རང་རྒྱལ་གྱི་བཅའ་ཁྲིམས་ནང་དུ་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་བཞག་འཕེལ་རྒྱས་གཏོང་བར་གཏན་འབེབས་ག་རེ་ཡོད་དམ་།

མདོ་བསྡུས་སྐྱིད་ཀྱིས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01


《 མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།》ཀྱི་དོན་ཚན་71པའི་ནང་གཏན་འབེབས་བྱས་དོན། རྒྱལ་ཁབ་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་སློབ་གསོའི་ཐད་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་རྒྱུ་དང་སྦྲགས་དམིགས་བསལ་གྱི་བྱེད་ཐབས་ལའང་བརྟེན་ནས་མི་རིགས་རང་སྐྱོང་ས་གནས་སུ་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་སློབ་གསོའི་བྱ་བཞག་གཞན་དག་འཕེལ་རྒྱས་སུ་གཏོང་བར་རོགས་རམ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་ཚན་རིག་དང་རིག་གནས་ཀྱི་ཤེས་ཚད་མཐོ་རུ་གཏོང་རྒྱུ།

རྒྱལ་ཁབ་ཀྱིས་མི་རིགས་མཐོ་རིམ་སློབ་གྲྭ་འཛུགས་གཉེར་བྱ་རྒྱུ་དང་། མཐོ་རིམ་སློབ་གྲྭར་མི་རིགས་ཀྱི་འཛིན་གྲྭ་དང་མི་རིགས་ཀྱི་གྲ་སྒྲིག་ཚན་ཁག་འཛུགས་གཉེར་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་བ་དམིགས་བཀར་རམ་གཙོ་བོ་བསྡུ་བར་མ་ཟད། བསྡུ་ཡུལ་གཏན་འཁེལ་གྱིས་སློབ་གྲྭ་བ་བགོ་འགྲེམས་བྱས་པའི་ཐབས་ཤེས་སྤྱད་ཆོག མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་ཆེད་ལས་སློབ་གྲྭས་སློབ་ཕྲུག་གསར་པ་བསྡུ་སྐབས་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མ་རྣམས་ལ་བསྡུ་བའི་ཚད་གཞི་དང་ཆ་རྐྱེན་བབ་མཚུངས་ཀྱིས་ལྷག་ཏུ་གཏོང་རྒྱུ། མི་འབོར་ཧ་ཅང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མ་རྣམས་ལ་དམིགས་བསལ་གྱི་ལྟ་རྟོག་བྱ་དགོས།

རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་སློབ་གྲྭས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཁྱིམ་ཚང་འབྱོར་བ་ཞན་པའི་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་བས་སྦྱོང་ཚན་ལེགས་འགྲུབ་བྱ་རྒྱུར་རོགས་སྐྱོར་བྱ་དགོས།

རྒྱལ་ཁབ་ཀྱིས་དར་རྒྱས་ཆེ་བའི་ས་ཁུལ་དུ་མི་རིགས་ཀྱི་སློབ་འབྲིང་འཛུགས་གཉེར་བྱེད་པའམ་ཡང་ན་སློབ་འབྲིང་དཀྱུས་མར་མི་རིགས་ཀྱི་སློབ་གྲྭ་འཛུགས་གཉེར་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་བ་བསྡུས་ནས་འབྲིང་རིམ་སློབ་གསོ་ལག་བསྟར་བྱ་རྒྱུ།

རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་ཀྱིས་མི་རིགས་ཁག་གི་དགེ་རྒན་གསོ་སྐྱོང་དང་སྦྱོང་བརྡར་བྱ་རྒྱུར་རོགས་རམ་བྱ་རྒྱུ། རྒྱལ་ཁབ་ཀྱིས་མི་རིགས་ཁག་གི་དགེ་རྒན་དང་དགེ་རྒན་བྱེད་པའི་ཆ་རྐྱེན་འཛོམས་པའི་མི་རིགས་ཁག་གི་སྦྱངས་ཐོན་སློབ་མ་མི་རིགས་ཁག་གི་ས་གནས་སུ་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་དོན་བསྒྲུབ་པར་འགྲོ་བའི་སྒྲིག་འཛུགས་དང་བསྔགས་བསྐུལ་བྱ་བར་མ་ཟད། དེ་ཚོར་བབ་མཚུངས་ཀྱི་གཟིགས་སྐྱོང་ཡང་བྱ་རྒྱུ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1