༄༅།། སྙན་ངག་འབྲི་བའི་བུ་མོ་ཞིག་ལ།

ཡེ་ཤེས་འཚོ། རྩོམ་སྒྲིག་པ།འབྲོང་ཕྲུགཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-01



མཚོ་ལྷོ། འབྲོང་ཕྲུག

རི་མོ་པ། ཡེ་ཤེས་འཚོ།

 


མཚན་མོ་ཧ་ཅང་ནག་ན་ཡང་།
མིག་ཟུང་འོད་ཀྱིས་འཛུམ་སྟེ།
ང་ལ་ཅི་ཡང་མི་སྨྲ་བའི་མཆུ་སྒྲོས་ཆུང་ཆུང་།
འགུལ་ཙམ། འགུལ་ཙམ་གྱིས།
འཇིག་རྟེན་གྱི་བདེ་སྡུག་མཐའ་དག་ག་ལེར་ཁྲིད་ཡོང་།
ངས་ཙོང་ཆུའི་འགྲམ་ངོགས་ནས་རྙེད་པའི།
དྭངས་གཙང་གི་ཆུ་མིག་ཆུང་ཆུང་ཁྱོད།
ཐོགས་རེག་མེད་པའི་བཞུར་རྒྱུན་ཁོ་ནས།
ང་རང་མཐའ་མེད་པའི་སྡུག་བསྔལ་གྱི་གཞུང་ལ་སྦྱར།
མཚན་མོ་ཧ་ཅང་ཐུང་ནའང་།
རྨི་ལམ་ལ་རྫོགས་པ་མེད་པའི་རེ་སྒུག་འཛུམ།
རྨི་ལམ་ཧ་ཅང་ཐུང་ནའང་།
མཚན་མོ་ལ་ཟད་རྒྱུ་མེད་པའི་གཤོག་པ་སྐྱེས།
ཏག་ཏག དུས་ཚོད་དེ་ག་ཙམ་དུ།
ང་ལ་ལྦུ་ཆང་གི་སྐོམ་གདུང་ལྟ་བུའི།
བརྩེ་དུང་གི་སྐོམ་པ་གཞན་ཞིག་ལངས།
འཇིག་རྟེན་གྱི་མཛེས་སྡུག་གཞན་དག
རབ་རིབ་ཏུ་གྱུར། མག་མོག་ཏུ་གྱུར།
ང་ནི་སྤྲིན་པ་ཡང་མོ་ཞིག
ང་ཡི་སྤྲིན་པ་ཡང་མོ། ཡང་དྲགས་ཏེ།
ཁྱོད་ཀྱི་རྨི་ལྗོངས་སུ་སིམ་ཐབས་མི་འདུག
ཁྱོད་ཀྱི་རྨི་ལྗོངས་སུ། སྐར་འོད་ལམ་ལམ།
ཡོད་ཚད་དེ་ལྟར་སྐད་བརྡས་དཔོག་དཀའ་ནའང་།
ང་ལ་ད་དུང་མཐའ་མེད་པའི་གྱེས་གདུང་ལྕི།
ང་ལ་ད་དུང་མཐའ་མེད་པའི་རེ་སྒུག་ལྕི།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1