སྐུ་ཞབས་མཁྱེན་རབས་ཅན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01


ང་རང་ཁེ་ལེན་ཏཱ་དང་ངོ་མ་ཐུག་པའི་ཡར་སྔོན་དུ། ཁོ་ལ་དེ་འདྲ་མི་དགའ།

འཛམ་གླིང་འཁྲུག་ཆེན་དང་པོ་མཇུག་རྫོགས་པ་དང་བསྟུན། ཞི་བདེ་རྒྱ་མཚོ་ཆེན་མོའི་སྟེང་གི་མཚོ་ལམ་ནི་ཉིན་རེ་བཞིན་བྲེལ་ཟིང་ཤིན་ཏུ་ཆེ་བས། གྲུའི་བྱང་བུ་ཉོ་དགོས་ན་དཀའ་ལས་ཆེན་པོ་རྒྱག་དགོས། སྟབས་ལེགས་པ་ཞིག་ལ་ངས་མི་གཉིས་ཅན་གྱི་འགྲུལ་ཁང་གི་བྱང་བུ་ཞིག་ཉོ་ཐུབ་བྱུང་བས། ང་རང་རེ་ཞིག་དགའ་སྤྲོས་ཁེངས། ཡིན་ནའང་འདུག་རོགས་ཀྱི་མིང་ཐོས་དུས། ངའི་སེམས་པ་དེ་འདྲའི་སྐྱིད་པོ་མ་བྱུང་། “ཁེ་ལེན་ཏཱ་”ཞེས་པའི་མིང་འདིས་ང་རང་དབུགས་ཀྱང་ལེན་དཀའ་བའི་ཁང་པ་ཞིག་ཏུ་བཅུག་པ་ལྟ་བུའི་ཚོར་བ་སྐྱེས་སུ་བཅུག ཐེངས་འདིའི་འགྲུལ་བཞུད་(ང་རང་ཧྲིན་ཧྥོ་ལན་ཞི་སི་ཁི་ནས་ཧེང་པིན་དུ་བསྐྱོད་པ་ཡིན།)ཁྲོད། ཁོ་དང་ལྷན་དུ་ཁང་པ་གཅིག་ནས་ཉིན་བཅུ་བཞི་ཕར་བསྐྱལ་དགོས་པ་དྲན་པ་ན། ངའི་སེམས་པ་སླར་ཡང་མི་སྐྱིད་པར་གྱུར། ང་རང་ཁོའི་མིང་ལ་ཞེན་པ་ལོག་ཡོང་། གལ་སྲིད་ཁོའི་མིང་ལ་ཧྲུལ་མེ་སུའམ་པུ་ལང་གང་ཡིན་རུང་དེ་ལས་ལྷག

ང་རང་གྲུའི་སྟེང་དུ་བུད་དེ་འགྲུལ་ཁང་གི་ཕྱོགས་སུ་སོང་བ་ན། ཁེ་ལེན་ཏཱ་སྔ་མོ་ནས་ཐོན་ཡོད་པ་ཤེས་བྱུང་། ཁོའི་མལ་ཁྲིའི་འོག་ཏུ་བཟོ་བཀོད་ཆེ་ཞིང་ཚུགས་ཀ་མེད་ལ། སྟེང་དུ་མིང་བྱང་གིས་ཁེངས་པའི་ལག་སྒྲོམ་ཞིག་བཞག་འདུག་ལ། ངོ་བཀྲུ་སྟེགས་བུའི་སྟེང་སྤོས་ཆུ་ཞིག་བཞག་ཡོད་པ་དང་། སྐྲ་ཆུ་དང་སྐྲ་སྣུམ། ཙན་དན་གྱིས་བཟོས་པའི་སོ་འབྲད་ངོས་སུ་གསེར་ཆུས་ཁོའི་བསྡུས་མིང་བརྐོས་འདུག

ང་རང་སྐུ་ཞབས་ཁེ་ལེན་ཏཱ་ལ་དངོས་ནས་མི་དགའ།

ཐ་མག་ཁང་དུ། ངས་མི་གཅིག་རྩེ་ཆོག་པའི་ཤོག་ཤོ་ཞིག་བླངས་ཏེ་རྩེ་བར་རྩོམ་དུས། མི་ཞིག་ཚུར་ཡོང་སྟེ་ང་ལ་འཚམས་འདྲི་བྱས་བྱུང་།

ཁོས་“ང་ནི་ཁེ་ལེན་ཏཱ་ཡིན”ཟེར་ཞོར་ངའི་མདུན་དུ་ཡོང་སྟེ་བསྡད་པ་དང་། དགོད་ཙམ་བྱས་པ་ན་དུང་ལྟར་དཀར་བའི་སོ་ཕྲེང་ཕྱིར་མངོན་བྱུང་།

“འོ། ངེད་གཉིས་སྡོད་ཁང་གཅིག་ཡིན་པ་འདྲ།”

“གོ་ཐོས་སུ་ཁྱོད་རང་དབྱིན་ཇི་བ་རེད་ཟེར། ང་རང་ངོ་མ་དགའ་ཡོད། ཕྱི་རྒྱལ་ནས་རང་གི་སྤུན་ཟླ་དང་འཕྲད་པ་ནི་དངོས་གནས་དགའ་འོས་པ་ཞིག་རེད།”

“ ཁྱོད་དབྱིན་ཇི་བ་ཨེ་རེད།”

“ ཡིན། ང་རང་དབྱིན་ཇི་བ་ངོ་མ་ཞིག་ཡིན་”ཞེས་ཟེར་ཞོར་དུ། ཁོས་ལམ་ཡིག་བླངས་ཏེ་ང་ལ་སྤྲད།

ཁོས་ང་ལ་“ ཅི་ཞིག་འཐུང་བསམ་ཨང”ཞེས་དྲིས།

ང་རང་སོམ་ཉིའི་རྒྱ་རུ་ཚུད། ད་སྐབས་ནི་ཨ་རིས་ཆང་འཐུང་བར་བཀག་འགོག་བྱེད་སྒང་ཡིན་པས། གྲུའི་སྟེང་དུ་ཆང་དྲི་ཙམ་ཡང་སྣོམ་མི་ཐུབ། ཡིན་ནའང་ཁེ་ལེན་ཏཱ་ཡི་གདོང་ལ་གཡོ་འཛུམ་གྱིས་ཁེངས་ཏེ་ང་ལ་གཏད་ནས་བགད་བྱུང་།

ཁོས་ང་ལ་“ ཝེ་ཧྲུ་ཁེ་འཐུང་ངམ། སའོ་ཏཱ་ཧྲེ་དང་ཅིའུ་ཝེ་ཅུག་ལས་ཅི་ཞིག་འཐུང་བསམ་ན་ང་ལ་ཤོད་དང་ཆོག་”ཅེས་ཟེར་ཞོར། དོར་མའི་རྒྱབ་ཁུག་ལས་དམ་བུ་གཉིས་བླངས་ཏེ། ངའི་མདུན་གྱི་ཅོག་ཙེ་ཐོག་བཞག་པ་ན། ང་རང་དགའ་སྤྲོ་དང་བཅས་ཞབས་ཞུ་བར་ཆང་ཕོར་གཉིས་དང་འཁྱགས་རྡོག་ཁྱེར་ཤོག་ཅེས་སྐུལ་བ་ཡིན།

“ ཨིན། ཞིམ་པོ་རེད། ” ཁོས་“ རེད། ང་ལ་ད་དུང་ཆང་འདི་འདྲ་མང་པོ་ཡོད། གལ་ཏེ་གྲུ་ཐོག་ཏུ་ཁྱོད་ལ་གྲོགས་པོ་གཞན་ཡོད་ན་བོས་དང་མཉམ་དུ་བསྡད་ཆོག་”ཟེར། ངས་ཅི་ཡང་མ་བཤད།

དེ་ནས་ཁོས་མུ་མཐུད་དུ་ང་ལ་ཉིག་ཡོ་དང་ཧྲུན་བྷོ་ལན་ཤིས་སུ་ཁུག ད་དུང་ཟློས་གར་དང་རི་མོ། ཆབ་སྲིད་སོགས་ཁ་བརྡ་བྱས། ཁོ་རང་ཁ་བརྡ་བྱེད་པར་ཧ་ཅང་མཁས། དུས་ཡུན་རིང་པོ་ཞིག་ལ་ཁོ་གཅིག་པུས་བཤད་ནས་བསྡད།

ང་རང་ཅུང་སུན་སྣང་སྐྱེས་པས། ཡང་བསྐྱར་ཤོག་ཤོ་ལག་ཏུ་བླངས།

“ ཁྱོད་ཤོག་ཤོའི་སྒྱུ་འཕྲུལ་ལ་ཨེ་དགའ།”

“ མི་དགའ།” ང་རང་ཡང་བསྐྱར་ཁོ་ལ་སུན་སྣང་སྐྱེས་བྱུང་།

“ངས་ཁྱོད་ལ་འཁྲབ་སྟོན་ཅིག་བྱེད་” ཁོས་ཤོག་ཤོ་གསུམ་བླངས་ཏེ་ང་ལ་བྱིན་མོད། ངས་ཁོར་ཁ་ཡ་མ་བྱས་པར། ཇ་ཁང་དུ་འདུག་ས་ཞིག་འཚོལ་དུ་འགྲོ་རྒྱུ་ཡིན་ཞེས་བཤད།

“འོ། ཡག་པོ་རེད། ངས་སྔ་མོ་ནས་འུ་གཉིས་ཀར་འདུག་ས་མངགས་ཚར། ངས་བསམ་ན་ངེད་གཉིས་ལྷན་ཏུ་འདུག་དགོས།”

ང་རང་སྐུ་ཞབས་ཁེ་ལེན་ཏཱ་ལ་མི་དགའ།

ཁོ་ང་དང་མལ་ཁང་གཅིག་ཡིན་པ་མ་ཟད། ཉིན་གཅིག་གི་ཇ་ཐུན་གསུམ་ཡང་ཡིན་གཅིག་མིན་གཉིས་ང་དང་མཉམ་དུ་བཙིར་ནས་ཅོག་ཙེ་གཅིག་གི་སྟེང་བཟའ་དགོས། གང་ལྟར་ང་གང་དུ་སོང་ཡང་ཁོ་གཡུགས་མི་ཐུབ། གལ་སྲིད་འདི་ངེད་ཚང་ཡིན་ཚེ། ངས་ཁོའི་མདུན་ནས་སྒོ་ཁྲོག་གེར་བརྒྱབ་སྟེ། ཁོ་ལ་རང་ཉིད་ནི་དགའ་བསུ་མི་འཐོབ་པའི་མི་ཞིག་ཡིན་པ་ཤེས་སུ་འཇུག་འདོད།

ཁེ་ལེན་ཏཱ་འབྲེལ་འདྲིས་ལ་ཤིན་ཏུ་མཁས། གྲུ་ཐོག་ལ་བུད་ནས་ཉིན་གསུམ་མ་གཏོགས་འགོར་མེད་ཀྱང་། གྲུ་སྟེང་གི་མི་ཕལ་མོ་ཆེ་ཁོའི་ངོ་ཤེས་སུ་གྱུར་ཡོད། ཁོས་རྡེག་འཚོང་རྩ་འཛུགས་དང་ལུས་རྩལ་མ་དངུལ་བསྡུ་བ། གོ་ཨར་སྤོ་ལོ་འགྲན་བསྡུར་རྩ་འཛུགས། རོལ་ཚོགས་བསྡུ་བ་སོགས་མི་སྒྲུབ་པའི་ལས་ཀ་ཞིག་མེད། ངས་བསམ་ན་ཚང་མ་ཁོར་སུན་སྣང་ཅུང་ཙམ་སྐྱེས་ཡོད་པ་ཁོ་ཐག་རེད། ང་ཚོས་ཁོར་སྐུ་ཞབས་མཁྱེན་རབ་ཅན་ཞེས་བོས་པ་ཡིན་ལ། ཐ་ན་ཁོའི་མདུན་དུའང་འདི་ལྟར་འབོད། ཁོས་འཛེམ་དོགས་ཅི་ཡང་མི་བྱེད་པར། འདི་ནི་ང་ཚོས་ཁོར་བཏགས་པའི་གཅེས་མིང་ཞིག་ཡིན་པར་འདོད།

གཉིས།

ཁེ་ལེན་ཏཱ་ཁ་བརྡ་ལ་ཧ་ཅང་མོས་པ་མ་ཟད། གཞན་དང་རྩོད་པ་བྱེད་རྒྱུར་ཡང་དགའ། ལྷག་པར་ཏུ་ཟ་མ་ཟ་དུས་ང་ཚོས་བཟོད་སྒོམ་བྱེད་དཀའ་ཡང་ཁོའི་སྨྲ་སྒོ་སྡོམ་ཐབས་བྲལ།

ཁོ་གཞན་ལས་ལྟ་རྒྱ་ཐོས་རྒྱ་ཆེ་བར་སྣང་ལ། ནོར་འཁྲུལ་ཟེར་བ་ཁོའི་ལུས་སྟེང་དུ་ནམ་ཡང་འབྱུང་མི་སྲིད་པ་འདྲ། གལ་སྲིད་ཁོའི་སྐད་ཆ་བཤད་དུས་མི་གཞན་པས་ཁོར་དགག་པ་བརྒྱབ་ཚེ། ཁོས་དེ་དང་རྩོད་པ་བརྒྱབ་ནས་མཚམས་མི་འཇོག སྤྱིར་རྩོད་གཞི་འདི་ཅི་འདྲའི་དོན་སྙིང་མེད་པ་ཞིག་ཡིན་རུང་། ཕ་རོལ་བས་ཁས་མ་བླངས་བར་དུ་ཁོས་རྩོད་གཞི་འདི་མཚམས་འཇོག་མི་སྲིད།

དགོང་མོ་ཞིག་ལ། ང་ཚོ་སྨན་པའི་མདུན་ཅོག་གམ་དུ་བསྡད་ཡོད་ཅིང་། ཁེ་ལེན་ཏཱས་སྔོན་དང་འདྲ་བར་ཡར་བཤད་མར་བཤད་བྱེད་བཞིན་ཡོད། ཐེངས་འདིར་ཨ་རིའི་གཞུང་ཚབ་ཁང་དུ་བྱ་བ་གཉེར་པའི་ལྷ་མོ་ཆེ་དང་ཁོང་གི་ཆུང་མའང་བཞུགས།

ལྷ་མོ་ཆེ་དངོས་ནས་སྟོབས་ཆེན་ཞིག་ཡོད། གདོང་གི་སྐྱི་ལྤགས་དམ་པོ་བསྡམས་ཤིང་ཕོ་བ་རྒྱགས་རིལ་རིལ་ངང་སྟོད་གོས་ཀྱི་ཕྱིར་འབུར་ཡོད། ཐེངས་འདིར་ཁོང་གིས་ཆུང་མ་ཁྲིད་དེ་སླར་ཡང་ཧྲུན་ཧོ་རུ་ལོག་པ་རེད།

ཁོང་གི་ཆུང་མ་ཉིག་ཡོ་ནས་གཅིག་པུར་ལོ་གཅིག་ལ་བསྡད་ཟིན། ལྷ་མོ་ཆེའི་ཆུང་མའི་བཟོ་ལྟ་ནི་དངོས་ནས་སྙིང་རྗེ་མོ་ཞིག་རེད། སྤྱིར་མོའི་ཁྱོ་གའི་ཟླ་ཕོགས་དེ་འདྲའི་མཐོ་རྒྱུ་མེད་ལ། མོས་ཀྱང་ཧ་ཅང་སྤྱིར་བཏང་གི་གྱོན་ཆས་གྱོན་ཡོད་རུང་། རང་ཉིད་ལ་ཤོམ་ཡག་མོ་བྱེད་ཤེས་པས། སྤྱིར་བཏང་གི་བུད་མེད་ལས་བརྒལ་བའི་སྒེག་ཉམས་ཞིག་མངོན་འདུག འདི་ནི་ལྷུན་ཆགས་ཀྱི་མཛེས་པ་ཞིག་རེད།

སྐབས་འདིར། སྤྱང་གྲུང་ལྡན་པའི་འཇར་པན་བས་རང་གི་རིག་པ་ལ་བརྟེན་ནས་མུ་ཏིག་གསོ་བའི་གནས་ཚུལ་ལབ་བྱུང་། ཁེ་ལེན་ཏཱས་ང་ཚོར་མུ་ཏིག་སྐོར་གྱི་ཁ་བརྡ་མང་པོ་བྱས། ངས་བསམ་ན་ལྷ་མོ་ཆེ་འདིའི་སྐོར་ལ་ཆ་རྒྱུས་ཆེན་པོ་མེད་ཀྱང་། ཁོས་ཁེ་ལེན་ཏཱ་དང་རྩོད་པ་བྱེད་པའི་གོ་སྐབས་གཅིག་ཀྱང་ཤོར་ཏུ་འཇུག་མི་སྲིད། ཅང་མ་འགོར་བར། ཁོ་གཉིས་རྩོད་པ་ཆེན་པོ་ཞིག་ཏུ་ཚུད།

ཐོག་མའི་སྐབས་སུ་ཁེ་ལེན་ཏཱས་འུར་ཆེན་པོའི་ངང་རྩོད་པ་བྱེད་ཀྱིན་ཡོད་ཀྱང་། ཡིན་ནའང་ཅུང་མ་འགོར་བར། ཁོ་རང་ཉིད་སུན་སྣང་སྐྱེས་ཡོད་པ་འདྲ། མཇུག་མཐར་ཁོ་རང་ལྷ་མོ་ཆེའི་ཚིག་གི་མདའ་མོ་ཞིག་གིས་རྨས་པ་ན། ལག་པས་ཅོག་ཙེའི་སྟེང་རྒྱག་ཞོར་“ངས་ཁྱོད་ལ་བཤད། འདིའི་ཕྱོགས་ནས་ང་ལ་སྐད་ཆ་བཤད་པའི་ཐོབ་ཐང་ཡོད། ཐེངས་འདིར་ང་རང་འཇར་པན་ལ་མུ་ཏིག་གི་འཚོང་རྒྱག་ཏུ་འགྲོ་བ་ཡིན། འདིའི་སྐོར་ནས་ཤེས་རྒྱ་ཅུང་ཡོད་མཁན་ཞིག་ཡིན་ཚེ་ངའི་གོང་གི་སྐད་ཆར་གནས་ལུགས་མེད་ཟེར་མཁན་གཅིག་ཀྱང་མེད་”ཅེས་བཤད་རྗེས། ཁོས་ཧ་ཅང་ཡིད་ཚིམ་པའི་ངང་མཐའ་འཁོར་གྱི་མི་ལ་བལྟས། “ང་རང་མུ་ཏིག་ལ་ཆ་རྒྱུས་ཟབ་མོ་ཡོད། མུ་ཏིག་གང་ཞིག་ཡིན་རུང་དེའི་བདེན་རྫུན་དང་ཡག་བཙོག་ངས་ལམ་སེང་ངོས་འཛིན་བྱེད་ཐུབ།” ཁོས་ལྷ་མོ་ཆེའི་ཆུང་མའི་མགུ་རྒྱན་བསྟན་ཏེ་བཤད་རྒྱུར་“ལྕམ་ལགས། ཁྱོད་ཀྱི་མགུལ་རྒྱན་འདི་རྩ་ཆེན་ཞིག་རེད། འདིའི་རིན་གོང་ད་ལྟ་ཡར་འཕར་བཞིན་ཡོད།”

ལྷ་མོ་ཆེའི་ཆུང་མའི་ངོ་མདོག་དམར་པོར་གྱུར་ཏེ། མགུལ་རྒྱན་མར་ཕུད་དེ་ཁུག་མའི་ནང་བཅུག

ལྷ་མོ་ཆེས་ཁེ་ལེན་ཏཱའི་སྐྱོན་ཅིག་རྙེད་བྱུང་བ་ནང་བཞིན་“ཁྱོད་ཀྱིས་ཤོད་དང་། མུ་ཏིག་འདི་ངོ་མ་ཞིག་ཨེ་རེད་”ཅེས་དྲིས།

ཁེ་ལེན་ཏཱས་“རེད་དེ། མུ་ཏིག་འདིའི་སྤུས་ཀ་ཧ་ཅང་བཟང་”ཞེས་བཤད།

“རེད། དེས་ན་ཁྱོད་ཀྱིས་ཤོད་དང་། འདི་ངས་ཉོས་པ་མིན་ཡང་། འདིའི་རིན་གོང་ག་ཚོད་ཡིན་པ་ངས་ཤེས་འདོད། ”

“སྤྱིར་བཏང་གི་ཚོང་རའི་ནང་ཨ་སྒོར་ཁྲི1.5རེད། འོན་ཀྱང་ཨ་རིའི་ཆེས་འབྱོར་ཕྱུག་ལྡན་པའི་ཚོང་ཁྲོམ་ལྔ་པའི་ནང་ཨ་སྒོར་ཁྲི1.3བྱིན་ནའང་ཉོ་ཐུབ།”ལྷ་མོ་ཆེས་ཁོང་དགོད་ཤོར།

“འདི་ནི་ངའི་ཆུང་མས་ཉིག་ཡོ་ནས་ཡོང་ཁར། བརྒྱ་ཟོག་ཚོང་ཁང་ཞིག་ནས་ཨ་སྒོར་བཅོ་བརྒྱད་བྱིན་ཏེ་ཉོས་ཡོང་བ་ཡིན། ”

ཁེ་ལེན་ཏཱའི་ངོ་མདོག་དམར་ལམ་ལམ་དུ་གྱུར། “རྫུན་མ་བཤད། མུ་ཏིག་འདི་ངོ་མ་ཡིན་པ་མ་ཟད། མུ་ཏིག་ཡག་ཤོས་ཀྱི་རིགས་སུ་གཏོགས།”

ལྷ་མོ་ཆེས་ངར་སློང་བཞིན“མུ་ཏིག་འདི་རྫུན་མ་ཡིན་པའི་ཐད། ཁྱོད་ཀྱིས་ང་དང་ཨ་སྒོར་བརྒྱའི་རྒྱན་འཇོག་ཨེ་ཐུབ་”ཟེར།

“ལོས་ཐུབ།” ལྷ་མོ་ཆེའི་ཆུང་མས་“མིན། ཁྱོད་ཀྱིས་འདི་ལ་ཁ་གཡར་ནས་གཞན་ལ་རྒྱན་འཛུགས་ག་ལ་ཆོག་”ཅེས་ཟེར། “མི་ཆོག་དོན་ཅི་ཡོད། གལ་ཏེ་དངུལ་བཙལ་བའི་གོ་སྐབས་ཤིག་འདི་ལྟར་བསྐྱུར་ཚེ་མི་དེ་བླུན་པོ་ཞིག་ཡིན་ཁོ་ཐག་རེད།” “འོན་ཀྱང་ཁྱོད་ཀྱིས་འདི་དངོས་པོ་རྫུན་མ་ཞིག་ཡིན་པར་བདེན་དཔང་བྱེད་ག་ལ་ཐུབ།”ཁེ་ལེན་ཏཱ་ཡིས་“དེ་ང་ལ་བལྟ་རུ་ཆུགས་དང་། ངས་རྫུན་མ་ཡིན་མིན་ཤེས་”ཞེས་བཤད།

“སྙིང་ཉེ་ལགས། དེ་སྐུ་ཞབས་དེར་བལྟ་རུ་ཆུགས།”

ལྷ་མོ་ཆེའི་ཆུང་མས་ཐེ་ཚོམ་དང་བཅས། ལག་ཟུང་དམ་པོར་འཇུས་ཏེ་ཅི་ཞིག་ལ་འདང་རྒྱག་བཞིན་འདུག

ལྷ་མོ་ཆེ་ཡིས་སྒུག་ནས་མ་བཟོད་པར། ཚུར་ཡོང་སྟེ་སྐེ་རྒྱན་ཕུད་དེ་ཁེ་ལེན་ཏཱ་ལ་བྱིན།

ངས་དོན་དག་ངན་པ་ཞིག་འབྱུང་རྒྱུ་ཡིན་པ་ཚོར་བྱུང་།

ཁེ་ལེན་ཏཱ་ཡིས་ཆེ་ཤེལ་ཞིག་བླངས་ཏེ་ཞིབ་ལྟ་བྱས་པ་དང་། ཡུད་ཙམ་འགོར་རྗེས། ཁོའི་གདོང་ལ་རྒྱལ་ཁའི་འཛུམ་ཞིག་ལངས་འདུག ཁོས་སྐེ་རྒྱན་ལྷ་མོ་ཆེའི་ཆུང་མ་ལ་སྤྲད་པ་དང་། སྐད་ཆ་བཤད་པར་བརྩམས་དུས། གློ་བུར་དུ་ལྷ་མོ་ཆེའི་ཆུང་མའི་ངོ་མདོག་སྐྱ་ཐལ་ལེར་གྱུར་འདུག་ཅིང་དེ་མ་ཐག་བརྒྱལ་འགྲོ་བ་དང་མཚུངས། ཁོ་མོས་མིག་ལ་རེ་ཐག་ཆད་པའི་རྣམ་འགྱུར་གྱིས་ཁེངས་ཏེ་སྐྱབས་རེ་བའི་ངང་ཁེ་ལེན་ཏཱ་ལ་བལྟས་འདུག ང་རང་ཡ་མཚན་པ་ཞིག་ལ། ལྷ་མོ་ཆེས་འདི་དག་མཐོང་མ་བྱུང་།

ཁེ་ལེན་ཏཱའི་ངག་ལྐུགས་ནས་ཡུད་ཙམ་ལ་སྐད་ཆ་ཅི་ཡང་བཤད་མ་ཐུབ། ཁོས་ཧུར་ཐག་གིས་ཅི་ཞིག་བཤད་འདོད་ཡོད་པ་ངས་ཚོར་ཐུབ།

ཁོས་བཤད་རྒྱུར “ང་ནོར་སོང་། འདི་ནི་རྫུན་མ་ཡག་ཤོས་ཤིག་རེད། ཨ་སྒོར་བཅོ་བརྒྱད་སྤྲད་ན་འཚམ་པོ་རེད།”

ཁོས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་སྒོར་ཁུག་ལས་ཨ་སྒོར་བརྒྱ་བླངས་ཏེ་ལྷ་མོ་ཆེ་ལ་སྤྲད།

ལྷ་མོ་ཆེའི་གདོང་ལ་ཡིད་ཚིམ་པའི་རྣམ་འགྱུར་ཅིག་ཞིག་ཏེ“འདིས་རྗེས་ཕྱོགས་ཁྱོད་རང་དེ་འདྲའི་རང་སྣང་ཆེ་རུ་མི་འགྲོ་བར་ཕན་ཡང་སྲིད”ཅེས་ཟེར།

ངས་ཁེ་ལེན་ཏཱ་ཡི་ལག་པ་འདར་བཞིན་ཡོད་པ་མཐོང་བྱུང་།

དོན་དག་འདི་མྱུར་མོར་གྲུ་ཐོག་གི་གང་སར་ཁྱབ་པ་དང་། ཁེ་ལེན་ཏཱ་ཡིས་མི་གཞན་པའི་འཕྱ་སྨོད་དང་ཐུབ་ཚོད་ལ་བཟོད་སྒོམ་མི་བྱེད་རང་བྱེད་དུ་གྱུར། སྐུ་ཞབས་མཁྱེན་རབ་ཅན་ལ་མཚོན་ན། འདི་ནི་དངོས་གནས་དགོད་བྲོ་བ་ཞིག་རེད། འོན་ཀྱང་། ལྷ་མོ་ཆེའི་ཆུང་མ་གཏན་ནས་ཕྱིར་བུད་མ་མྱོང་། གོ་ཐོས་སུ་མོའི་མགོ་ན་བཞིན་འདུག་ཟེར།

གསུམ།

ཕྱི་ཉིན་ཞོགས་པར། ང་རང་མལ་ལས་ལངས་ཏེ་ཁ་སྤུ་བཞར་དུས། ཁེ་ལེན་ཏཱ་མལ་ཁྲིའི་ཐོག་ཉལ་ཏེ་དུ་བ་འཐེན་བཞིན་འདུག གློ་བུར་དུ་ཏུའུ་ཏུའུ་ཞེས་པའི་སྒྲ་ཞིག་གྲག་པ་དང་བསྟུན། སྒོ་བར་ནས་འཕྲིན་ཡིག་ཅིག་ནང་ཏུ་གཡུགས་བྱུང་།

ངས་སྒོ་ཕྱེ་དུས་སྒོ་ཁར་ཅི་ཡང་མི་འདུག ངས་ཡིག་ཤུབས་ཡར་བླངས་པ་ན། ཐོག་ཏུ་ཁེ་ལེན་ཏཱ་ལ་སྤྲོད་རོགས་ཞེས་བྲིས་འདུག ངས་འཕྲིན་ཡིག་དེ་ཁོ་ལ་སྤྲད།“ འདི་གང་ནས་བསྐུར་ཡོང་བ་རེད།” ཁོས་ཡིག་ཤུབས་ཀྱི་ཁ་ཕྱེས་ཏེ་ཨོ་ཟེར་བ་དང་། ཡིག་ཤུབས་ལས་འཕྲིན་ཡིག་མིན་པར་ཨ་སྒོར་བརྒྱའི་ཤོག་དངུལ་བླངས་བྱུང་།

ཁོས་ང་ལ་ཐེངས་ཤིག་བལྟས་རྗེས། ཡིག་ཤུབས་གཤགས་ཏེ་མཚོ་གྲུའི་སྒེའུ་ཁུངས་ལས་ཕྱི་རུ་གཡུགས།

ཁོས་བཤད་རྒྱུར་“མི་སུ་ཡིན་རུང་གཞན་གྱིས་བླུན་པོ་ཞིག་ཏུ་ངོས་འཛིན་བྱེད་མི་འདོད།”

“མུ་ཏིག་དེ་ངོ་མ་ཨེ་རེད” ཁོས “གལ་ཏེ་ང་ལ་ཆུང་མ་མཛེས་མ་ཞིག་ཡོད་ཚེ། ངས་མོ་གཅིག་པུ་ཉིག་ཡོ་ནས་ལོ་གཅིག་ལ་གཏན་ནས་འདུག་ཏུ་འཇུག་མི་སྲིད་”ཅེས་ཟེར་བཞིན། སྒོར་ཁུག་ཕྱིར་བླངས་ནས་ཨ་སྒོར་བརྒྱ་དེ་ནང་དུ་བཞག

སྐབས་དེར། ང་རང་ཁེ་ལེན་ཏཱ་ལ་དེ་འདྲའི་མི་དགའ་རྒྱུའང་མེད་སྙམ་བྱུང་། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1