༄༅།། དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་དབུ་མ་རྩ་བའི་འགྲེལ་པ་《ག་ལས་འཇིགས་མེད་》ཀྱི་སྐོར་རགས་ཙམ་གླེང་བ།

ཆ་རིས་སྐལ་བཟང་ཐོགས་མེད། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 04-01


ཆ་རིས་སྐལ་བཟང་ཐོགས་མེད།
          [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དབུ་མ་རྩ་བའི་འགྲེལ་པ་《ག་ལས་འཇིགས་མེད་》འདི”བཞུགས་བསྟན་འགྱུར་ཕལ་མོ་ཆེར་སློབ་དཔོན་ཀླུ་སྒྲུབ་ཀྱི་རང་འགྲེལ་ཡིན་པར་གསུངས་པར་བརྟེན། ཕྱིས་ཀྱི་མཁས་པ་མང་པོ་ཞིག་གིས་《ག་ལས་འཇིགས་མེད་》འདི་རྩ་ཤེའི་འགྲེལ་པ་དག་ལས་ཆེས་སྔ་ཤོས་སུ་ཁ་ཚོན་བཅད་ཡོད་ཚུལ་དང་།  རྗེ་ཙོང་ཁ་པ་ཡབ་སྲས་ཀྱིས་འདི་སློབ་དཔོན་གྱི་རང་འགྲེལ་མིན་ཚུལ་སོགས་རིགས་པ་དྲི་མ་མེད་པས་གསལ་བར་སྒྲུབ་ཚུལ་སོགས་བརྗོད་དེ། གཙོ་བོར་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དབུ་མ་རྩ་བའི་འགྲེལ་པ་《ག་ལས་འཇིགས་མེད་》ཀྱི་མཛད་པ་པོ་དང་སྒྱུར་མཁན། བསྟན་བཅོས་ཀྱི་མཚན་དང་བརྗོད་དོན་སོགས་ཀྱི་སྐོར་རགས་གླེང་ཡོད།
          [བརྡ་ཆད་གཙོ་བོ།]དབུ་མ་རྩ་འགྲེལ། 《ག་ལས་འཇིགས་བྱེད་མེད་》I0L. T1b. j. VOL.18.16
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] C256[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)01 -093 -06   
          དང་པོ། དབུ་མའི་བསྟན་བཅོས་《ག་ལས་འཇིགས་མེད་》ཀྱི་མཛད་པ་པོའི་སྐོར།   
          སྣར་ཐང་དང་པེ་ཅིན་བསྟན་འགྱུར་དཔར་མའི་དབུར།“དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ་》”①ཞེས་《ག་ལས་འཇིགས་མེད་》ཀྱི་མཛད་པ་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཡིན་པར་དངོས་སུ་བསྟན་པ་དང་། དེ་བཞིན་དུ་སྡེ་དགེ་དང་ཅོ་ནེ་དཔར་མའི་མཇུག་བྱང་དུ། “དབུ་མའི་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བའི་ཚིག་ལེའུར་བྱས་པ། ཤེས་རབ་ཅེས་བྱ་བའི་དོན་མདོར་བསྟན་པ། བསྟན་བཅོས་དང་རབ་ཏུ་བྱེད་པ།ངག་དང་ཚིག་རིག་པ་དང་། ལུང་གིས་གྲུབ་པ། རང་དང་གཞན་གྱི་གྲུབ་པའི་མཐའ་སྨྲ་བའི་ཕྱོགས་ག་ལས་ཀྱང་འཇིགས་པ་མེད་པ། རྗེས་སུ་དཔག་པ་དང་། སུན་དབྱུང་བའི་བསལ་བ་དང་། དེ་ཁོ་ན་དག་བསྟན་པ། ལྟ་བ་ངན་པའི་དྲ་བ་ཞི་བར་བྱེད་པ་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྟོན་པ། སློབ་དཔོན་བདག་ཉིད་ཆེན་མོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་རབ་ཏུ་འབྱེད་པ་རབ་ཏུ་དགའ་བའི་ས་བསྒྲུབས་ནས།  བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་འཇིག་རྟེན་གྱི་ཁམས་དད་པའི་འོད་ཅེས་བྱ་བར།  དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་རྫོགས་སོ་”②ཞེས་དང་། དུས་རབས་བརྒྱད་པ་ནས་དགུ་པའི་བར་གང་རུང་དུ་བོད་ལ་བསྒྱུར་བ་ནས་ད་ལྟའི་བར་བཅོས་ལྷད་མ་ཞུགས་པའི་ཏུན་ཧོང་ཡིག་རྙིང་ཁྲོད་དུ་བཞུགས་པའི་བསྟན་བཅོས་(ཨང་རྟགས་lOL  Tih. j.\/OL .18.16)འདིའི་མཇུག་ཏུའང། “དབུ་མའི་རྩ་བའྀ་འགྲེལ་པ་ག་ལས་འཇྀགས་མྱེད་ཅེས་བྱ་བ། ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བའི་དོན་མདོར་བསྟན་པ། བསྟན་བཅོས་དང་རབ་ཏུ་བྱེད་པ། ངག་དང་ཚིག་རིགས་པ་དང་། ལུང་གྱིས་གྲུབ་པ་དང་། རང་དང་གཞན་གྱྀ་གྲུབ་པའི་མཐའ་སྨྲ་བའྀ་ཕྱོགས་ག་ལས་ཀྱང་འཇིགས་པ་མྱེད་པ་དང་། རྗེས་སུ་དཔག་པ་དང་། སུན་དབྱུང་བའྀ་གསལ་བ་དང་། དེ་ཁོ་ན་བསྟན་པ།  ལྟ་བ་ངན་པའི་དྲ་བ་ཞྀ་བར་བྱེད་པ་དང་ལྡན་པ། ཤེས་རབ་ཀྱོ་ཕ་རོལ་ཏུ་ཕྱིན་པའྀ་ཚུལ་སྟོན་པ། སློབས་དཔོན་བདག་ཉྀད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མྱྀ་འཕྲོགས་པའི་མཁྱེན་རབ་དང་།  ཐུགས་རྗེར་ལྡན་པ། དེ་བཞྀན་གཤེགས་པའི་ཐེག་པ་བླ་ན་མྱེད་པའྀ་ཚུལ་རབ་ཏུ་འབྱེད་པ། རབ་ཏུ་དགའ་བའྀ་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞྀང་དུ་གཤེགས་པ། འཇྀག་རྟེན་གྱི་ཁམས་དད་པའྀ་འོད་ཅེས་བྱ་བར་དེ་བཞྀན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་རྫོགས་སྷོ་”③ཞེས་དང་། ཡང་ཏུན་ཧོང་ཡིག་རྙིང་ཨང་རྟགས་IOL.Tih. j.\/OL.3.6སྟེ་《རྩ་ཤེ་རབ་བྱེད་བཅུ་པ་》ཡི་མཇུག་ཏུ “སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱྀས་མཛད་པཿ།།དབུ་མའི་རྩ་བའྀ་འགྲེལད་པཿ།།  ག་ལས་འཇིགས་མྱེད་ལསཿ།།  མྱེ་དང་བུད་ཤྀང་བརྟག་པ་སྟེཿ།།”ཞེས་དང་། ཡང་བསྟན་འགྱུར་དཔེ་བསྡུར་མ་སྡེ་དགེ་དཔར་མའི་མཇུག་ཏུ “ཐེག་པ་ཆེན་པོའི་ངེས་དོན་དབུ་མའི་བསྟན་བཅོས་ཤེས་རབ་ཅེས་བྱ་བའི་འགྲེལ་པ་མཛད་པ། སློབ་དཔོན་ཀླུ་སྒྲུབ་དང་། གནས་བརྟན་བུདྡྷ་པཱ་ལི་ཏ་དང་། ཙནྡྲ་ཀཱིརྟི་དང་། དེ་བ་ཤར་མ་དང་། གུ་ན་ཤྲཱི་དང་། གུ་ན་མ་ཏི་དང་། སྠི་ར་མ་ཏི་དང་། ལེགས་ལྡན་འབྱེད་དང་བརྒྱད་ཅེས་གནའ་མཆན་གཅིག་ལས་འབྱུང་”④ཞེས་རྩ་ཤེའི་རྒྱ་འགྲེལ་གྲགས་ཅན་བརྒྱད་ཀྱི་མཛད་པ་པོ་བཀོད་པའི་ནང་དུའང་《ག་ལས་འཇིགས་མེད་》མཛད་མཁན་སློབ་དཔོན་ཀླུ་སྒྲུབ་ཡིན་པ་གཞིར་བྱས་ཡོད་ལ། ཀུན་མཁྱེན་བུ་སོགས་སྔར་གྱི་མཁས་པ་མང་དག་ཅིག་གིས་ཀྱང་དེ་ལྟར་བཞེད་འདུག དེའི་དབང་གིས་དེང་གི་མཁས་པ་བསོད་ནམས་རྒྱ་མཚོས་(黄明信)《བོད་རྒྱ་བཀའ་བསྟན་འདྲ་ཁྱད་ཞིབ་འཇུག་》ཅེས་པར། 《ག་ལས་འཇིགས་མེད་》ནི་རྩ་ཤེའི་རང་འགྲེལ་ཡིན་པ་གཞིར་བྱས་ཏེ་འགྲེལ་གྲགས་ཅན་བརྒྱད་པོའི་ཁྲོད་ནས་ཆེས་སྔ་ཤོས་ཡིན་པར་བཞེད་ཡོད།⑤ ཡིན་ནའང་།  གངས་ལྗོངས་མཁས་གྲུབ་རྣམས་ཀྱི་གཙུག་རྒྱན་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་《དྲང་པ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་སྙིང་པོ་》ལས། “རབ་བྱེད་ཉེར་བདུན་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང། ཉན་པ་པོ་དང་མཉན་བྱ་དང་། །སྨྲ་བོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཞེས་བཞི་བརྒྱ་བའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པར་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ་”⑥ཞེས་དང་། དེ་མཐུན་རྗེ་དགེ་འདུན་གྲུབ་ཀྱི་《ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་བའི་ལན་》ལས། “རབ་བྱེད་ཐ་མ་བཞི་གའི་འགྲེལ་པ་ག་ལས་འཇིགས་མེད་ལས། བམ་གྲངས་ཀྱི་མིང་མི་མཐུན་པ་ཙམ་ལས་བུདྡྷ་པཱ་ལི་ཏའི་རབ་བྱེད་ཐ་མ་བཞིའི་འགྲེལ་པའི་ཚིག་རིགས་ཇི་ལྟ་བ་བཞིན་བྲིས་པ་མ་གཏོགས་ནུས་པ་ལྷག་པོ་ཏིལ་ཙམ་ཡང་མི་འདུག་པའི་ཕྱིར་རོ། །ཞེས་དང་། འདི་རང་འགྲེལ་མ་ཡིན་ཏེ། རང་འགྲེལ་ཡིན་ན། རྩ་ཤེའི་ཚིག་དང་དོན་གྱི་འགྲེལ་མཛད་ཚད་ལྡན་རྣམས་ཀྱིས་འདི་ཁུངས་སུ་འདྲེན་རིགས་པ་གང་ཞིག  འགྲེལ་མཛད་རྣམས་ཀྱིས་འདི་ཁུངས་སུ་མ་དྲངས་པ་ཙམ་དུ་མ་ཟད། རབ་བྱེད་དང་པོའི་གཞུང་འདི་རྣམས་ལ་ག་ལས་འཇིགས་མེད་དང་འགྲེལ་པ་གཞན་རྣམས་འཆད་ཚུལ་དང་འཆད་པའི་གོ་རིམས་ཀྱང་ཤིན་ཏུ་མི་མཐུན་པའི་ཕྱིར་”⑦ཞེས་སོགས་རིགས་པ་དྲི་མ་མེད་པས་སློབ་དཔོན་ཀླུ་སྒྲུབ་ཀྱི་རང་འགྲེལ་མ་ཡིན་པར་གསལ་བར་བསྒྲུབས་འདུག་པས། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་ཀྱང་རང་འགྲེལ་མིན་པའི་སྒྲུབ་བྱེད་མང་དུ་བཀོད་ཡོད་ལ། “སངས་རྒྱས་བསྐྱངས་དང་ག་ལས་འཇིགས་མེད་གཉིས་འབྲེལ་བ་ཇི་ལྟར་བྱུང་མིན་མི་ཤེས་ཀྱང་དོན་སྙིང་རབ་བྱེད་ཉེར་གསུམ་པའི་ཚིགས་བཅད་བཅུ་བདུན་པ་མན་འགྲེལ་པ་དེ་གཉིས་དོན་གཅིག་ཡིན་ནོ་”⑧ཞེས་མཐུན་ཕྱོགས་སྒྲུབ་བྱེད་དང་བཅས་གསུངས་སོ།   
          གཉིས་པ། དབུ་མའི་བསྟན་བཅོས་《ག་ལས་འཇིགས་མེད་》སྒྱུར་མཁན་གྱི་སྐོར།  
          དབྱིན་ཇིར་ཉར་ཚགས་བྱས་པའི་ཏུན་ཧོང་བོད་ཡིག་ཡིག་རྙིང་ཨང་རྟགས་I0L  Tih.  j. \/OL 18. 16པ་《དབུ་མའྀ་རྩ་བའྀ་འགྲེལ་པ་ག་ལས་འཇྀགས་མྱེད་》ཅེས་བྱ་བ་ལས། “དབང་ཕྱུག་དམ་པའྀ་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གྱིས། རྒྱ་གར་གྀ་མཁན་པོ་ཐེག་པ་ཆེན་པོ་དབུ་མ་གཉ་ན་གར་བ་དང་། བོད་ཀྱི་ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུ་ཆེན་བགྱིས་ཏེ། གཏན་ལ་ཕབ་”ཅེས་དང་། བསྟན་འགྱུར་དཔར་མ་ཕལ་མོ་ཆེར་བཞུགས་པའི་《ག་ལས་འཇིགས་མེད་》ཀྱི་མཇུག་ཏུ། “དབང་ཕྱུག་དམ་པའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་ཛྙཱ་ན་གརྦྷ་དང་། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པའོ་”⑨ཞེས་གསུངས་པས།  བསྟན་བཅོས་འདི་ཉིད་སྒྱུར་མཁན་ནི་རྒྱ་གར་གྱི་མཁན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཡིན་པར་དོགས་པ་མི་འདུག་མོད། ཡིན་ནའང་《བུ་སྟོན་ཆོས་འབྱུང་》གི་ཚིག་གི་བབ་ལ་བལྟས་ན། ཁུ་མདོ་སྡེ་འབར་གྱི་འགྱུར་ཡིན་པར་ཡང་གསུངས་འདུག་པར་མངོན་པས། འདིའི་དགོངས་གཞི་གང་ཡིན་མུ་མཐུད་དཔྱད་དགོས་པར་སྙམ།   
          གསུམ་པ། དབུ་མའི་བསྟན་བཅོས་《ག་ལས་འཇིགས་མེད་》ཀྱི་མཚན་དོན་གྱི་སྐོར།   
          དབྱིན་ཇིར་ཉར་ཚགས་བྱས་པའི་ཏུན་ཧོང་བོད་ཡིག་ཡིག་རྙིང་ཨང་རྟགས་IOL. Tib. j. VOL. 18. 16པར།“རྒྱ་གར་གྱི་སྐད་མུ་ལ་མད་དྷྱ། མ་ཀ་བྲྀད་ཏྀ་ཨ་ཀུ་ཏོ་བ་ཡཱ། །  ཞེས་པ་བོད་སྐད་དུ་དབུ་མའྀ་རྩ་བའྀ་འགྲེལ་པ་ག་ལས་འཇྀགས་མྱེད་”ཅེས་བཀོད་ཡོད་པ་དང་། ཕྱིས་ཀྱི་སྡེ་དགེ་དང་ཅོ་ནེའི་བསྟན་འགྱུར་དཔར་མར་ཡང་དེ་དང་འདྲ་བར། ལེགས་སྦྱར་སྐད་ཀྱི་མཱུ་ལ་མ་དྷྱ་མི་ཀ་བྲྀཏྟི་ཨ་ཀུ་ཏོ་བྷ་ཡ། ཞེས་པ་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བསྒྱུར་འདུག  པེ་ཅིན་དང་སྣར་ཐང་གི་བསྟན་འགྱུར་དཔར་མའི་ནང་མཚན་བྱང་དུ།“དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཞུགས་སོ་”ཞེས་བཀོད་པ་སོགས་གང་ལ་གཞིགས་ཀྱང་བསྟན་བཅོས་འདིའི་མཚན་ལ་《དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་》ཅེས་བཏགས་ཡོད་པ་གཅིག་ཏུ་མཐུན།   ཡིན་ནའང་《དཀར་ཆག་འཕང་ཐང་མ་》ཡི་ནང་དབུ་མའི་བསྟན་བཅོས་ཀྱི་མཚན་བྱང་བཀོད་པའི་ཁྲོད་དུ།“ག་ལ་འཇིགས་མེད། བམ་པོ་བདུན་”⑩ཞེས་དང་། ཀུན་མཁྱེན་བུའི་ཆོས་འབྱུང་ལས་ཀྱང་“དབུ་མ་རྩ་བའི་རང་འགྲེལ་ག་ལ་འཇིགས་མེད་”(11)ཅེས་བྲིས་ཡོད་པ་ཞིག་ཀྱང་མཐོང་ཆོས་སུ་གྱུར་པས། དེར་བལྟས་ན་བསྟན་བཅོས་འདིའི་མཚན་ལ་ག་ལས་འཇིགས་མེད་དམ། ཡང་ན་ག་ལ་འཇིགས་མེད་ཅེས་གཉིས་སུ་ངེས་ཀྱང་། འདི་གཉིས་ཀྱི་དོན་ནི་གང་ལས་ཀྱང་འཇིགས་པ་མེད་པའམ། གང་ལའང་འཇིགས་པ་མེད་པའི་དོན་ལས་མ་འདས་པ་ནི་བསྟན་བཅོས་རང་གི་མཇུག་ཏུ། “རང་དང་གཞན་གྱི་གྲུབ་པའི་མཐའ་སྨྲ་བའི་ཕྱོགས་ག་ལས་ཀྱང་འཇིགས་པ་མེད་པ་”⑿ཞེས་གསུངས་པ་ལས་རྟོགས་ནུས་སོ།   
          བསྟན་བཅོས་འདིའི་མཚན་འདོགས་ཚུལ་གྱི་ཐད་ནས།  འགྲེལ་པ་ག་ལས་འཇིགས་མེད་ནི་ཀུན་མཁྱེན་བུ་སོགས་བོད་ཀྱི་མཁས་པ་སྔ་མ་དག་དང་ཏུན་ཧོང་ཡིག་རྙིང་ལས་《རྩ་ཤེ་》ཡི་རང་འགྲེལ་དུ་བཤད་འདུག་ཀྱང། རྗེ་ཙོང་ཁ་པ་ཆེན་པོས་དེ་རང་འགྲེལ་མ་ཡིན་པའི་སྒྲུབ་བྱེད་ཟློག་པ་མེད་པ་གཉིས་བཀོད་ཡོད་པ་གོང་དུ་དྲངས་པ་ལྟར་དང་། དེའི་སྟེང་དུ་ད་དུང་ཁོང་གི་གསུང་ལས། “སློབ་དཔོན་གྱི་དབུ་མའི་བསྟན་བཅོས་རྣམས་ཀྱི་གཙོ་བོ་ནི་རྩ་བ་ཤེས་རབ་ཡིན་ལ། དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་དེ་བ་ཤར་མ་དང་གུ་ན་མ་ཏི་དང་གུ་ན་ཤྲི་དང་སྠི་ར་མ་ཏི་དང་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པ་སྟེ་བརྒྱད་ཡོད་ཅིང་”⒀ཅེས་གསུངས་པ་བཅས་ཀྱི་གསུང་ཟུར་ལ་བལྟས་ན། 《ག་ལས་འཇིགས་མེད་》ཅེས་པའང་བསྟན་བཅོས་འདིའི་མཛད་མཁན་གྱི་མཚན་བསྟན་བཅོས་ལ་བཏགས་པར་མངོན་ནོ།   
          བཞི་པ། དབུ་མའི་བསྟན་བཅོས་《ག་ལས་འཇིགས་མེད་》ཀྱི་བརྗོད་བྱའི་སྐོར།   
          བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་གསུང་རབ་དུ་མ་ལས་སྟོང་ཉིད་ཟབ་མོ་ཇི་སྙེད་ཅིག་གསུངས་པའི་དོན་མ་ལུས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ལུང་རིགས་གཉིས་ཀྱི་སྒོ་ནས་བསྟན་པ་ཡིན་ལ། དེ་ཡང་ལུང་གི་སྒོ་ནས་གཙོ་བོར་སྒྲུབ་པ་ལ་《མདོ་ཀུན་ལས་བཏུས་པ་》དང་།  རིགས་པའི་སྒོ་ནས་གཙོ་བོར་སྒྲུབ་པ་ལ་《དབུ་མ་རྩ་བ་ཤེས་རབ་》སོགས་ཡིན། དེའི་ནང་ནས་ཀྱང་《དབུ་མ་རྩ་བ་ཤེས་རབ་》ཀྱིས་ཡུལ་རང་བཞིན་མེད་པའི་སྟོང་ཉིད་རིགས་པས་གཙོ་བོར་སྒྲུབ་པ་དང་། ཞིབ་མོ་རྣམ་འཐག་གིས་ཟབ་དོན་རྟོགས་པའི་ཡུལ་ཅན་གྱི་ཡེ་ཤེས་དེ་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཀ་ཐོབ་བྱེད་ཀྱི་རྩ་བར་བསྟན་ལ། སྟོང་ཉིད་བདུན་ཅུ་བས་རང་བཞིན་མེད་པ་ལ་བྱ་བྱེད་འཐད་ཚུལ་སྤྱིར་གསུངས་ནས། རྩོད་བཟློག་གིས་བྱེ་བྲག་ཏུ་དགག་སྒྲུབ་འཐད་ཚུལ་བསྟན། རིགས་པ་དྲུག་ཅུ་བས་མཐའ་གཉིས་སྤངས་པའི་ལྟ་བ་དེ་ཐར་པ་ཐོབ་བྱེད་ཀྱི་རྩ་བར་བསྟན་པ་དང་། རིན་ཆེན་ཕྲེང་པས་ལྟ་བ་དེ་ཐམས་ཅད་མཁྱེན་པ་ཐོབ་བྱེད་ཀྱི་རྩ་བའང་ཡིན་པར་བསྟན་པས། དབུ་མ་རིགས་ཚོགས་དྲུག་ལས་《རྩ་ཤེ་》ནི་ལུས་ལྟ་བུ་དང་། གཞན་རྣམས་ནི་དེ་ལས་འཕྲོས་པའི་ཡན་ལག་ལྟ་བུའི་བསྟན་བཅོས་དང་། ཟབ་དོན་ལ་ཐོས་བསམ་བྱས་པའི་ཕན་ཡོན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་སོགས་ལས་གསུངས་སོ།   
          དེ་ཡང་ཡུལ་རང་བཞིན་མེད་པའི་སྟོང་ཉིད་རིགས་པས་གཙོ་བོར་སྒྲུབ་པའི་བསྟན་བཅོས་《དབུ་མ་རྩ་ཤེ་》འདི་ལ་རབ་བྱེད་ཉེར་བདུན་ཡོད་པ་བཞིན་དུ།   བསྟན་བཅོས་འདིའི་འགྲེལ་པ་《ག་ལས་འཇིགས་མེད་》ལས་ཀྱང་རབ་ཏུ་བྱེད་པ་དང་པོར་རྐྱེན་བརྟག་པ་དང་། གཉིས་པར་སོང་བ་དང་མ་སོང་བ་དང་བགོམ་པ་བརྟག་པ། གསུམ་པར་སྐྱེ་མཆེད་བརྟག་པ། བཞི་པར་ཕུང་པོ་བརྟག་པ། ལྔ་པར་ཁམས་བརྟག་པ། དྲུག་པར་འདོད་ཆགས་དང་ཆགས་པ་བརྟག་པ། བདུན་པར་སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ། བརྒྱད་པར་བྱེད་པ་པོ་དང་ལས་བརྟག་པ། དགུ་པར་ཉེ་བར་ལེན་པ་པོ་དང་ཉེ་བར་བླང་པ་བརྟག་པ། བཅུ་པར་མེ་དང་བུད་ཤིང་བརྟག་པ། བཅུ་གཅིག་པར་འཁོར་བ་བརྟག་པ། བཅུ་གཉིས་པར་སྡུག་བསྔལ་བརྟག་པ། བཅུ་གསུམ་པར་དེ་ཁོ་ན་ཉིད་བརྟག་པ། བཅུ་བཞི་པར་ཕྲད་པ་བརྟག་པ། བཅོ་ལྔ་པར་དངོས་པོ་དང་དངོས་པོ་མེད་པ་བརྟག་པ། བཅུ་དྲུག་པར་བཅིངས་པ་དང་ཐར་པ་བརྟག་པ།  བཅུ་བདུན་པར་ལས་དང་འབྲས་བུ་བརྟག་པ། བཅོ་བརྒྱད་པར་བདག་དང་ཆོས་བརྟག་པ། བཅུ་དགུ་པར་དུས་བརྟག་པ།  ཉི་ཤུ་བར་རྒྱུ་དང་འབྲས་བུ་བརྟག་པ། ཉེར་གཅིག་པར་འབྱུང་བ་དང་འཇིག་པ་བརྟག་པ།  ཉེར་གཉིས་པར་དེ་བཞིན་གཤེགས་པ་བརྟག་པ། ཉེར་གསུམ་པར་ཕྱིན་ཅི་ལོག་བརྟག་པ། ཉེར་བཞི་བར་འཕགས་པའི་བདེན་པ་བརྟག་པ། ཉེར་ལྔ་བར་མྱ་ངན་ལས་འདས་པ་བརྟག་པ། ཉེར་དྲུག་པར་སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ། ཉེར་བདུན་པར་ལྟ་བ་བརྟག་པ་སྟེ་རབ་བྱེད་ཉེར་བདུན་གྱི་སྒོ་ནས་《རྩ་ཤེ་》ཡི་ཚིག་དོན་ལ་འགྲེལ་པ་གནང་ཡོད་དོ། །
          མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
          ①②④⑨⑿ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཁང་གིས་དཔེ་སྡུར་དང་དཔེ་སྒྲིག་ཞུས་པའི་《བསྟན་འགྱུར་དཔེ་བསྡུར་མ་》དེབ་༥༧པ། ཤ༢༥༧ 、༢༥༥、༢༥༦、༢༥༦、༢༥༥ སྤྱི་ལོ་༢༠༠༠ལོའི་ཟླ་༤པར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།
          ③དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་ཡིག་ཚགས་ཨང་རྟགསI0L. Tib. j. VOL.18.16པ་《དབུ་མའྀ་རྩ་བའྀ་འགྲེལ་པ་ག་ལས་འཇྀགས་མྱེད.》ལས།
          ⑤ཧོང་མིན་ཤིན་གྱིས་མཛད་པའི་《汉藏大藏经目录异同研究》ཤ༢༢༦ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༠༣ལོའི་ཟླ་༨པར་དཔར་དུ་བསྐྲུན།
          ⑥⒀《རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་》ཕ་པོད། ཤ༤༡༩ -༤༢༠མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༨༧ལོའི་ཟླ་༡༠པར་དཔར་དུ་བསྐྲུན།
          ⑦སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་《རྒྱལ་དབང་དང་པོ་དགེ་འདུན་གྲུབ་ཀྱི་གསུང་འབུམ་》པོད་དགུ་པ། ཤ༣༧༥ སྤྱི་ལོ་༢༠༡༡ལོའི་ཟླ་༦པར་དཔར་དུ་བསྐྲུན།
          ⑧《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ་ཕྱོགས་སྒྲིག》ཤ༤༡༠ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་སྤྱིལོ་༡༩༩༩ལོའི་ཟླ་༡པོར་དཔར་དུ་བསྐྲུན།
          ⑩བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་བསྒྲིགས་པའི《དཀར་ཆག་འཕང་ཐང་མ་》 ཤ༣༨ སྤྱི་ལོ་༢༠༠༣ལོའི་ཟླ་༡༢པར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།
          ⑾བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་《ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་》ཤ༢༣༣ སྤྱི་ལོ་༡༩༨༨ལོའི་ཟླ་༩པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1