དམངས་དོན་ལེགས་པར་བསྒྲུབ།། དམངས་སེམས་ཚུར་ལ་འགུག།

ཚུལ་ཁྲིམས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-29



     ཟླ་3པའི་ཚེས་13ཉིན། བཙན་ལྷ་རྫོང་གི་ཆེ་ལུང་ཡུལ་ཚོའི་འབུར་ལུང་སྡེ་བར་གནས་སྡོད་བཅས་པའི་ལས་བྱེད་རྣམས་སྡེ་དམངས་དབྱང་ཏི་ཡའོ་ཡི་ཁྱིམ་དུ་སོང་ཞིང་། ཐབ་ཀྱི་མེ་དྲོ་ལ། ཇ་ལྷོག་ལྷོག་ཏུ་ཁོལ། ལས་བྱེད་མང་ཚོགས་གཉིས་པོ་གདན་ཐོག་གཅིག་ཏུ་འཛོམས་ཏེ། སྒེར་གྱི་བྱ་བ་ཙག་ཙིག་སོགས་ཕན་ཚུན་དབར་སེམས་པ་དང་སེམས་པ་གླན་ནས་སྙིང་གཏམ་ཀློད་བཞིན་འདུག
     འབྲེལ་གཉིས་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་བསྒྲུབ་མགོ་ཚུགས་པ་ནས་བཟུང་། ལས་བྱེད་པ་དང་མང་ཚོགས་གཉིས་པོ་ཕན་ཚུན་ཁྱིམ་ཚང་གཅིག་ལྟར་ཤིན་ཏུ་བརྩེ་བ་ཟབ་པའི་སྣང་ཚུལ་དེ་བཙན་ལྷ་རྫོང་གི་ས་ཆ་ག་ས་གང་དུ་མཐོང་ཐུབ་ལ། རྫོང་དེས«བཙན་ལྷ་རྫོང་གིས་འབྲེལ་གཉིས་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པར་བྱེད་པའི་ལག་བསྟར་ཇུས་གཞི»བཟོས་ཏེ་བཀྲམ་ཞིང་། ཁྱོན་ཡོངས་ནས་ཏང་ཡོན་ལས་བྱེད་པ་རྣམས་ཀྱི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ལས་ཀའི་སྤྱོད་ཚུལ་ལ་བསྒྱུར་བཅོས་བཏང་སྟེ། དགོངས་དོན་གྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། ཏང་ཡོན་དང་མང་ཚོགས་དབར། ལས་བྱེད་དང་མང་ཚོགས་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས་ཏང་ཡོན་ལས་བྱེད་པས་ཐད་ཀར་མང་ཚོགས་རྣམས་ལ་ཞབས་ཞུ་བསྒྲུབ་ཆོག་པའི་ཡུན་ཕན་གྱི་ལམ་ལུགས་ཤིག་འཚོལ་ཞིབ་བྱས།
    དམངས་ལ་ཕན་པའི་ལས་དོན་གང་། །ཆུང་ཡང་བརྩོན་པས་བསྒྲུབ་པར་རིགས། ། ན་ནིང་ནས་བཟུང་། བཙན་ལྷ་རྫོང་གི་ལས་བྱེད་པ་མི་མགོ་1200ལས་ཁུངས་ནས་སྒོར་བུད་དེ། གཞི་རིམ་མང་ཚོགས་ཚོ་ལ་ཉེ་བར་བཅར་ཞིང་། གཞི་རིམ་གྱི་ཟ་མར་ཟོས་ལ། གཞི་རིམ་མང་ཚོགས་ཚོའི་ཁྱིམ་དུ་ཞག་ལ་བསྡད་དེ། མང་ཚོགས་ཚོའི་སེམས་གཏམ་ལ་མཉན་པ་སོགས་ལས་བྱེད་པ་ཚོའི་དམངས་ཕན་གྱི་གོམ་སྒྲ་སྙན་མོ་བཙན་ལྷ་རྫོང་གི་སྡེ་བ་སོ་སོར་ཁྱབ།
ཏང་གི་རང་བཞིན་ངེས་པའི་སྦྱོང་བརྡར་འདི།།
སེམས་པར་དྲོད་ཐིག་འབེབ་པའི་རྒྱུ་རུ་འགྲོ།།
    དཔྱད་ཀྱི་དཔལ་ཡོན་སླེབས་པ་ན། སྐྱེ་དངོས་ཀུན་དྲན་པ་ལས་སོས་པ་ཇི་བཞིན་གསོན་ཉམས་ལྡན་པར་གྱུར། བཙན་ལྷ་རྫོང་གི་ཡུལ་གྲོང་སོ་སོའི་ས་ཞིང་ནང་དུ། ཏང་ཡོན་ལས་བྱེད་པས་མང་ཚོགས་ཚོ་དང་མཉམ་དུ་ཞིང་ལས་སྒྲུབ་བཞིན་པའི་རྒྱབ་གཟུགས་མང་དུ་མཐོང་ཐུབ།
    ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་ལོ་ལྟར་འགྲོ་བཞིན་ཡོད་ནའང་། ད་ལོར་ལོ་སྔ་མ་དག་དང་མི་འདྲ་བར། འབྲེལ་འདྲེས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཁྱོན་ཡོངས་ནས་བསྒྲུབ་མགོ་ཚུགས་པ་ནས་བཟུང་། ཕྱི་ཚུལ་ཙམ་གྱིས་ཆོག་པར་བྱེད་པའི་ལས་བྱེད་པ་གཅིག་ཀྱང་མཐོང་མ་བྱུང་ལ། ཏང་ཡོན་ལས་བྱེད་རྣམས་བློ་སེམས་རྩེ་གཅིག་དང་། ཟོལ་མེད་གཞུང་དྲང་གིས་གཞི་རིམ་མང་ཚོགས་ཚོ་དང་མཉམ་དུ་བསྡད་དེ། མང་ཚོགས་ཚོའི་དཀའ་ཁག་བསལ་རོགས་བྱེད་བཞིན་ཡོད། ཅེས་དེ་གའི་མང་ཚོགས་ཀུན་གྱིས་བཤད་ཀྱིན་འདུག
    དབང་ཞིང་གྲོང་རྡལ་སྲེབ་པུ་ལུང་སྡེ་བར་གནས་སྡོད་བཅས་པའི་ལས་བྱེད་པ་ཞིག་གིས་གསར་འགོད་པར། ང་རང་སྒེར་ངོས་ནས་བཤད་ན། འབྲེལ་གཉིས་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་བསྒྲུབ་རྒྱུ་དེ། གཅིག་ནས་ཏང་གི་རང་བཞིན་ལ་སེམས་སུ་ངེས་པར་བྱེད་པའི་སྦྱོང་བརྡར་ཞིག་ཡིན་པར་མ་ཟད། སེམས་པར་དྲོད་ཐིག་འབེབ་པའི་གོ་སྐབས་ཤིག་ཀྱང་རེད་བསམ་ཡོད། ཅེས་བཤད།
    གཞི་རིམ་དུ་སོང་སྟེ། མང་ཚོགས་ཚོ་དང་མཉམ་པོར་བསྡད་ནས། མཉམ་དུ་ཟ་མ་ཟ་བ་དང་། མཉམ་དུ་ངལ་རྩོལ་བྱེད་པ་དེ་གཞན་ལ་ངོམ་རྒྱུའི་ཆེད་དུ་མིན་པ་གསལ་ཞིང་། ལས་བྱེད་པ་གཞི་རིམ་དུ་འགྲོ་བ་དང་། ཁྱད་པར་དུ་མགོ་ཁྲིད་རྣམས་གཞི་རིམ་དུ་སོང་ན། མགོ་ཁྲིད་དང་མང་ཚོགས་གཉིས་པོར་འཕྲོད་པ་ཞིག་ཡོང་ངམ་ཞེ་ན།
    བཙན་ལྷ་རྫོང་གིས་མངོན་གསལ་དོད་པོས་བརྟག་ཞིབ་བྱེད་པ་དང་། ལྐོག་ཏུ་གནས་ཚུལ་འདྲི་བ། སྐབས་བསྟུན་གྱིས་ཟུར་བཤེར་བྱེད་པ་སོགས་ཀྱི་ཐབས་ཤེས་སྤྱད་དེ། སྡེ་ཁག་སོ་སོ་དང་། ཡུལ་གྲོང་སོ་སོས་འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་ཀ་སྒྲུབ་པའི་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཚད་ལ་ཤུགས་བསྣན་པ་དང་། བྱེད་ཐབས་གལ་ཆེན་དང་། ཉམས་མྱོང་བཟང་པོ་ཕྱོགས་སྡོམ་བྱེད་པ་དང་། ལྡོག་ཕྱོགས་ཀྱི་བྱ་བ་ངན་པའི་དཔེ་གཞི་ཡང་ཀུན་ལ་ཤེས་སུ་འཇུག་པ་སོགས་བྱས་ཏེ། འབད་པ་ཆེན་པོས་ལས་དོན་སྒྲུབ་མཁན་ཀུན་གཅིག་ཀྱང་མ་ལུས་པར་བྱ་བར་བརྩོན་པའི་ངང་ཚུལ་བསྐྲུན་དགོས། དེ་དང་ཆབས་ཅིག་ཏུ། དམངས་གཙོའི་ལྟ་སྐུལ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། མང་ཚོགས་ཚོའི་སེམས་པ་མགུ་མིན་གྱིས་བྱེད་སྒོའི་ཕན་ནུས་ལ་བརྟག་ནས་ལས་ཀ་ཀུན་གོ་རིམ་ལྡན་ལ། ནུས་པ་ཆེ་བའི་ངང་གོང་དུ་སྤེལ་བ་རེད།
    འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་ཀ་དེ་ཏང་ཡོན་ལས་བྱེད་རྣམས་ཀྱི་དུས་རྒྱུན་གྱི་བྱ་བར་ཇི་ལྟར་འགྱུར་བར་བྱའམ་ཞེ་ན། བཙན་ལྷ་རྫོང་གིས་ཉིན་རྒྱུན་གྱི་དོ་དམ་འཐུས་ཚང་དུ་གཏོང་བ་དང་། དཔྱད་ཞིབ་ཚད་བསྡུར། དཔེ་མཚོན་རང་བཞིན་ཅན་ཁྱབ་སྒྲོག་བྱེད་པ་བཅས་ཀྱི་ལམ་ལུགས་གསུམ་བཟོས་ཤིང་། ཉིན་རྒྱུན་གྱི་བྱ་བ་དང་འབྲེལ་གཉིས་སྒྲོག་གཅིག་མང་ཚོགས་ལས་ཀ་གཉིས་པོ་མཉམ་དུ་འདྲེས་པར་བྱས་ཏེ། ལས་བྱེད་རྣམས་ཀྱིས་གཞི་རིམ་ལ་འབྲེལ་བ་དམ་ཟབ་བྱེད་པ་ཙམ་དུ་མ་ཟད། མང་ཚོགས་དང་བརྩེ་བ་ཟབ་པར་བྱེད་པ་དང་། བྱ་བར་སྐུལ་འདེད་བྱེད་པ་ཙམ་དུ་མ་ཟད། བྱ་བ་དོན་ཐོག་ཏུ་དབབ་པར་བརྩོན་པ་བཅས་ནོར་འཆུག་མེད་པ་གཉིས་དང་། སྐུལ་འདེད་གཉིས་མངོན་འགྱུར་བྱ།
དམངས་ཀྱི་བདེ་སྡུག་ཁོ་ན་ཡིད་དུ་བཅངས་པའི་གུང་ཁྲན་ཏང་ཡིན།
    ཡར་སྔོན་དུ་དོན་དག་ཅིག་བསྒྲུབ་དགོས་ཚེ། ཡུལ་ཚོའི་ནང་ནས་རྫོང་ཐོག་བར་བརྒྱུད་རིམ་མང་པོ་བརྒྱུད་དགོས་པས།  དེང་སང་ལྟ་བུའི་སླ་མོ་རང་མེད། ཅེས་ཟླ་3པའི་ཚེས་17ཉིན། དབང་ཞིང་གྲོང་རྡལ་ཙེ་ཞའོ་སྡེ་བའི་མང་ཚོགས་འགའ་དང་། ཡུལ་ཚོའི་ལས་བྱེད་པ། སྡེ་འགན་གཙང་ལེན་གྱི་ལས་བྱེད་པ་བཅས་མཉམ་དུ་བསྡད་དེ། ཁ་བརྡ་བྱེད་བཞིན་འདུག མང་ཚོགས་ཚོས་དགའ་སྤྲོའི་ངང་། ད་ལྟ་ཏང་ཡོན་ལས་བྱེད་པ་རྣམས་དུས་རྒྱུན་མང་ཚོགས་ཚོའི་ཁྱིམ་དུ་འོངས་ཏེ། གཞུང་དོན་བསྒྲུབས་ཏེ། ང་ཚོར་དཀའ་ངལ་སྣ་ཚོགས་སེལ་རོགས་བྱེད་བཞིན་ཡོད། ཅེས་བཤད།
    འགྱུར་ལྡོག་འདི་བཙན་ལྷ་རྫོང་གིས་འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་ཀ་ཁ་མིན་དོན་གྱིས་སྒྲུབ་བཞིན་པར་ཐུག་འདུག
    རྫོང་དེས་ཕྱོགས་ཡོངས་གསུམ་གྱི་དམངས་དོན་འདྲི་སྨེད་ཞེས་པ་བསྒྲུབས་ཤིང་། རྩ་འཛུགས་བགྱིས་ཏེ། ལས་ཁུངས་སོ་སོའི་ལས་བྱེད་པ་ཡོངས་རྫོགས་ཞུགས་པ་དང་། འདྲི་སྨེད་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ། དམངས་ཀྱི་དོན་དག་ཧྲིལ་པོར་རྒྱུས་ལོན་བཅས་བྱེད་པ་བཅས་ཏེ། རྫོང་རིམ་པའི་པའི་མགོ་ཁྲིད་ཚོས་སྣེ་ཁྲིད་ནས་ཁྱིམ་ཚང་2ནས་3ལ་འབྲེལ་བ་བྱེད་པ་དང་། སྡེ་ཁག་སོ་སོའི་ལས་བྱེད་རེ་ཡིས་ཁྱིམ་ཚང་3ཡན་ལ་འབྲེལ་བ་དགོས་པའི་རེ་བ་ལྟར།   རྫོང་ཡོངས་ཀྱི་རྫོང་རིམ་གཞོན་པ་ཡན་གྱི་མགོ་ཁྲིད་38ཡོད་པ་དེ་ཚོས་སྣེ་ཁྲིད་ནས་ཁྱིམ་ཚང་134དང་། རྫོང་རིམ་པའི་སྡེ་ཁག65ཡི་ཁོ་རིམ་ལས་བྱེད་པ་མི་མགོ་295ཡོད་པ་དེ་ཚོས་ཁྱིམ་ཚང་1100དང་། རྫོང་ཡོངས་ཀྱི་ལས་གནས་སུ་ཡོད་པའི་ལས་བྱེད་པ་མི་མགོ་1200ལྷག་གིས་ཁྱིམ་ཚང་25300ལ་འབྲེལ་བ་བྱས་པས། རྫོང་ཡོངས་ཀྱི་མང་ཚོགས་ཀུན་དང་། དགོན་པའི་མཁན་པོ་དང་ལས་བྱེད་མི་སྣ་ཀུན་ལ་འབྲེལ་བ་བྱས།
     ངའི་སྒོར་མོ་འདི་དག་རང་ལག་ཏུ་ཕྱིར་ཐོབ་པ་འདི། ཁྲིམས་ཁང་གི་བཀའ་དྲིན་ཡིན་པས། ཁྱེད་ཚོར་བཀའ་དྲིན་ཆེ་ཞུ་བ་ཡིན། དམངས་ཀྱི་བདེ་སྡུག་ཁོ་ན་ཡིད་དུ་བཅངས་པའི་ཏང་ནི་གུང་ཁྲན་ཏང་རེད། ཅེས་ལུའོ་ཞིང་ཀྲེན་གྱིས་བཙན་ལྷ་རྫོང་ཁྲིམས་ཁང་གི་ཡོན་ཀྲང་ཏའེ་མིང་ལགས་ཀྱིས་བསྐྱལ་འོངས་པའི་གྱོད་ཐག་བཅད་པའི་ཐོབ་དངུལ་སྒོར་ཁྲི3པོ་ལག་ཏུ་བཟུང་སྟེ། མིག་ནས་དགའ་བའི་མཆུ་མ་ཐོར་ལ་བྱེད་བཞིན་འདུག
    ལུའོ་ཞིན་ཀྲེན་ནི་མི་ཕམ་ཡུལ་ཚོ་མི་ཕམ་སྡེ་བའི་ཁྱིམ་ཚང་དབུལ་བོ་ཞིག་ཡིན་པ་དང་། དབང་བོར་སྐྱོན་ཡོད་པར་མ་ཟད། བཟའ་རོགས་ཀྱང་ཚེ་ལས་འདས་ཟིན། བཟའ་རོགས་ཚེ་ལས་འདས་རྗེས་མོ་རང་ཁེར་བུར་ལུས། ལོ་འགའི་སྔོན་དུ། མོས་བསོག་པའི་དངུལ་ཅུང་ཟད་ཡོད་པ་དེ་ཉེ་མི་ཚོའི་ལག་ཏུ་བཞག་སྟེ། ཚོང་བྱེད་དུ་བཅུག་ནའང་། ད་ལྟའི་བར་དུ་སྒོར་མོ་སྐར་གང་ཡང་ཕྱིར་སྟེར་མི་འདུག གནས་ཚུལ་དེ་ཉིད་ལས་བྱེད་པ་ཚོས་ཤེས་རྗེས། ཁྲིམས་ཁང་ལ་གཏུག་ནས་སྒོར་ཁྲི3ཕྱིར་ཐོབ་པར་གྱུར་པ་རེད། དེ་ནི་མོ་ལ་མཚོན་ན། སེམས་པ་ཤིན་ཏུ་དགའ་བའི་དོན་དག་ཅིག་རེད།
    གཞི་རིམ་གྱི་གནས་ཚུལ་དངོས་ཤེས་མཁན་ཞིག་ཡིན་ཚེ། ད་གཟོད་མང་ཚོགས་ཚོའི་དགོས་མཁོ་ཤེས་ལ། ད་གཟོད་མང་ཚོགས་ཚོའི་སེམས་ཀྱི་དཀའ་ངལ་དོན་ཆེན་དུ་བརྩི་ཐུབ་ལ། ད་གཟོད་མང་ཚོགས་ཚོས་ཐག་གཅོད་མི་ཐུབ་པའི་དོན་དག་རྣམས་ཅི་ཐུབ་ཀྱིས་ཐག་གཅད་པར་བརྩོན་ངེས་རེད།
ཏང་གི་ཐུགས་ཁུར་བཟང་པོ་སེམས་ལ་བཞག།
དཀའ་ངལ་ཆེ་ཡང་སྐྲག་པ་སྤུ་ཙམ་མེད།།
    སྒྲོག་འགྲེལ་གྱི་སྐད་ཆ་གསལ་ཞིང་གོ་སླ་བ་དང་། ནང་དོན་རྣམས་དམངས་ཀྱི་འཚོ་བར་ཐག་ཉེ་བ་ཤ་སྟག་རེད། ང་ཚོར་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས། རིམ་པ་སོ་སོའི་ཚང་འཛོམས་གྲོས་ཚོགས་རྣམས་ཀྱི་དགོངས་དོན་ལ་སྔར་ལས་ལྷག་པའི་གོ་བ་རྙེད་པར་བྱས། ཞེས་ཁྲོང་ཏེ་ཡུལ་ཚོ་ཁྲོང་ཏུ་སྡེ་བའི་རུ་ཁག་གཉིས་པའི་སྡེ་དམངས་ཡོན་ཞན་ཆང་གིས་བཤད།
    ཟླ1པོ་ནི་བཙན་ལྷ་རྫོང་དུ་ཆེས་གྲང་བའི་དུས་ལ་ཁེལ་ཡོད་ནའང་། ཏང་གི་སྐད་ཆར་སྙན་པ་དང་། ཏང་གི་བཀའ་དྲིན་དྲན་པ་ཞེས་པའི་སྒྲོག་འགྲེལ་རུ་ཁག་དེ་བཙན་ལྷ་རྫོང་གི་ཡུལ་སྡེ་སོ་སོར་བསྐྱོད་འདུག་ལ། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་བཤད་པ་དང་། བོད་རྒྱ་སྐད་གཉིས་ཀྱིས་གོ་སླ་བར་བཤད་པ་དང་། ཡུལ་ཚོར་འབྲེལ་འདྲེས་ལས་བྱེད་པས་ཁག་བགོས་ཀྱིས་བཤད་པ་དང་། རྐང་འཛིན་ལས་བྱེད་ཀྱིས་གཏིང་ཟབ་པར་བཤད་པ་དང་། རིག་རྩལ་འཁྲབ་སྟོན་སྐོར་སྐྱོད་བྱེད་པ་སོགས་བྱས་ཏེ། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་གཞི་རིམ་མང་ཚོགས་ཚོའི་གམ་དུ་བསྒྲགས་པ་དང་། ཏང་གི་ཐུགས་ཁུར་བཟང་པོ་དེ་ཁོ་ཚོའི་སེམས་སུ་བསྐྱལ་བ་རེད།
    ཟླ2པར། བཙན་ལྷ་རྫོང་གིས་ལོ་སར་གྱི་གོ་སྐབས་དང་བསྟུན་ཏེ། ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་། སྡེ་བ་སོ་སོར་འབྲེལ་གཉིས་སྒྲོག་གཅིག་གི་ལོ་སར་བསུ་བའི་བྱེད་སྒོ་སྤེལ་བ་སྟེ། སྐོར་བྲོ་འཁྲབ་པ་དང་། སེང་འཆམ་བྱེད་པ། དམངས་ཕན་སྲིད་ཇུས་དགའ་རྟགས་ཡོད་པའི་ཚོད་དཔག་འགྲན་སྡུར།   ཆེས་ཡག་པའི་སྡེ་མི་འདེམ་པ། ཐུན་མོང་གི་དཔལ་འབྱོར་ལ་བརྟེན་པའི་ཐོབ་དངུལ་བགོ་བ། སྨོན་ཚིག་སྟེར་བ་སོགས་ཀྱི་བྱེད་སྒོ་སྤེལ་བས། མང་ཚོགས་རྣམས་དགའ་སྤྲོས་རབ་ཏུ་ཁེངས།
     འབྲེལ་གཉིས་སྒྲོག་པ་གཅིག་གི་བྱེད་སྒོ་སྤེལ་བ་དེས། རྫོང་ཨུ་དང་། རྫོང་སྲིད་གཞུང་གིས་ང་ཚོར་ཐུགས་ཁུར་བྱེད་བཞིན་པ་སེམས་ཀྱིས་ཚོར་ཡོད། ཅེས་ལོ་སར་གྱི་སྐབས་སུ། རི་བོ་སྐུ་བླ་གྲོང་རྡལ་གྱི་མང་ཚོགས་ཚོས་ལས་བྱེད་པ་ཚོས་བསྐྱལ་འོངས་པའི་ལོ་སར་གྱི་མཚམས་འདྲིའི་ལེགས་སྐྱེས་ལག་ཏུ་བཟུང་སྟེ། དགའ་སྤྲོ་ཆེན་པོས་བཤད།
    འབྲེལ་འདྲེས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པ་བསྒྲུབ་མགོ་ཚུགས་པ་ནས་བཟུང་། བཙན་ལྷ་རྫོང་གིས་སྲིད་ཇུས་སྒྲོག་པ་དང་། རིག་གནས་གླེང་བ། ཐུགས་ཁུར་སྐྱེལ་བ་སོགས་སྐྱེལ་བ་གསུམ་གྱི་བྱེད་སྒོར་བརྟེན་ཏེ། མང་ཚོགས་ཚོའི་ཆེད་དུ་དོན་དངོས་བསྒྲུབས་ནས་མང་ཚོགས་ཚོའི་དཀའ་ངལ་བསལ་བ་དང་། ཁོ་ཚོར་སེམས་ཀྱི་དྲོད་ཁོལ་བསྐྱལ་ཏེ། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་། རྫོང་ཡོངས་ཀྱི་སྡེ་ཁག་སོ་སོ་ཁྱིམ་ཚང་ཁྲི2ལྷག་གི་ཁྱིམ་དུ་སོང་ནས་ཁོ་ཚའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། མང་ཚོགས་6000ཙམ་ལ་རོགས་བྱས་པར་མ་ཟད། སྒོར་ཁྲི་170ལྷག་གི་རིན་གྱི་དངོས་རྫས་བགོས་པ་རེད
    ཟླ་བ་འགའི་དུས་ཡུན་དུ། བཙན་ལྷ་རྫོང་གིས་འབྲེལ་འདྲེས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་ཀ་ཀུན་ལ་ཁྱབ་པར་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་ཐག་དམ་པོར་བསྐྱངས་ཟིན་པར་མ་ཟད། དམངས་ཀྱི་སེམས་འདུན་ཤེས་པར་གྱུར་པ་དང་། དམངས་སེམས་གཅིག་ཏུ་མཐུན་པ་དང་། དམངས་ཀྱི་འཚོ་བ་ཇེ་བཟང་དུ་འགྱུར་དགོས་པ་སོགས་ཏེ། འཆམ་མཐུན་ནི་དམངས་སེམས་འགུག་པ་ནས་མགོ་བརྩམ་དགོས་ཤིང་། འཕེལ་རྒྱས་ཀྱི་གོམ་སྒྲའང་སྙན་ཞིང་འཇེབས་པར་འགྱུར་བ་ཡིན་ནོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1