༄༅།། སེམས་ཀྱི་གད་རྒྱངས།

རྨེ་རུ་མགོན་པོ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-04


——གསུམ་བརྒྱད་བུད་མེད་དུས་ཆེན་ལ་ལེགས་སྐྱེས་སུ།

ཀན་ལྷོ། རྨེ་རུ་མགོན་པོ་སྐྱིད།


མ་སྲུ་ཚོ།
འཚོ་བ་ནི་གོས་ཆེན་སེར་པོ་ཞིག་ཡིན་ན།
འུ་ཅག་ནི་དེའི་སྟེང་གི་གསེར་གྱི་འཁོར་ལོ་ཡིན་འདུག
ང་ཚོས་འཚོ་བ་ལ་ནམ་ཡང་མཛེས་སྡུག་གི་ཁ་དོག་སྦྱིན་མྱོང་བས།
འཚོ་བ་ལ་ང་ཚོ་གཏན་ནས་མེད་དུ་མི་རུང་།

མ་སྲུ་ཚོ།
འཚོ་བ་ནི་ལྷང་ལྷང་གི་སྙན་དབྱངས་དེ་ཡིན་ན།
འུ་ཅག་ནི་དེའི་ཁྲོད་ཀྱི་འགྱུར་ཁུགས་ལྷད་མེད་དེ་ཡིན་འདུག
ང་ཚོས་འཚོ་བ་ལ་ནམ་ཡང་བདེ་སྐྱིད་ཀྱི་སེམས་འགྱུ་གནང་མྱོང་བས།
ང་ཚོ་ནི་དུས་རྟག་ཏུ་འཚོ་བ་འདིའི་མཚར་སྡུག་ཆུན་པོ་ཞིག

མ་སྲུ་ཚོ།

ཁ་སང་། ང་ཚོས་འཚོ་བ་འདིའི་གསོན་ཤུགས་ཀྱི་ཆེད་དུ།
རང་ཉིད་ཀྱི་སེམས་ཤུགས་ཡོད་ཚད་ཕུལ་མྱོང་ལ།
དཀའ་སྡུག་གི་ཚོར་བ་གང་མང་མྱངས་མྱོང།
དེ་ཡང་ང་ཚོའི་བསྙོན་དུ་མེད་པའི་མཛད་རྗེས་ཤིག་ག་ལ་མིན་ཨང་།
མཐོན་པོའི་སྒང་ལ་བུད་ནས་ལྟོས་དང་།
འཚང་ཁ་རྒྱག་བཞིན་པའི་རྗེས་རབས་པའི་དཔུང་གདང་དང་།
རླབས་ཆེན་གྱི་སྐྱེས་བུ་དམ་པ་ཚོའི་མཛད་རྣམ་མཐོང་ཐུབ།
འདི་དག་ལས་གང་ཞིག་ང་ཚོའི་བྱང་ཁོག་བརྒྱུད་ནས་མ་སྐྱེས་པ་ཡོད་དམ།

མ་སྲུ་ཚོ།

ང་ཚོ་ནི་འཇིག་རྟེན་འདིའི་རླབས་ཆེན་གྱི་མ་ཡུམ་ཡིན་པས།
འུ་ཅག་ནི་འཚོ་བ་འདིའི་ཡོད་ཚད་ག་ལ་མིན་ཨང་།
ལོ་རྒྱུས་ཀྱི་གླེགས་བམ་དུ་གནས་པའི།
མ་ཡུམ་མྱང་ཚ་དཀར་རྒྱན་གྱི་ཤེས་རབ་དང་སྟོབས་ཤུགས།
ཨ་ཅེ་སེང་ལྕམ་འབྲུག་མོའི་འགྲན་མེད་ཀྱི་མཛེས་སྡུག
མ་ཅིག་ལབ་སྒྲོན་གྱི་ཁྱད་མཚར་བའི་མཛད་རྣམ་སོགས།
འུ་ཅག་གི་ངོ་མཚར་བའི་བསྡུས་གཟུགས་ཤིག་ག་ལ་མིན་ཨང་།

མ་སྲུ་ཚོ།
ང་ཚོས་ཁྱིམ་ལས་ཙག་ཙིག བུ་ཕྲུག་སྙོར་སྐྱོང་།
ཟ་མ་གཡོས་སྦྱོར་གྱི་གསེང་ནས།
མི་ཚེ་འདུར་རྒྱུག་དང་འཚོ་བ་བྲེལ་ཟིང་ལ་བསྐུར་ཏེ།
རྒས་གཉེར་གྱི་རི་མོ་ཐོད་ལ་བྲིས་མྱོང་བ་གྲངས་མེད་ཡིན།

མ་སྲུ་ཚོ།

ཨ་མ་ནི་འཇིག་རྟེན་འདིའི་དགེ་རྒན་དང་པོ་དང་།
དགེ་རྒན་ནི་འཇིག་རྟེན་འདིའི་མ་ཡུམ་གཉིས་པ་ཡིན་པས།
འུ་ཅག་ནི་འཇིག་རྟེན་འདིའི་སྟེང་གི་ཆེས་དྲོད་སྐྱིད་ལྡན་པའི།
གསེར་མདོག་གི་ཉི་མ་སེར་པོ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1