༄༅།། ཨ་མདོའི་དམངས་ཁྲོད་ཀྱི་དོན་བརྗོད་ངག་རྩོམ་རིང་མོའི་བརྗོད་བྱ་དང་རྣམ་གྲངས་སྐོར་གྱི་དཔྱད་པ།

འབའ་སྟོད་པདྨ་དབང་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 03-29


འབའ་སྟོད་པདྨ་དབང་རྒྱལ།
          [ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་དུ་རྩོམ་པ་པོ་རང་ཉིད་ནས་ལོ་ངོ་དུ་མའི་རིང་ཡིག་ཐོག་ཏུ་བཀོད་ཟིན་པ་དང་དམངས་ཁྲོད་ངག་ཐོག་ན་ཡོད་པའི་རྩོམ་གྱི་རྒྱུ་ཆ་གང་ཡོད་ཕྱོགས་བསྡུས་ཀྱིས་དེ་དག་ལ་གཞི་བཅོལ་བ་དང་། བགྲང་བྱ་དུ་མའི་སློབ་ཁྲིད་དང་ཞིབ་འཇུག་སོགས་ཀྱི་ཉམས་མྱོང་ལ་བརྟེན་ཏེ་ཡུལ་དངོས་བརྟག་དཔྱད་དང་ཡིག་ཚང་ཞིབ་འཇུག དཔེ་གཞི་དབྱེ་ཞིབ་སོགས་ཀྱི་ཐབས་ཤེས་སྤྱད་ནས་མདོ་སྨད་རེབ་གོང་དང་གཅན་ཚ། མཚོ་སྔོན་པོ། ཀན་ལྷོ། མགོ་ལོག་སོགས་ཀྱི་ཡུལ་ཕྱོགས་སུ་དར་ཁྱབ་ཆེ་བའི་དམངས་ཁྲོད་ཀྱི་དོན་བརྗོད་ངག་རྩོམ་རིང་མོ་《ཏཱ་ནི་སྟོད་》དང་《མི་སྐྱིད་ཚ་བ་རོང་》《རྒན་གྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད་》 《ཡ་རིའི་ཨབ་བསོད་》《སྣང་རའི་སངས་རྒྱས་》《གནའ་རྒྱའི་ཚེ་ལོ་》སོགས་དཔྱད་གཞིར་བཟུང་སྟེ། དམངས་ཁྲོད་ཀྱི་དོན་བརྗོད་ངག་རྩོམ་རིང་མོའི་མཚན་ཉིད་དང་། བརྗོད་བྱའི་ནང་དོན། དམངས་རྩོམ་དེ་རིགས་ཀྱི་རྣམ་གྲངས་དབྱེ་སྟངས། དེ་དག་གི་འབྱུང་ཁུངས་ཁྱབ་ཡུལ། དེ་འབྲེལ་རིག་གནས་ཀྱི་ཕན་ཡོན་སྐོར་བཅས་ལ་དཔྱད་པ་རགས་ཙམ་བྱས་ཡོད།
          [བརྡ་ཆད་གཙོ་བོ།]ཨ་མདོ། དོན་བརྗོད་ངག་རྩོམ་རིང་མོ། རྣམ་གྲངས།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]129[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)02-037 -07
          དང་པོ། དོན་བརྗོད་ངག་རྩོམ་རིང་མོའི་མཚན་ཉིད།
          རང་རེའི་བོད་ཀྱི་དམངས་ཁྲོད་ངག་ཐོག་ན་རྩོམ་གྱི་རིགས་སྣ་ཁ་མང་པོ་ཡོད་ཅིང་། དེའི་ཁྲོད་དུ་ངག་རྩོམ་རིང་མོ་ཞེས་པའི་རྩོམ་ལུས་ཁྱད་པར་བ་ཞིག་ཡོད་པ་འདིའི་རིགས་ལ་ད་བར་དུ་དཔྱད་པ་བས་པ་ཧ་ཅང་ཉུང་ཉུང་ཡིན། བོད་ཀྱི་དམངས་ཁྲོད་ངག་རྩོམ་རིང་མོ་ཞེས་པ་དེ་ལ་ཡང་། དོན་གྱི་བྱུང་བ་བརྗོད་པའི་ངག་རྩོམ་རིང་མོ་དང་ཡིད་ཀྱི་འགྱུར་བ་བརྗོད་པའི་ངག་རྩོམ་རིང་མོ་ཞེས་རིགས་གཉིས་སུ་དགར་ཆོག    འདིར་སྐབས་སུ་བབ་པ་ནི་དེ་གཉིས་ལས་སྔ་མ་སྟེ་དོན་གྱི་བྱུང་བ་བརྗོད་པའི་ངག་རྩོམ་རིང་མོའི་རིགས་དེའོ།   
          དེ་ཡང་དོན་བརྗོད་ངག་རྩོམ་རིང་མོ་ཞེས་པ་ནི་བོད་རིགས་མི་དམངས་ཀྱིས་སྤྱི་ཚོགས་འཚོ་བ་དང་ཐོན་སྐྱེད་ངལ་རྩོལ་གྱི་ཉམས་མྱོང་ཁྲོད་ངག་ཐོག་ནས་གསར་རྩོམ་བྱས་ཤིང་འཇིག་རྟེན་སྐྱིད་སྡུག་གི་སྣང་བ་སྣ་ཚོགས་གླུ་རུ་བླངས་པའི་ངག་རྩོམ་རིང་མོའི་རིགས་ལ་ཟེར་ཞིང་། ངག་རྩོམ་རིང་མོ་འདིའི་རིགས་ལ་མཚོན་ན་ལོ་རྒྱུས་ཀྱི་དུས་སྐབས་དང་འཚོ་བའི་ཁོར་ཡུག་ངེས་ཅན་ཞིག་གི་ནང་དུ་མི་སྣ་དང་གཏམ་རྒྱུད་བྱུང་རིམ་ཅུང་ཆ་ཚང་བ་རེ་བརྗོད་པ་དང་རྩོམ་ལུས་ཀྱང་ཅུང་རིང་ཙམ་ཡིན་པའི་ཆ་ནས་དོན་བརྗོད་ངག་རྩོམ་རིང་མོ་ཞེས་བརྗོད།   འདི་རིགས་ལ་སྙན་ངག་གི་ཁྱད་ཆོས་ལྡན་ཞིང་། འདི་ནི་དབྱངས་རྟ་ངེས་ཅན་ཞིག་ལ་སྦྱར་ཏེ་ངག་ནས་གཏོང་ལེན་བྱེད་པའི་དམངས་ཁྲོད་ཀྱི་རྩོམ་ལུས་ཁྱད་པར་བ་ཞིག་ཡིན། བོད་ཀྱི་དམངས་ཁྲོད་ན་འདིའི་རིགས་ཀྱི་རྩོམ་མི་ཉུང་བ་ཞིག་ཡོད་ཀྱང་འདི་ལ་ད་དུང་ཐུན་མོང་གི་མིང་ཞིག་བྱུང་མེད་པས། འདིར་མི་རིགས་གཞན་པ་དང་འབྲེལ་ཡོད་ཀྱི་གཞུང་ལུགས་གཞན་པའི་ཉམས་མྱོང་དང་ཤེས་བྱ་གཞིར་བཟུང་སྟེ་འདིའི་མིང་གི་གདགས་ལུགས་དང་རྣམ་གྲངས་དབྱེ་སྟངས་སོགས་ཀྱི་སྐོར་ལ་དཔྱད་ཁུལ་བྱས་ཤིང་། རྩོམ་དེ་དག་གི་ཁྱད་ཆོས་གཞིར་བཟུང་སྟེ་བོད་ཀྱི་དམངས་ཁྲོད་ཀྱི་དོན་བརྗོད་ངག་རྩོམ་རིང་མོ་ཞེས་པའི་མིང་འདི་གཏན་ལ་ཕབ་པ་ལགས། གལ་ཏེ་དེ་ལྟ་མིན་ན་དམངས་ཁྲོད་དུ་རོགས་འཐེན་ཞེས་པའི་མིང་འདི་མ་གཏོགས་རྩོམ་གྱི་རིགས་གཞན་པ་ཐམས་ཅད་ལ་མིང་ལོགས་སུ་བརྗོད་དུ་མེད་པས། ལ་ལས་འདིའི་རིགས་ལའང་བོད་ཀྱི་ལ་གཞས་སུ་འབོད་པ་ཡང་དུས་དེབ་ལ་ལར་མཐོང་དུ་ཡོད་པས། དེ་ནི་རིག་གནས་འདིའི་སློབ་སྦྱོང་དང་རྒྱུན་འཛིན། ཞིབ་འཇུག་གང་གི་ཕྱོགས་སུའང་གེགས་སུ་འགྱུར་བས་ལོ་འདི་དག་གི་རིང་ལ་《མདོ་སྨད་ཡུལ་གྱི་ངག་རྩོམ་པདྨའི་ཆུན་པོ་》(མཚོ་སྔོན་མི་རིགས་དཔར་འདེབས་ཁང། ༡༩༨༧ལོའི་དཔར་གཞི ནང་ཁུལ་དཔྱད་ཡིག་)《བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ་》(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང། ༡༩༨༨ལོའི་ཟླ་༡༠པའི་དཔར་གཞི་) 《ཨ་མདོའི་རོགས་འཐེན་འདེམས་བསྒྲིགས་》(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང། ༡༩༨༨ལོའི་ཟླ་༤པའི་དཔར་གཞི་)《ན་ཆུང་རྩེན་པའི་མཐུན་གླུ་》(ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང།  ༢༠༡༠ལོའི་ཟླ་བཞི་པའི་དཔར་གཞི་)《རོགས་འཐེན་》(ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༢༠༠༦ལོའི་ཟླ་༡པོའི་དཔར་གཞི་)《ངག་རྩོམ་》(ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་༡པོའི་དཔར་གཞི་)སོགས་གཞིར་བཟུང་སྟེ་མཚོ་སྔོན་དང་ཀན་སུའུ་ཡིས་གཙོས་མདོ་སྨད་ཀྱི་ཡུལ་གྲུ་དུ་མར་ཁྱབ་པའི་དོན་བརྗོད་ངག་རྩོམ་རིང་མོ་བདུན་ཅུ་ལྷག་ཙམ་ཕྱོགས་བསྒྲིགས་བྱས་ཤིང་དཀར་ཆག་དང་རྣམ་གྲངས་དབྱེ་ཐབས་སོགས་ཀྱི་ཕྱོགས་སུ་ཞིབ་འཇུག་དང་ཚད་ལྡན་ཅན་དུ་འགྲོ་བར་འབད་པ་བྱས་ཡོད།  
          གཉིས་པ། དོན་བརྗོད་ངག་རྩོམ་རིང་མོའི་བརྗོད་བྱ།   
          མཚོ་སྔོན་དང་ཀན་སུའུ་ཡིས་གཙོ་བྱས་པའི་ཨ་མདོའི་དམངས་ཁྲོད་ན་ངག་རྩོམ་འདིའི་རིགས་མི་ཉུང་བ་ཞིག་གང་སར་མཐོང་རྒྱུ་ཡོད་ལ། དག་སྒྲིག་དང་དཔར་སྐྲུན་བྱས་པའི་དམངས་རྩོམ་འདེམས་བསྒྲིགས་ཀྱི་དཔེ་དེབ་མི་ཉུང་བ་ཞིག་གི་ནང་དུའང་འདིའི་རིགས་ཀྱི་སྐོར་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད། ཡུལ་དེ་དག་གི་དམངས་ཁྲོད་ན་ད་དུང་འཚོལ་སྡུད་བྱེད་མ་ཐུབ་པའི་ངག་རྩོམ་རིང་མོ་འདིའི་རིགས་ལུས་ཡོད་པ་རྒན་པོའི་ངག་ལས་ཐོས་མྱོང་བས། དེ་རིགས་འཚོལ་སྡུད་ཀྱི་ལས་ལ་འབད་དགོས་སྙམ། དཔེར་ན། 《མོག་རུ་འགོ་པའི་བསྟོད་པ་》(འདི་ཀན་ལྷོ་ཟམ་ཚའི་ཡུལ་དུ་དར་བར་བཤད་)《ཙ་ཡེའི་རྣམ་ཐར་དམར་པོ་》(འདི་ནི་ཨ་པ་ཨ་ལོའི་བསྟོད་པ་དང་འབྲེལ་བའི་སྐོར་ཡིན་པར་གྲགས་)སོགས་ད་དུང་ལག་སོན་བྱུང་མེད།①   
          དེ་ཡང་དམངས་ཁྲོད་དོན་བརྗོད་ངག་རྩོམ་རིང་མོའི་ནང་དོན་མདོར་བསྟན་ན། ད་ལྟ་འཚོལ་སྡུད་བྱས་ཟིན་པའི་ངག་རྩོམ་རིང་མོའི་རིགས་ལས་ལ་ལས་ཕོ་མོའི་འཇིག་རྟེན་གྱི་སྣང་བ་བརྗོད་པ་སྲོག་ཏུ་བྱས་པ་སྟེ། དཔེར་ན། རོགས་འཐེན་《ཏཱ་ནི་སྟོད་》②ལྟ་བུར་མཚོན་ན། དེའི་ནང་མི་སྣ་གཙོ་བོ་ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ་གཉིས་ཀྱི་འཇིག་རྟེན་སྣང་བར་གེགས་དང་བར་ཆད་བྱུང་བའི་གཏམ་རྒྱུད་བརྗོད་ཡོད་དེ། མི་སྣ་དེ་གཉིས་སྔར་ནས་གཉེན་བསྒྲིགས་ཤིང་སྣང་བ་རང་འཐད་ཀྱི་དབང་གིས་བརྩེ་བའི་མདུད་པ་དམ་དུ་བཅིངས་ཡོད་རུང་གཞན་དབང་གིས་ཁྱིམ་གཅིག་ཏུ་འཛོམས་རྒྱུའི་ལས་མ་བྱུང་བའི་ཁར་དགྲ་ནག་པོའི་སྦྱོར་བ་ངན་པས་བུ་མོ་ཟླ་བཟང་སྒྲོལ་མའི་གཅེས་སྲོག་ཤོར་བའི་ནང་དོན་བརྗོད་པ་ཞིག་རེད། རོགས་འཐེན་གྱི་རིགས་ལ་ཕལ་ཆེར་རྩོམ་སུམ་ཅུ་ལྷག་ཙམ་ཡོད་ཅིང་།    དེ་དག་ལས་སྐོར་ཞིག་ནི་ངག་རྩོམ་རྐྱང་པ་དང་སྐོར་ཞིག་ནི་གསར་དུ་བརྩམས་པའི་ངག་རྩོམ་དུ་གཏོགས་པ་བཅས་རིགས་གཉིས་ཡོད།    རྩོམ་དེ་དག་གི་ནང་དུ་མི་སྣ་དེ་ཙམ་མང་པོ་མེད་ཀྱང་།   མི་སྣ་སོ་སོའི་ལས་དབང་མི་འདྲ་བར་བརྟེན་གཏམ་རྒྱུད་ཀྱི་བྱུང་རིམ་མི་འདྲ་ལ་མཐའ་མཇུག་གི་འབྲས་བུའང་མི་འདྲ།   རྒྱུ་མཚན་གཙོ་བོ་ནི་ཕོ་མོའི་བརྩེ་དུང་ལ་ལ་ཞིག་ཕ་མའི་དབང་དུ་ཤོར་བ་དང་། ལ་ལ་ཞིག་རྒྱུ་ཆེན་དང་དབང་ཆེན་གྱི་ཤུགས་ཀྱིས་འཁྱེར་བ་དང་། ལ་ལ་ཞིག་འཁྲུག་རྩོད་དང་ནད་ཡམས་སོགས་ཀྱི་དབང་གིས་རང་དབང་དུ་མ་བྱུང་བ་སོགས་ཀྱིས་ཡིན། གང་ལྟར་ཀྱང་འདི་རིགས་ལ་བསམས་ན། སྐབས་དེ་དག་གི་རིང་བོད་མིའི་འཇིག་རྟེན་སྣང་བའི་སྐོར་གྱི་དོན་དག་མི་ཉུང་བ་ཞིག་དང་དེ་འབྲེལ་གྱི་ངག་རྩོམ་རིགས་ཀྱང་དར་ཁྱབ་ཆེན་པོ་བྱུང་ཡོད་པ་རྟོགས་ཐུབ།   
          དོན་བརྗོད་ངག་རྩོམ་རིང་མོ་ལ་ལས་དབང་ཤུགས་བཙན་གནོན་ལས་བྱུང་བའི་འཇིག་རྟེན་གྱི་འགལ་འདུ་འཁྲུག་རྩོད་སྣ་ཚོགས་བརྗོད་གཞིར་བཞག་པ་སྟེ། དཔེར་ན། 《སྣང་རའི་སངས་རྒྱས་》ལྟ་བུའི་དོན་བརྗོད་ངག་རྩོམ་རིང་མོར་མཚོན་ན། དེ་ནི་མཚོ་སྔོན་གཅན་ཚ་སྣང་རའི་ཡུལ་གྱི་དཔོན་པོ་སངས་རྒྱས་ཀྱི་ལོ་རྒྱུས་ལ་སྦྱར་བ་ཞིག་ཡིན་ཞེས་《བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ་》③ཡི་ནང་འཁོད་པ་ལྟར་ཡིན།  དེ་ཡང་ལོ་རྒྱུས་ཡིག་ཚང་ལྟར་ན། དུས་རབས་ཉི་ཤུ་པའི་སྟོད་ཀྱི་ཆར་མཱ་པུའུ་ཧྥང་(༡༩༠༢ - ༡༩༧༥) གིས་མཚོ་སྔོན་ས་ཆར་དབང་བསྒྱུར་ཞིང་ལོ་ངོ་དུ་མའི་རིང་དམག་ཤུགས་ལ་བརྟེན་ནས་བོད་ཀྱི་ཡུལ་གྲུ་མང་པོ་ཞིག་ལ་དབང་བསྒྱུར་བཙན་གནོན་གྱིས་བོད་མིས་གཙོ་བྱས་པའི་མི་རིགས་མང་པོ་ཞིག་ལ་སྡུག་བསྔལ་ཚད་མེད་སྟེར་སྐབས་སྣང་རའི་ཡུལ་གྱི་དཔོན་པོ་སངས་རྒྱས་བྱ་བས་རང་གི་ཡུལ་ཁམས་དང་མི་སྡེ་ཐམས་ཅད་སྲུང་སྐྱོབ་བྱེད་ཆེད་མཱ་ཇག་ཚོགས་ལ་རྒོལ་ལན་སྤྲད་པ་དང་དེའི་བུ་ལྕགས་བྱམས་རྒྱལ་གྱིས་གཙོ་བྱས་པའི་བུ་གསུམ་པོའི་ཚེ་སྲོག་ཀྱང་དམག་འཐབ་དུ་ཤོར་བའི་སྐོར་གྱི་ལོ་རྒྱུས་བརྗོད་གཞིར་བྱས་པར་སྙམ།④ གཏམ་རྒྱུད་འདིའི་བྱུང་རིམ་དང་སྒྲིག་གཞི་ཆ་ཚང་ཞིང་ངོ་མཚར་ཆེ་བ། མི་སྣའི་སྣང་བརྙན་གསོན་ཉམས་ལྡན་ཞིང་ཚིག་གི་སྒྱུ་རྩལ་ཕུན་སུམ་ཚོགས་པོ་འདུག   འཇིག་རྟེན་འཁྲུག་རྩོད་ཀྱི་རིགས་འདི་ལ་ཡང་དམངས་ཁྲོད་ངག་ཐོག་གི་རྩོམ་དང་གསར་དུ་བརྩམས་པའི་རྩོམ་བཅས་རིགས་བཅུ་ལྷག་ཅིག་ཡོད། དེ་དག་ལས་བོད་མིའི་དེ་སྔའི་སྤྱི་ཚོགས་ལོ་རྒྱུས་ཀྱི་གནས་ཚུལ་མང་པོ་ཞིག་ངོས་ཟིན་ཐུབ་པ་དང་རྒྱུས་ལོན་བྱེད་ཐུབ་པས། དེའི་རིགས་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་པར་སྙམ།   
འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་བརྗོད་བྱར་བཟུང་བ་ནི་བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱིའི་ཁྱད་ཆོས་སུ་མངོན་ཞིང་།   དེ་ཡང་མི་ཚེའི་སྐྱིད་སྡུག་གི་ཉམས་མྱོང་བརྗོད་བྱར་བྱས་ཏེ།  འཇིག་རྟེན་ཕྱི་རབས་པ་རྣམས་ལ་དགེ་སྡིག་བླང་དོར་དང་ནག་ཉེས་སྤང་བླང་། ལས་འབྲས་སྲུང་བ། རྒན་བཀུར་གཞོན་གཅེས། ནང་ཕན་ཚུན་མཐུན་སྒྲིལ། ལས་ལ་བརྩོན་པ། ཆོས་དད་བློ་དཀར་སོགས་ཀྱི་ནང་དོན་ཚིགས་བཅད་ཀྱི་ལམ་ལ་དྲངས་ནས་ཉམས་མྱོང་རྒན་པོས་བསླབ་བྱ་སློབ་གསོ་གཏོང་བའི་རྣམ་པའི་ཐོག་ནས་བསྟན་ཡོད་པ་དཔེར་ན། 《གནའ་རྒྱའི་ཚེ་ལོ་》⑤ལྟ་བུ་ནི་དེའི་སྐོར་གྱི་ཚད་ལྡན་མ་དཔེ་ཞིག་ཡིན་ཏེ།  དེ་ཡང་དུས་རབས་ཉི་ཤུ་པའི་དུས་འགོར།   མདོ་སྨད་རེབ་ཀོང་མདོ་བ་འབྲོག་གི་ལྡོང་ངེ་ཚོ་པའི་ཕ་འོག་གནའ་རྒྱ་རུ་སྐྱེས་པའི་ཚེ་ལོ་ཞེས་པ་དེ་ནི། ཚེ་སྟོད་དུ་རྒྱུ་ནོར་ལོངས་སྤྱོད་རྒྱས་པ་ཞིག་ཡིན་ཀྱང། ཚེ་སྨད་ལ་བུ་དོན་གྲུབ་ཅེས་པ་དེས་རྒྱུ་ནོར་རྣམས་བརླགས་པས་དབུལ་པོར་གྱུར་པ་དང་། རྒས་པའི་མནར་སྡུག་གང་མང་ཞིག་མྱངས་སྟབས་མི་ཚེའི་སྐྱིད་སྡུག་གི་ཉམས་མྱོང་གཞིར་བཟུང་སྟེ། རང་གི་ཁྱིམ་མིས་གཙོ་བྱས་པའི་འཇིག་རྟེན་ཕྱི་རབས་པ་ཚོར་ཁ་ཏ་བསླབ་བྱའི་ཚུལ་གྱིས་ངག་རྩོམ་རིང་མོ་འདི་བཤད་པ་ཞིག་ཡིན། མི་སེམས་འགུལ་བའི་ངག་རྩོམ་གྱིས་བོད་མི་རྒན་དར་གཞོན་གསུམ་ཀུན་ལ་འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་བཟང་པོ་ཐོབ་ཐུབ་པས་ན་སྤྱི་ཚོགས་ཡར་སྐུལ་གྱི་ཕྱོགས་ལ་ནུས་པ་ཆེན་པོ་ཐོན་ཡོད་པ་ནི་སྨྲོས་མི་དགོས་སོ།   
          ཡང་། མི་ཚེ་ལ་རང་དབང་བྲལ་བའི་མི་ཚེའི་ཐོབ་ཤོར་གྱི་སྐྱོ་བ་བརྗོད་པའི་རིགས་ཏེ། དཔེར་ན། 《བུ་མོ་ལྷ་རིས་》ལྟ་བུར་མཚོན་ན། དེའི་ནང་བུ་མོ་དེས་རང་གིས་མི་འདོད་པའི་ཡུལ་ཞིག་ཏུ་གནས་ལ་སོང་རྗེས་གནས་ཡུལ་གྱི་སྙིད་མོ་དང་ཨ་ནེ་ལ་སོགས་ཀྱིས་གཡོ་ཐབས་སྣ་ཚོགས་ཀྱི་སྒོ་ནས་མནར་གཅོད་བཏང་བའི་གནས་ཚུལ་བརྗོད་ཡོད་པ་ལྟ་བུ་ཡིན། དེ་བཞིན་《བུ་མོའི་གནས་སྡུག་》ལྟ་བུར་མཚོན་ན། དེ་ནི་རྨ་ལྷོ་སོག་ཡུལ་གྱི་འབྲོག་པའི་བུ་མོ་ཞིག་རང་གིས་མི་འདོད་པའི་ཡུལ་གཞན་ཞིག་ཏུ་བག་མར་བཙན་གྱིས་སྟེར་བས། བུ་མོ་དེས་གནས་ཡུལ་དེ་ནས་རང་གི་ཕ་ས་ཕ་ཡུལ་དང་ཕ་མ་ཉེ་དུ། ཁ་ཡ་ན་ཟླ་སོགས་དྲན་པའི་ཡིད་ཀྱི་སྐྱོ་བ་ལྷུག་ལྷུག་ཏུ་བརྗོད་པའི་ངག་རྩོམ་ཞིག་ཡིན། རྩོམ་འདིའི་རིགས་ཀྱང་བཅུ་ལྷག་ཅིག་ཡོད། དེ་དག་ཕལ་ཆེ་བས་སྐབས་དེའི་བུ་མོ་གཞོན་ནུ་མ་རྣམས་ལ་རང་གི་འཇིག་རྟེན་སྣང་བ་ཕར་ཞོག ཐ་ན་རང་གི་མི་ལུས་ལ་ཡང་རང་དབང་ཆེར་མེད་པ་དང་། ཐམས་ཅད་གཞན་དབང་དུ་ཤོར་ཚུལ་བརྗོད་ཡོད། ཡ་ང་བའི་སྤྱི་ཚོགས་དེ་ནི་མི་ཚེ་ལ་རང་དབང་བྲལ་བའི་འཇིག་རྟེན་ཐོབ་ཤོར་གྱི་སྐྱོ་བ་བརྗོད་པའི་ངག་རྩོམ་འདི་རིགས་འབྱུང་བའི་དངོས་ཡོད་ཀྱི་རྨང་གཞི་ཡིན་ནོ།   
          ཡང་། འཇིག་རྟེན་ཕྱོགས་རེས་དང་ཇག་ལས་སོགས་ཀྱི་དབང་གིས་འཁྲུག་རྩོད་སྣ་ཚོགས་བྱུང་བ་ལས་མི་ཤི་རྟ་འགྱེལ་དང་། དཔའ་བོ་སྡར་མ་སོགས་ཀྱི་ལོ་རྒྱུས་གླུ་རུ་བླངས་པའི་འཇིག་རྟེན་འཁྲུག་རྩོད་ཀྱི་རིགས་ཏེ། དཔེར་ན། ཇག་ལས་ཀྱི་དབང་གིས་འཁྲུག་རྩོད་ཀྱི་སྦྱོར་བས་མི་ཤི་རྟ་འགྱེལ་གྱི་སྡུག་བསྔལ་ཚད་མེད་མྱོང་བའི་ནང་དོན་མཚོན་པའི་《ཨོ་འཁྱིལ་ཚེ་ལོ་》ཞེས་པའི་ངག་རྩོམ་ལ་མཚོན་ན། དེའི་ནང་ཨོ་འཁྱིལ་ཚེ་ལོ་བྱ་བའི་མི་ཞིག་ས་སོག་པོའི་⑥ཡུལ་དུ་ཚོང་ལ་སོང་ཞིང་། ཕྱིར་རང་ཡུལ་དུ་ལོག་པའི་ལམ་ཁར་ཇག་ཚོགས་དང་འཐབ་པ་དང་།  མཐར་རང་སྲོག་ཤོར་བའི་སྐོར་འཁོད་འདུག   གཞན་ཡང་བོད་ཀྱི་དམངས་གླུ་⑦དང་། རོགས་འཐེན་སོགས་དོན་བརྗོད་ངག་རྩོམ་རིང་མོ་གཞན་པའི་ནང་དུ་ཡང་ཇག་དང་འབྲེལ་བའི་ནང་དོན་མང་པོ་ཞིག་མཐོང་རྒྱུ་ཡོད་ཅིང་། གནས་ཚུལ་དེ་རིགས་ལ་བལྟས་ན། དེ་དག་ནང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ་ངོ་མ་ཞིག་བསྟན་འདུག་པའང་རྟོགས་སླའོ། མདོར་ན། བོད་ཀྱི་དམངས་ཁྲོད་རྩོམ་རིག་ལས་དོན་བརྗོད་ངག་རྩོམ་རིང་མོ་ཞེས་པ་འདིས་བོད་མིའི་འཚོ་བའི་ཉམས་མྱོང་དང་། མི་ཚེའི་སྐྱིད་སྡུག་གི་སྣང་བ་སོགས་གླུ་རུ་བླངས་ཤིང་། དེ་ལས་བོད་མིའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། རིན་ཐང་གི་ལྟ་ཚུལ་སོགས་ལེགས་པར་མཚོན་འདུག་པས། རྩོམ་འདིའི་རིགས་ནི་བོད་མིའི་གཤིས་རྒྱུད་དང་སེམས་ཁམས། གོམས་སྲོལ། འཚོ་བ། ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་སྣང།   
          གསུམ་པ། དོན་བརྗོད་ངག་རྩོམ་རིང་མོའི་རྣམ་གྲངས།
          མིག་སྔར་ང་ཚོས་འཚོལ་སྡུད་བྱས་ཟིན་པའི་ངག་རྩོམ་རིང་མོ་ཁག་བདུན་ཅུ་ལྷག་ཙམ་ཡོད་པ་དེ་དག་དཔྱད་གཞིར་བཟུངསྟེ་དབྱེ་ན།   
          གཅིག ལང་ཚོ་དར་ལ་བབ་པའི་བོད་ཀྱི་ན་གཞོན་ཕོ་མོ་རྣམས་ཀྱིས་རང་དབང་གི་འཇིག་རྟེན་སྣང་བ་བརྩོན་ལེན་བྱེད་པའི་རོགས་འཐེན་གྱི་རིགས་ཏེ། ཨ་མདོའི་དམངས་ཁྲོད་ན་རྩོམ་འདིའི་རིགས་ཧ་ཅང་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད། མི་རྣམས་ཀྱིས་འདིའི་རིགས་ལེན་པ་དང་མཉན་རྒྱུར་ཤིན་ཏུ་དགའ་པོ་ཡོད། དཔེར་ན། 《ཏཱ་ནི་སྟོད་》དང་《དོན་གྲུབ་རྒྱལ་ལོ་དང་ཡེ་ཤེས་སྒྲོལ་མ་》《རྒན་གྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད་》《འབའ་ན་ཆུང་རྩེན་པའི་རང་མདངས་》《ན་གཞོན་ཟུང་གི་འདོད་གླུ་》《གཞོན་དཔལ་དང་པད་མཚོ》《དམར་ཆུང་སེམས་ཀྱི་གདུང་དབྱངས་》《དུང་སེམས་ཀྱི་མདུད་པ་》《ཡོན་ཏན་རྒྱ་མཚོ་དང་ཚེ་རིང་མཚོ་མོ་》《ན་ལུང་གཡུ་མཚོ》སོགས་དམངས་ཁྲོད་ངག་ཐོག་ནས་གསར་རྩོམ་བྱས་པ་དང་རྩོམ་པ་པོས་གསར་རྩོམ་བྱས་པའི་རོགས་འཐེན་རྩོམ་ལུས་འདིའི་རིགས་ཕལ་ཆེར་སུམ་ཅུ་ལྷག་ཙམ་ཡོད་པ་ལྟ་བུའོ།   
          གཉིས། མི་ལ་དབུལ་ཕྱུག་བཙན་གཉོམ་ཤོར་བའི་རྐྱེན་ལས་སྤྱི་ཚོགས་འཕེལ་རིམ་ཁྲོད་འགལ་བ་སྣ་ཚོགས་བྱུང་བ་དག་བརྗོད་གཞིར་བཟུང་བའི་འཇིག་རྟེན་འཁྲུག་རྩོད་མཚོན་པའི་ངག་རྩོམ་རིང་མོའི་རིགས་ཏེ། རྩོམ་འདིའི་རིགས་ཀྱི་འབྱུང་ཁུངས་ཀྱང་བོད་ཀྱི་སྤྱི་ཚོགས་དངོས་ཡིན་པས་ན། གཏམ་རྒྱུད་དེ་དག་གི་གཏིང་རུམ་ན་བདེན་རྫུན་དབྱེ་བ་འབྱེད་དཀའ་བའི་རྒྱུ་འབྲས་གོ་ལྡོག་གི་དངོས་དོན་ཞིག་གནས་ཡོད་པས། ངག་རྩོམ་འདིའི་རིགས་ཡུན་རིང་གནས་ཐུབ་པའི་རྒྱུ་རྐྱེན་ཡང་དེ་ཡིན་སྙམ་མོ།   དཔེར་ན། 《སྣང་རའི་སངས་རྒྱས་》དང་《ཀླུ་ཚང་སྟག་དམར་རྒོད་པོ་》《བུ་མོ་ཀུན་བཟང་སྒྲོལ་མའི་སྐྱོ་གླུ་》《བེ་ཧུའེ་དཔོན་པོ་》《ཀོའུ་སྒྲུང་》《ཨ་ཚོགས་སྡེ་བརྒྱའི་དཔོན་ཕྲུག་》སོགས་མང་པོ་མཐོང་རྒྱུ་ཡོད་པ་འདི་རིགས་ནི་བོད་ཀྱི་ལོ་རྒྱུས་དངོས་དང་འབྲེལ་བ་ཆེ་ཞིང་། སྒོས་སུ་དུས་རབས་ཉི་ཤུ་པའི་ནང་མཚོ་སྔོན་ཟི་ལིང་དུ་སྡོད་པའི་མཱ་པུའུ་ཧྥང་དམག་ཤེད་ཀྱིས་ཡུལ་དེའི་མི་རྣམས་ལ་སྡུག་བསྔལ་ཆེན་པོ་བཟོས་པའི་བྱ་ངན་སྤྱོད་ངན་དེར་རྒོལ་ལན་སྤྲད་པའི་གནས་ཚུལ་དངོས་དང་ཡང་འབྲེལ་ཆེ་བ་ལྟ་བུའོ།  
          གསུམ། མི་ཆོས་ཀྱི་བསླབ་བྱ་ནི་འཇིག་རྟེན་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་པས་དེ་ཉིད་སྤྱིར་དམངས་ཁྲོད་ཀྱི་གླུ་དང་ལ་གཞས། གཏམ་དཔེ། དམངས་སྒྲུང་སོགས་ཀྱི་བརྗོད་བྱ་གཙོ་བོ་ཞིག་ཏུ་གྱུར་ཡོད། ངག་རྩོམ་རིང་མོའི་ཁྲོད་ནའང་འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་སྟོན་པའི་རྩོམ་གྱི་རིགས་མི་ཉུང་བ་ཞིག་ཡོད་དེ། དཔེར་ན། 《གནའ་རྒྱའི་ཚེ་ལོ་》དང་《ཡ་རིའི་ཨབ་བསོད་ཀྱི་སྙིང་གཏམ་》《རྒད་པོ་བུ་ལོའི་འབེལ་གཏམ་》《མག་པའི་དག་ས་》《དམེ་ཤུལ་གཅོད་རུས་ཞུ་ཚིག་》《དམེ་ཤུལ་ས་བསྟོད་》⑧《སོ་ནག་ས་བསྟོད་》⑨སོགས་མཚོན་ཐབས་སྣ་ཚོགས་ཀྱི་སྒོ་ནས་བརྗོད་པའི་དམངས་རྩོམ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་ལྟ་བུ་ཡིན། དེ་དག་གིས་འཇིག་རྟེན་འདུམ་འགྲིག་དང་སྤྱི་ཚོགས་འཆམ་མཐུན་སོགས་ཀྱི་ཐད་ལ་ཕན་ནུས་ཆེན་པོ་ཐོན་ཐུབ་པ་བྱུང་ཡོད།  
          བཞི འཇིག་རྟེན་ཕྱོགས་རེས་དང་ཇག་ལས་སོགས་ཀྱི་དབང་གིས་འཁྲུག་རྩོད་སྣ་ཚོགས་བྱུང་བ་ལས་མི་ཤི་རྟ་འགྱེལ་དང་དཔའ་བོ་སྡར་མ་སོགས་ཀྱི་ལོ་རྒྱུས་གླུ་རུ་བླངས་པའི་འཇིག་རྟེན་ཇག་གླུའི་རིགས་ཏེ། དཔེར་ན། 《ཨོ་འཁྱིལ་ཚེ་ལོ་》དང་《ཁ་གྱའི་སྐྱབས་ལོ་》《ཁྲོ་རྒྱལ་འབུམ་》ལྟ་བུ་སྟེ། ཇག་ལས་དང་འབྲེལ་བའི་འཇིག་རྟེན་འཁྲུག་རྩོད་སྣ་ཚོགས་བྱུང་བ་ལས་མི་ཤི་རྟ་འགྱེལ་གྱི་གོད་ཆག་བསྟུད་མར་བྱུང་བར་བརྟེན། མི་རྣམས་ཀྱིས་ཀྱང་མི་ལུས་རིན་ཆེན་ཐོབ་དཀའ་ཞིང་མི་རྣམས་འདྲ་མཉམ་ཞི་བདེ་ཡོང་བའི་བསམ་བློའི་འོག་ནས་དཔའ་བོ་རྣམས་ལ་བསྟོད་པ་དང་། མི་ཡི་བཟང་ངན་དང་ལས་དགེ་སྡིག་གི་དབྱེ་བ་འབྱེད་པ་སོགས་ངག་གི་སྒྱུ་རྩལ་གྱི་ལམ་ནས་ལྷུག་པོར་བསྟན་པ་འདིའང་བོད་ཀྱི་ངག་རྩོམ་གྱི་རྩོམ་ལུས་ཐུན་མིན་ཞིག་ཡིན།   
          ལྔ། མི་ཚེ་ལ་རང་དབང་བྲལ་བའི་མི་ཚེའི་སྐྱོ་བ་བརྗོད་པའི་རིགས་ཏེ། དཔེར་ན། 《བུ་མོ་ལྷ་རིས་》དང་《བུ་མོའི་གནས་སྡུག་》《ཁྲོ་རྒྱལ་གྱི་སྐྱོ་གླུ་》《ད་ཕྲུག་གི་སྐྱོ་གླུ་》《ཅང་ཤེས་རྟ་ཕོའི་སྐྱོ་གླུ་》ལྟ་བུ་སོགས་ཏེ། འགྲོ་བ་མིའི་འཇིག་རྟེན་གྱི་ཁམས་འདི་ན་རང་དབང་ཡོད་མེད་དང་རྒྱུ་འབྲས་འཁོར་མིན། བསམ་དོན་འགྲུབ་མིན་སོགས་ཀྱི་ཕྱོགས་ནས་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་སྣ་ཚོགས་བྱུང་བ་དེ་དག་ངག་གི་དབྱངས་རྟ་ངེས་ཅན་རེ་ལ་སྦྱར་ཏེ་ལེན་པའི་རྩོམ་གྱི་རིགས་འདིའང་དམངས་ཁྲོད་ངག་རྩོམ་གྱི་བཅུད་དུ་སེམས་སོ།   
          བཞི་པ། དོན་བརྗོད་ངག་རྩོམ་རིང་མོའི་འབྱུང་ཁུངས་དང་ཁྱབ་ཡུལ།   
          ད་བར་ཞིབ་འཇུག་བགྱིས་པའི་འབྲས་བུར་གཞིགས་ན།  རྩོམ་འདིའི་རིགས་ཀྱི་འབྱུང་ཁུངས་གཙོ་བོ་ནི་ཨ་མདོའི་རེབ་ཀོང་དང་གཅན་ཚ།   མཚོ་སྔོན་པོའི་ཉེ་འགྲམ། ཀན་ལྷོའི་བླ་བྲང་དང་ཀླུ་ཆུ།    རྨ་ཆུ།   མགོ་ལོག་སོགས་ཡིན་ཏེ། དཔེར་ན།《གནའ་རྒྱའི་ཚེ་ལོ་》ཞེས་པའི་མི་ཆོས་བསླབ་བྱ་སྟོན་པའི་ངག་རྩོམ་འདི་ནི་ད་ལྟའི་རེབ་ཀོང་ནས་བྱུང་བ་དང་། 《ཏཱ་ནི་སྟོད་》ཅེས་པའི་འཇིག་རྟེན་སྣང་བ་བརྗོད་པའི་རོགས་འཐེན་འདི་ནི་མདོ་སྨད་བླ་བྲང་གི་ཡུལ་ནས་བྱུང་བ། 《རྒན་གྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད་》ཅེས་པའི་འཇིག་རྟེན་སྣང་བ་བརྗོད་པའི་རོགས་འཐེན་འདི་ནི་མཚོ་སྔོན་རེབ་ཀོང་དང་ཀན་སུའུ་བླ་བྲང་གི་འདྲེས་མདོ་ནས་བྱུང་བ། 《སྣང་རའི་སངས་རྒྱས་》ཞེས་པའི་འཇིག་རྟེན་འཁྲུག་རྩོད་བརྗོད་པའི་ངག་རྩོམ་་འདི་ནི་མཚོ་སྔོན་གཅན་ཚ་ནས་བྱུང་བ། 《ཡ་རིའི་ཨབ་བསོད་ཀྱི་སྙིང་གཏམ་》ཞེས་པའི་མི་ཆོས་བསླབ་བྱ་སྟོན་པའི་ངག་རྩོམ་འདི་ནི་ཀན་ལྷོ་རྨ་ཆུའི་དངུལ་རྭ་ནས་བྱུང་བ། 《དོན་གྲུབ་རྒྱལ་ལོ་དང་ཡེ་ཤེས་སྒྲོལ་མ་》ཞེས་པའི་འཇིག་རྟེན་སྣང་བ་བརྗོད་པའི་རོགས་འཐེན་འདི་ནི་མདོ་སྨད་བླ་བྲང་གི་ཡུལ་ཕྱོགས་ཤིག་ནས་བྱུང་བ། 《ཁྲོ་རྒྱལ་གྱི་སྐྱོ་གླུ་》ཞེས་པའི་འཇིག་རྟེན་སྐྱོ་བ་བརྗོད་པའི་ངག་རྩོམ་འདི་ནི་རྨ་ལྷོ་སོག་ཕྱོགས་ནས་བྱུང་བ་ལྟ་བུའོ།    སྤྱིར་དོན་བརྗོད་ངག་རྩོམ་རིང་མོ་འདི་རྣམས་ཀྱི་འབྱུང་ཁུངས་གཙོ་བོ་ནི་གོང་དུ་གླེང་བའི་ཡུལ་ཕྱོགས་དེ་དག་ཡིན་མོད། རྩོམ་ལ་ལ་ཞིག་གི་འབྱུང་ཁུངས་དངོས་ནི་ངོས་འཛིན་དཀའ་བ་ཞིག་འདུག རྩོམ་དེ་དག་གི་ནང་དོན་གཞིར་བཟུང་སྟེ་དཔྱད་ན་ཕལ་ཆེ་བ་ཞིག་མཚོ་སྔོན་དང་ཀན་ལྷོའི་འབྲོག་ཕྱོགས་དང་།ཡང་ན་རོང་འབྲོག་འདྲེས་མའི་ས་ཁུལ་ནས་ཡིན་ངེས་སྙམ།  བརྗོད་བྱ་དང་རྗོད་བྱེད་ཐད་ནས་བསམས་ན་ངག་རྩོམ་འདི་དག་བྱུང་བའི་ལོ་རྒྱུས་དེ་འདྲའི་རིང་པོ་མེད་པར་མངོན་པས་མུ་མཐུད་རྩད་ཞིབ་བྱ་དགོས་ཤིང་། ངག་རྩོམ་རིང་མོ་འདི་དག་གི་ཁྱབ་ཡུལ་གྱི་ཕྱོགས་ནས་བལྟས་ན་གོང་གི་ཡུལ་གྲུ་དེ་དག་ཕུད་ད་དུང་ཟི་ཁྲོན་དང་དཀར་མཇེས། ཡུན་ནན། བོད་ལྗོངས་སོགས་སུའང་ཁྱབ་ཡོད་པར་ངེས་པས་ད་དུང་དཔྱད་དགོས་པར་སྙམ།   གཞན་ཡང། 《འབའ་ན་ཆུང་རྩེན་པའི་རང་མདངས་》དང་《འཁྲེང་སེམས་ཀྱི་མཆི་མ་》《ན་ཆུང་རྩེན་པའི་སྐྱོ་གླུ་》ཞེས་པ་སོགས་ནི་དེང་རབས་རྩོམ་པ་པོ་འབའ་གཞུང་རིན་ཆེན་དོན་གྲུབ་དང་མགར་སྐལ་བཟང་རྒྱལ། ཆབ་འགག་རྡོ་རྗེ་ཚེ་རིང་སོགས་ཀྱིས་གསར་རྩོམ་བྱས་པ་ཞིག་ཡིན། གསར་རྩོམ་དམངས་རྩོམ་དེ་རིགས་ཀྱིས་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་འདི་ཉིད་མི་ཉམས་གོང་འཕེལ་དང་ཡུན་རིང་གནས་ཐུབ་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད་དོ། །
          ལུང་འདྲེན་དཔྱད་ཡིག་དང་མཆན་འགྲེལ།
          ①གོང་དུ་དྲངས་པའི་ངག་རྩོམ་དེ་གཉིས་ནི་ཀན་ལྷོ་ཀླུ་ཆུར་བརྟག་ཞིབ་བྱེད་སྐབས་ཡུལ་དེའི་འགོ་པ་རྣམ་རྒྱལ་ཚང་གི་ངག་ལས་ཐོས་པ་ལྟར་དྲངས་སོ།
          ②རྩོམ་འདིའི་མིང་གི་འབོད་སྟངས་ལ་《ཏཱ་ནི་སྟོད་དང་ཧོར་གཙང་ཁོག་》《ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ་》《ཏཱ ་ནི་སྟོད་》ཅེས་དུ་མ་ཡོད་ཀྱང་འདིར་མང་ཚོགས་སྒྱུ་རྩལ་ཁང་གི་《ན་ཆུང་རྩེན་པའི་མཐུན་གླུ་》སྟེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་༢༠༡༠ལོའི་ཟླ་བཞི་པའི་དཔར་གཞི་གཞིར་བཟུང་བ་ཡིན།
          ③《བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ་》ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཅུས་ནས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ལོའི་ཟླ་༡༠པར་དཔར། ཤོག་ངོས་༢༨༩ན་གསལ།
          ④གཏམ་རྒྱུད་འདིའི་ནང་གི་མི་སྣ་གཙོ་བོ་སྣང་རའི་སངས་རྒྱས་ཀྱི་ལོ་རྒྱུས་གསལ་པོ་ཞིག་ད་བར་ལག་སོན་མ་བྱུང་ཞིང་། ལྕགས་བྱམས་རྒྱལ་སོགས་བུ་གསུམ་པོའི་ལོ་རྒྱུས་ཀྱི་སྐོར་ནས་དམངས་ཁྲོད་དུ་རྩད་གཅོད་བྱས་ཀྱང་ཤོད་ཚུལ་མི་འདྲ་བ་རེ་ཡོད་པ་མ་གཏོགས་རྒྱུ་མཚན་གསལ་པོ་ཞིག་རྙེད་མ་བྱུང་།
          ⑤ངག་རྩོམ་འདི་ལ་《རྣམ་རྒྱལ་ཚེ་ལོའི་རྣམ་ཐར་》དང་《གནའ་བརྒྱའི་ཚེ་ལོའི་རྣམ་ཐར་》《རྣམ་རྒྱལ་ཚེ་ལོའི་ཁ་ཆེམས་》སོགས་སུ་འབོད་པ་མང་ཞིང་། སྙན་ངག་གེ་ཚིག་རྐང་གྲངས་ཀྱང་༤༠༦ཅན་དང་༤༤༠ཅན། ༤༠༠ཅན། ༦༠༢ཅན་སོགས་སྣ་ཚོགས་བྱུང་ཡང་འདིར་གཙོ་བོ་མཚོ་སྔོན་གྱི་《མང་ཚོགས་སྒྱུ་རྩལ་》གྱི་དུས་དེབ་ཏུ་བཀོད་པ་གཞིར་བཟུང་བ་ཡིན།
          ⑥འདིར་བརྗོད་པའི་སོག་པོ་ཞེས་པ་དེ་ཕལ་ཆེར་དེང་སང་གེ་རྨ་ལྷོ་སོག་རྫོང་ལ་གོ་དགོས་སྙམ།
          ⑦ཨ་མདོའི་དམངས་གླུ་ལས “སྟག་ཤར་ར་ཇག་ལ་འགྲོ་ནི་ཟོ། །ནངས་སྔ་སེ་ལངས་ངེ་མཁར་ར་བལྟས། །མཁར་སྐྱ་མོ་རང་གི་འགྲོ་རོགས་མིན། །བོའུ་ཆ་རིང་རང་གི་འགྲོ་རོགས་ཡིན། །”ཞེས་པ་ལྟ་བུ་ཇག་ལས་དང་འབྲེལ་བའི་གླུའི་རིགས་ཤིན་ཏུ་མང་ངོ།
          ⑧མཁས་དབང་གྲགས་ཅན་ཡག་གཟའ་མཆོག་གྲུབ་ཀྱིས་མཛད་པར་གྲགས་སོ།
          ⑨ས་བསྟོད་འདིའི་རྩོམ་པ་པོ་དཀོན་མཆོག་འཕྲིན་ལས་ནི་དུས་རབས་ཉི་ཤུ་པའི་སྟོད་ལ་སོ་ནག་རྔ་དཀར་མགོ་ལྟ་ཚང་གེ་ཁྱིམ་རྒྱུད་དུ་འཁྲུངས་ཤིང་།  ཆུང་དུས་སོ་ནག་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་ཚོགས་གྲལ་དུ་ཞུགས་ཏེ་རིག་པའི་གནས་ལ་སྦྱངས།   ༡༩༥༨ལོར་འཛིན་བཟུང་གིས་བཙོན་དུ་གཤེགས། ས་བསྟོད་དང་འབྲེལ་བའི་བསླབ་བྱ་འདི་༡༩༤༨ལོར་སོ་ནག་དང་ཁོ་ནག་སྡེ་པ་གཉིས་ཀྱི་གྱོད་འདུམ་སྐབས་གསུངས་སོ།   
          དཔྱད་གཞིའི་ཡིག་ཆ།
          ༡. གཅོད་པ་དོན་གྲུབ་དང་སངས་རྒྱས་རིན་ཆེན་སོགས། 《མདོ་སྨད་ཡུལ་གྱི་ངག་རྩོམ་པད་མའི་ཆུན་པོ་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༨༧ལོའི་ཟླ་༢པའི་དཔར་གཞི།
          ༢ .གཡུང་དྲུང་གིས་བསྡུ་སྒྲིག་བྱས། 《ཨ་མདོའི་རོགས་འཐེན་འདེམས་བསྒྲིགས་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང། ༡༩༨༨ལོའི་ཟླ་༤པོའི་དཔར་གཞི།
          ༣. ཆབ་འགག་རྡོ་རྗེ་ཚེ་རིང་སོགས། 《རོགས་འཐེན་》མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༢༠༠༦ལོའི་ཟླ་༡པོའི་དཔར་གཞི།
          ༤ .《མང་ཚོགས་སྒྱུ་རྩལ་》དུས་དེབ་ཁང། 《ན་ཆུང་རྩེན་པའི་མཐུན་གླུ་》མང་ཚོགས་སྒྱུ་རྩལ་གྱི་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་༤པའི་དཔར་གཞི།
          ༥.《མང་ཚོགས་སྒྱུ་རྩལ་》དུས་དེབ་ཁང་། 《སྲིད་པའི་ཡས་གཏམ་མས་གཏམ་》མང་ཚོགས་སྒྱུ་རྩལ་གྱི་ལེགས་རྩོམ་དཔེ་ཚོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་༤པའི་དཔར་གཞི།
          ༦ .ཚེ་དབང་རྡོ་རྗེ་སོགས། 《རྨ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས་གསེར་གྱི་ཐང་མ་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ་༡༢པའི་དཔར་གཞི།
          ༧ .འབའ་སྟོད་པདྨ་དབང་རྒྱལ་སོགས། 《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ་》མི་རིགས་དཔེ་སྐྲུན་ཁང། ༢༠༠༥ལོའི་ཟླ་༡པོའི་དཔར་གཞི།
          ༨. རིན་ཆེན་རྒྱལ་གྱིས་རྩོམ་སྒྲིག་བྱས 《དམངས་ཁྲོད་རྩོམ་རིག་གཅེས་བཏུས་》(ཞོན་ཧྭའི་སློབ་གྲྭ་ཆུང་འབྲིང་གི་བསླབ་ཕྱིའི་ཀློག་དེབ་) ཀན་སུའུ་མི་རིགས་དཔེ་སྐྲུན་ཁང། ༢༠༠༩ལོའི་ཟླ་༡༠པའི་དཔར་གཞི།
          ༩. 农学冠:《民间文学导论》,民族出版社,2005 年9 月版 
          ༡༠. 黄涛:《中国民间文学概论》,中国人民大学出版社,2010 年5 月版。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1