་ལག་ཁང་དེའི་མདུན་དུ་བཀའ་གཙིགས་ཀྱི་རྡོ་རིང་ཞིག་བཙུགས་ཡོད་ནའང་། དུས་ཡུན་མི་ལོ་ཧ་ཅང་མང་པོ་འགོར་བས་ད་ལྟའི་ཆར་ཆེ་རྟགས་ཀྱི་རྡོ་རིང་དེ་ཉིད་རྣམ་པར་འཇིག་མོད། དེ་ནི་ཕལ་ཆེར་སྟག་རི་གཉན་གཟིགས་ཀྱི་སྐུ་རིང་ལ་ཁོང་གི་ཞང་བློན་ཟིང་པོ་རྗེ་སྟག་སྐྱ་བོའི་བློན་པོ་བཞིས་ཞང་ཞུང་སྡེ་དང་བཅས་པ་དབང་དུ་བསྡུས་ནས་མངའ་རིས་སུ་བཅུག་པ་སོགས་ཀྱི་བྱུང་བ་ནར་མར་འཁོད་པའི་བཀའ་གཙིགས་ཀྱི་རྡོ་རིང་ཞིག་ཡིན་པར་ཚོད་དཔག་བྱས་ཆོག་པ་ཞིག་རེད།
        ཉེ་བའི་ཆར་ཧ་ཅང་སྟབས་ལེགས་པ་ཞིག་ལ། གུས་པས་དེའི་སྐོར་གྱི་ཤོག་དྲིལ་ཞིག་གི་ཕྱི་མོའི་པར་རིས་ཆ་ཚང་ཞིག་མཐོང་ཞིང་། དེ་ནི་པྲ་དུན་རྩེ་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་བཙན་པོའི་དུས་ཀྱི་རྡོ་རིང་དེའི་ཞལ་བཤུས་ཀྱི་མ་ཕྱི་དངོས་ཡིན་པར་ལུང་དང་རིགས་པའི་ངེས་ཤེས་བརྟན་པོ་རྙེད་ཅིང་། ཞལ་བཤུས་ཤོག་དྲིལ་རིང་པོ་དེ་ནི་བཙན་པོའི་དུས་སུ་བསེ་སྒྲོམ་དངུལ་སྤྲས་མའི་ནང་དུ་བཅུག་ཏེ། དེ་ལ་ཆོས་སྐྱོང་སྲུང་མ་བསྐོས་ནས་ཉར་ཚགས་བྱས་པའི་ཡིག་ཚང་ཞིག་ཡིན་པའང་ཤེས་རྟོགས་ཐུབ་བོ།།

མཇུག་གི་གཏམ།
        མདོར་ན་སྤྱི་ལོ་བརྒྱ་ཕྲག་བདུན་པའི་ནང་དུ་རྒྱལ་པོ་སྲོང་བཙན་སྒམ་པོས་སྤུ་རྒྱལ་གྱི་མངའ་རིས་རྒྱ་བསྐྱེད་པའི་འཆར་ཇུས་ཀྱི་ནང་དུ་གནའ་བོའི་ཞང་ཞུང་རྒྱལ་རབས་ཚུད་ཡོད་པ་དང་། དེ་ཡང་འཛམ་གླིང་གི་ལྟེ་བ་མཚོན་པའི་སྲིན་མོ་གན་རྐྱལ་གྱི་ས་བཀྲའི་ནང་དུ་ཞང་ཞུང་རྒྱལ་ཕྲན་ནི་མཐའ་མཚམས་སུ་བརྩིས་ཡོད་ལ། དེའི་གནད་ཆེ་བའི་རྩང་བོད་སོ་མཚམས་གྲོ་ཤོད་དུ་ཞང་ཞུང་གི་ས་དགྲ་གནོན་པའི་ཕྱིར་དང་། ཡུལ་དེ་ནི་སྤུ་རྒྱལ་གྱི་མངའ་རིས་འཁྲུལ་མེད་ཅིག་ཡིན་པའི་དཔང་རྟགས་སུ་བཀའ་རྟགས་ཀྱི་གཙུག་ལག་ཁང་པྲ་དུན་རྩེ་བཞེངས་ཡོད་པ་དང་།
དེའི་མདུན་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྔར་རང་གི་མེས་པོས་བཞག་པའི་བཀའ་ཡི་རྟིང་གནོན་ལ་བཀའ་གཙིགས་ཀྱི་རྡོ་རིང་ཞིག་བཙུགས་ནས་མནའ་གན་མཐུ་མོ་ཆེ་ཡི་ངོ་བོར་བླ་ནས་རྒྱས་བཏབ་ཏེ་བཞུགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1