རིག་གནས་རྣམ་བཤད་།

པད་ཚེས་བོད་ཡིག་ཏུ་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01


བརྒྱད་པ། དངོས་པོའི་རྣམ་པ་ནི་དེའི་རང་བཞིན་ནམ་འཕྲོས་པའི་རང་བཞིན་གྱིས་ཐག་བཅད་པ་ཞིག་རེད།

མཚོ་ངོས་སུ་གཡེང་ཐུབ་པའི་གྲུ་གཟིངས་ཞིག་གི་བཟོ་སྐྲུན་གྱི་ཞིབ་ཕྲའི་བཀོད་སྒྲིག་ལ་མི་འདྲ་ས་སྣ་ཚོགས་ཡོད་མོད། དེའི་རྣམ་པ་ནི་ཆ་རྐྱེན་མང་པོ་ཞིག་གིས་ཐག་གཅོད་བྱས་པ་རེད། གྲུ་གཟིངས་བཟོ་བ་ནི་མཚོ་ཁ་རུ་བགྲོད་པའི་ཆེད་དུ་ཡིན་པས། དེ་ལ་ཐོག་མ་ནས་“ཚད་ཡོད་ཀྱི་གཞན་འགྱུར་”ཞེས་པའི་རྩ་དོན་དེས་ཚོད་འཛིན་བྱས་ཡོད། དེ་ལས་ཆེས་གལ་ཆེ་བ་ཞིག་ནི་ཐོག་མར་གྲུ་ཡི་རིགས་སུ་གྱུར་བ་ཞིག་ཡིན་ཕྱིན་ངེས་པར་དུ་ཆུ་ངོས་སུ་གཡེང་ཐུབ་པ་ཞིག་དགོས། གཟིངས་དང་། ཀོ་གྲུ། རྐྱལ་བ། ཟབ་ཚད་བརྟག་ཆས་སོགས་ལ་དེ་ལྟའི་ཁྱད་ཆོས་ལྡན་ལ་དེ་དག་སྐྱེལ་འདྲེན་གྱི་ཆེད་དུ་སྤྱོད་པ་ཡང་མང་། ཡིན་ཡང་མཚོ་གྲུ་ངོ་མ་ཞིག་ལ་མཚོན་ན་གཤམ་གྱི་ཁྱད་ཆོས་འདི་དག་ལྡན་དགོས་ཏེ། ཐོག་མར་བརྟན་བརླིང་གི་རང་བཞིན་ལྡན་དགོས་ལ། ཁ་ལོ་སྐོར་ཆས་ལ་བརྟེན་ནས་ཁ་ལོ་བསྒྱུར་དགོས། མདུན་དུ་སྐྱོད་སྐབས་གཞུང་རྟའི་མགོ་གང་དུ་ཕྱོགས་པ་དེའི་ཕྱོགས་ལ་སྐྱོད་དགོས་པ་དང་། ཕྲེད་དུ་ཕྱོགས་གཉིས་ལ་བསྐྱེད་པའི་ཁོག་པ་དང་འདབ་སྟེགས་ཀྱིས་འདེགས་ཚད་དོ་མཉམ་ཡོང་ཞིང་། ལྗིད་ཚད་ངེས་ཅན་གྱི་དངོས་པོ་འདེགས་པའི་ནུས་པ་སོགས་ཡོད་དགོས། ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་དེ་དག་གི་དབང་གིས་གྲུ་ཡི་རིགས་སུ་གྱུར་བ་མཐའ་དག་ལ་དམིགས་གསལ་དུ་ཁོག་སྟོང་པ་དང་ཕྲ་ལ་རིང་བའི་ཕྱིའི་བཟོ་དབྱིབས་ཀྱི་རྣམ་པ་དེ་དང་ལྡན་པ་རེད། གྲུའི་ལུས་བརྟན་པོ་ཡོང་པའི་ཆེད་དུ། ཁོད་ཡངས་ཤིང་རྒྱུ་ཤིང་ལས་བྱས་པའི་གྲུ་ལུས་བཟོ་དགོས་ལ། དེ་ལ་ཆུ་ཁར་གཡེང་བྱེད་ཀྱི་ཤིང་ལེབ་དང་རྐྱལ་བ་སོགས་ཀྱང་འདོགས་དགོས། གྲུ་སྟེགས་དང་བསྣོལ་སྦྲེལ་བྱས་པའི་གྲུ་ཁེམ་གཅིག་གམ་གཉིས་ཙམ་ཞིག་དགོས་མོད། དེ་ལ་དམིགས་གསལ་གྱི་གཏན་ཁེལ་མེད་པར་རང་རང་གི་རིག་གནས་ཀྱི་དགོས་མཁོ་ལྟར་གང་འདོད་དུ་གདམ་ཆོག གྲུའི་འགུལ་སྐྱོད་ནི་མིའི་ལུས་ཤུགས་དང་རང་བྱུང་གི་རླུང་ཤུགས་ལ་ཡང་བརྟེན་ཆོག གཞན་གྲུའི་དར་ཤིང་གི་བཟོ་བཀོད་དང་རྣམ་པ། གྲུ་ཁེམ་གྱི་བཟོ་དབྱིབས་དང་རྒྱུ་ཆ་སོགས་ལ་འདི་དང་འདིའོ་ཞེས་གཏན་ཁེལ་གང་ཡང་མེད་པས་འགྱུར་བ་སྣ་ཚོགས་གཏོང་ཆོག །

དེ་བས། ང་ཚོས་མཚོ་ངོས་སུ་གཡེང་ཐུབ་པའི་གྲུ་ཞིག་བཟོ་བར། དེའི་རྩ་བའི་ཁྱད་གཤིས་མང་པོ་ཞིག་ལ་འགྱུར་བ་འགྲོ་མི་སྲིད་པར་དེ་དག་ནི་དེའི་འགུལ་སྐྱོད་ཀྱི་ངོ་བོས་ཐག་གཅོད་བྱས་པ་ཞིག་ཡིན་པ་ཤེས་ཐུབ། ཡང་ཁྱད་གཤིས་ལ་ལར་འགྱུར་བ་འགྲོ་ཆོག་ན་ཡང་། དེ་དག་ནི་གནད་དོན་གཅིག་ཐག་གཅོད་པའི་ཐབས་ལམ་མི་འདྲ་བ་སྣ་ཚོགས་ཡོད་པས་ཡིན་སྲིད་ལ། གནད་དོན་གཅིག་ཐག་གཅོད་སྐབས་ཀྱི་ཞིབ་ཕྲའི་བརྒྱུད་རིམ་སྣ་ཚོགས་ཀྱི་ཁྲོད་ནས་བྱུང་བ་ཡང་ཡིན་སྲིད། དབྱུག་པའམ། འཇོར་རམ། མེ་མདའ་འམ། ཕུབ་ལྟ་བུ་སོགས་ཡོངས་ཁྱབ་རང་བཞིན་ལྡན་པའི་དངོས་ཆས་ཤིག་ཡིན་ཕྱིན། མིའི་ལུས་སྟེང་གི་དགོས་མཁོ་གང་རུང་ཞིག་སྐོང་བ་འམ། ཡང་ན་སྤྱད་ཚར་རྗེས་མེད་པར་གཏང་ཆོག་པའི་མཛད་སྤྱོད་ཀྱི་དངོས་པོའི་རིགས་སུ་གཏོགས་པས། ངེས་པར་དུ་མིའི་ལུས་སྟེང་གི་དགོས་མཁོས་ཐག་གཅོད་བྱས་པའི་ཆ་རྐྱེན་དེ་དག་དང་མཐུན་དགོས། དཔེར་ན། བཟའ་བཅའི་རིགས་ལ་མཚོན་ན། ཐོག་མར་དེ་ལ་འཚོ་བཅུད་ངེས་ཅན་ཞིག་ཡོད་དགོས་ལ། དེ་ནས་མིའི་ཁོག་པས་འཇུ་ཐུབ་པ་དང་དུག་མེད་པ་ཞིག་ཡིན་དགོས། དེ་ལ་ད་དུང་ཁོར་ཡུག་དང་རིག་གནས་ཀྱིས་ཤུགས་རྐྱེན་མི་འདྲ་བ་སྣ་ཚོགས་ཀྱང་ཐེབས་སྲིད། དེ་བཞིན་སྡོད་ཁང་དང་གྱོན་པ། དྲོད་ཁོལ་དང་འོད་སྣང་གིི་འབྱུང་ཁུངས་སུ་གྱུར་བའི་མེ། མཚོན་ཆ། གྲུ། ལམ་སོགས་ཀྱང་དེ་དག་དང་འབྲེལ་བའི་མིའི་ལུས་སྟེང་གི་དགོས་མཁོ་གང་རུང་ཞིག་གིས་ཐག་གཅོད་བྱས་པ་རེད། ཡང་ལག་ཆ་དང་འཕྲུལ་ཆས་སོགས་དངོས་རིགས་གཞན་པ་ཐོན་སྐྱེད་བྱེད་ཆས་སྟེ། གཏུབ་བྱེད་དང་། གཞོག་བྱེད། དཀྲི་བྱེད། དཀྲུག་བྱེད། རྡུང་བྱེད། འབིགས་བྱེད་སོགས་ཀྱི་ཕྱིའི་རྣམ་པ་ཡང་དེ་དག་གི་སྤྱོད་སྒོས་ཐག་གཅོད་བྱས་པ་ཡིན་པས་དེ་དག་ལ་ཡང་གཞན་འགྱུར་གྱི་ཚད་ཤིན་ཏུ་ཆུང་ངོ་། །

གནས་ཚུལ་འདི་ལྟ་བུའི་འོག་ཏུ། དངོས་ཆས་ཞིག་གི་རྩ་བའི་རང་བཞིན་ནི་འགྱུར་མེད་གཏན་འཇགས་ལྟ་བུ་ཡིན་ཡང་། དེའི་ཞིབ་ཕྲའི་རྣམ་པ་དང་བཟོ་བཀོད་ལ་གཞན་འགྱུར་གྱི་སྣང་ཚུལ་མང་པོ་འབྱུང་སྲིད། དེ་ལས་ཅུང་དོན་སྙིང་དང་ལྡན་པ་ཞིག་ནི། རིག་གནས་གང་ཞིག་གི་ཁོངས་སུ་གཏོགས་པ་ཡིན་ཡང་། གཞན་འགྱུར་བྱུང་བ་དེ་དག་ལ་ངེས་གཏན་ཅི་ཡང་མེད་པ་ཞིག་མ་ཡིན་པར་དེ་དག་ལ་གཏན་ཁེལ་གྱི་རྣམ་པ་རེ་ཡོད་སྟེ། གལ་སྲིད་རིག་གནས་ཤིག་གིས་དངོས་ཆས་ཀྱི་རྣམ་པ་ཞིག་བདམས་ཚར་བ་ཡིན་ན། དེས་ནམ་ཡང་དེ་ལྟར་རྒྱུད་འཛིན་བྱེད་པ་ཡིན་ནོ། །དཔེར་ན་ཞི་བདེ་རྒྱ་མཚོའི་ཁ་ན་འཚོ་བའི་མི་རིགས་ཁག་གིས་སྤྱོད་བཞིན་པའི་གྲུ་གཟིངས་སྣ་ཚོགས་ཏེ། ཤིང་བསྒྲིགས་ནས་བཟོས་པའི་སྟབས་བདེའི་གཟིངས་ནས་སྡོང་རྐང་གཅིག་གིས་བཟོས་པའི་གྲུ་ཆུང་བར་ཀྱི་གྲུའི་རིགས་སུ་གྱུར་བ་ཚང་མའི་རྣམ་པ་ལ་འགྱུར་ལྡོག་དེ་ཙམ་མེད། དེ་དག་གི་ཆེ་ཆུང་དང་། བཟོ་བཀོད། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་དམིགས་ཡུལ་སོགས་ལ་རིགས་དང་དབྱེ་བ་མང་པོ་མེད་པར། མང་ཆེ་བས་སྔར་སྲོལ་གྱི་རྣམ་པ་དེ་རྒྱུད་འཛིན་བྱས་ཡོད། དེ་དག་གི་ཞིབ་ཕྲའི་མཛེས་བཟོའི་ཆ་དང་བཟོ་བཀོད་སོགས་ལ་ཡང་འགྱུར་བ་ཆེན་པོ་གང་ཡང་མེད་དོ། །

སྔོན་ཆད་ཀྱི་མིའི་རིགས་རིག་པའི་མཁས་པ་རྣམས་ཀྱིས་ཕྱིའི་བཀོད་པ་ཕལ་བ་དེ་དག་ཁོ་ན་ལ་དོ་སྣང་མང་དུ་མཛད་པ་ཡིན་མོད། དེ་དག་ནི་དངོས་ཆས་དེ་དག་གི་བྱེད་ནུས་གཙོ་བོ་ལ་བརྟེན་ནས་འགྲེལ་མི་ཐུབ། ཞིབ་ཕྲའི་རྣམ་པ་ལ་ལར་ལྟོས་དབང་གིས་འདྲ་བའི་ཆ་རེ་ལྡན་པ་ནི། ཁེར་ཚུགས་གིས་གསར་གཏོད་བྱས་ཤིང་བརྒྱུད་སྤེལ་བྱས་པར་འདོད་མཁན་ཡོད་མོད། ང་ཚོས་གོང་དུ་དབྱེ་ཞིབ་བྱས་པ་ལྟར་ན། བེད་སྤྱོད་བྱེད་མཁན་སྒེར་དང་ཚོགས་པ་གང་རུང་གི་བསམ་བློ་དང་ཁེ་དབང་། ཆོས་ལུགས་ཆོ་གའི་སྟེང་གི་འབྲེལ་བ་ལྟ་བུ་སོགས་རིག་གནས་ཀྱི་བཀོད་པ་དེ་དག་གིས་ད་གཟོད་ང་ཚོ་ལ་གསལ་ཁ་ཕྱེ་ཐུབ། ལག་རྟེན་ཞིག་གི་མཛེས་བཟོའི་ཆ་ནི་དེའི་རིག་གནས་དང་། ཆོ་ག་དང་། ཆོས་ལུགས་སོགས་ཀྱི་ནང་དོན་མངོན་སྟངས་ཤིག་རེད། དེ་བཞིན་ས་རྐོ་བྱེད་ཀྱི་དབྱུག་པ་ཞིག་ལ་མཚོན་ན། དེས་བརྐོ་བྱའི་ས་འདམ་གྱི་ངོ་བོ་དང་། གདབ་བྱའི་འབྲུ་རིགས་གི་དབྱེ་བ་སོགས་ལ་བརྟེན་ནས། དེའི་ལྕི་ཡང་དང་། རྩེ་མོ་རྣོ་མིན་སོགས་ཐག་གཅོད་བྱས་ཡོད། ལྷོ་རྒྱ་མཚོ་ཁའི་གྲུ་རྐང་གཅིག་མའི་གྲུ་སྟེགས་སྟེང་དུ་གྲུ་ཁེམ་སྣོལ་ས་ཡོད་པ་ནི་གྲུ་བརྟན་པོ་ཡོང་བ་དང་ཁ་ལོ་བསྒྱུར་བདེ་བའི་ཆེད་དུ་ཡིན། དེ་བཞིན་ཁོ་ཚོའི་རིག་གནས་ཀྱི་ཆུ་ཚད་དང་རྒྱུ་ཆའི་ཚད་དཀག་གི་སྟེང་ནས་ཀྱང་ཡོ་ཆས་འདི་ལྟ་བུ་ལ་འགྲེལ་བཤད་བྱ་ཐུབ་བོ། །

ཡིན་ཡང་ང་ཚོས་འདིར་ངེས་པར་དུ་བསྟན་དགོས་པའི་གནད་འགག་ཅིག་ནི། ཚན་རིག་གི་ངོས་ནས་ཆེས་ཐོག་མར་ཞིབ་འཇུག་དང་དོ་སྣང་བྱེད་ས་ནི་ཆེས་རྩ་བ་དང་གཙོ་བོར་གྱུར་བའི་རྒྱུ་ཆ་དེ་དག་ཡིན་དགོས་པ་དང་། གལ་ཏེ་མིའི་རིགས་རིག་པ་བ་རྣམས་ཀྱིས་གཙོ་ཕལ་གཉིས་ལས་ཕལ་བའི་ཕྱོགས་དང་། ངོ་བོ་དང་འབྲེལ་བ་ཆེན་པོ་མེད་པའི་ཕྱོགས་དེ་དག་ལ་ཉམས་ཞིབ་བྱས་པ་ཡིན་ན། དེ་ནི་ཐབས་ལམ་གྱི་ནོར་འཁྲུལ་དུ་འཁུམས་སོ། །

དེ་ནས་ང་ཚོས་ད་དུང་ངེས་པར་དུ་སེམས་ལ་འཛིན་དགོས་པ་ཞིག་ནི། ཚན་རིག་ཞིབ་འཇུག་པ་རྣམས་ཀྱི་ལས་འགན་ཆེ་ཤོས་ནི་དོན་དངོས་ལ་ཤེས་རྟོགས་ཐུབ་རྒྱུ་དེ་ཡིན་ལ། དོན་དངོས་ལ་ཤེས་རྟོགས་བྱུང་རྗེས་ནམ་རྒྱུན་བསམ་བློ་འདུ་ཤེས་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ཚུགས་མི་ཐུབ་པར་གྱུར་འགྲོ། གོང་དུ་ང་ཚོས་དངོས་ཆས་ཤིག་གི་བཟོ་བཀོད་དང་དེའི་སྤྱོད་སྒོ་གཉིས་ཟུང་དུ་འབྲེལ་རྗེས་ད་གཟོད་དེའི་རིག་གནས་ཀྱི་ཕུང་པོ་དེ་གྲུབ་ཚུལ་བཤད་ཟིན། དེ་བས་གྲུ་གཟིངས་ཤིག་གམ། དབྱུག་པ་ཞིག ཡང་ན་ཡོ་ཆས་སོགས་དངོས་པོ་གང་ཡིན་ཡང་། དེ་དག་ལ་ལག་རྩལ་དང་དཔལ་འབྱོར། སྤྱི་ཚོགས། ཆོ་ག་སོགས་དང་འབྲེལ་བའི་སྤྱོད་སྒོ་དང་བྱེད་ནུས་ཅི་ཡོད་མ་ཤེས་ཚེ། ང་ཚོས་དངོས་ཆས་དེ་དག་དང་འབྲེལ་བའི་ཤེས་བྱ་ཡོངས་སུ་རྫོགས་པ་རྟོགས་ཐབས་མེད། གལ་ཏེ་དངོས་པོ་ཞིག་གི་གནས་ཚུལ་དངོས་མ་རྟོགས་པར་དེ་ལ་གང་འདོད་དུ་འགྲེལ་བཤད་བརྒྱབ་པ་ཡིན་ན། དེ་ནི་ཚན་རིག་དང་མཐུན་པ་མ་ཡིན་པས། ང་ཚོས་དངོས་པོ་ཞིག་གི་གནས་ཚུལ་ཡོངས་སུ་རྫོགས་པ་ཡང་དག་པར་རྟོགས་རྗེས། དེ་ལ་དེ་ལས་ལྷག་པའི་འགྲེལ་བཤད་ཅིག་རྒྱག་དགོས་པ་མི་འདུག་སྙམ་པའི་ཚོར་བ་ཞིག་སྟེར་ངེས། ཚན་རིག་པ་ཞིག་གི་མཐར་ཐུག་གི་འགན་འཁྲི་ནི། དངོས་ཆས་གང་ཞིག་གི་ཤེས་བྱ་ཡོངས་སུ་རྫོགས་པ་རྟོགས་ཚར་པ་ར་སྤྲད་རྒྱུ་དང་། དེ་ནས་ང་ཚོ་ལ་ལྟ་ཞིབ་བྱེད་ཆས་དང་། ཐབས་ལམ་སྣ་ཚོགས། ད་དུང་རྩ་དོན་དང་རྣམ་གཞག མིང་བརྡ་སོགས་འདོན་སྤྲོད་བྱས་ཏེ། ཞིབ་འཇུག་གི་དངོས་གཞིའི་སྐབས་སུ་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད། དེ་ལྟ་ན་ད་གཟོད་དངོས་ཡོད་གནས་ཚུལ་ལ་ཞིབ་གསལ་ཡང་དག་གིས་ཞིབ་འཇུག་དང་འགྲེལ་བརྗོད་བྱ་ཐུབ་པ་ཡིན་ནོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1