བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་གལ་ཆེའི་རྩོམ་ཡིག་འགོ་བརྗོད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་གནད་དོན་འགའ་ཞིག་ཅེས་འཁོད་པ་ཞིག་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-01


        སྤྱི་ཟླ་4པའི་ཚེས1ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བདུན་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་རྩོམ་ཡིག འགོ་བརྗོད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་གནད་དོན་འགའ་ཞིག་ཅེས་འཁོད་པ་ཞིག་སྤེལ་ཡོད་པ་རེད།
        རྩོམ་ཡིག་ནང་། འགྲོ་ལམ་གྱི་གནད་དོན་ནི་ཏང་གི་བྱ་གཞག་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་ཡོད་པའི་གནད་དོན་ཨང་དང་པོ་དེ་ཡིན། འགྲོ་ལམ་ནི་ཏང་གི་ཚེ་སྲོག་ལྟ་བུ་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་ཀྲུང་གོའི་སྤྱི་ཚོགས་གོང་འཕེལ་གྱི་ལོ་རྒྱུས་གཏན་ཚིགས་ཀྱི་རྩོད་སྒྲུབ་ཀྱི་གཅིག་གྱུར་ཡིན་པ་དང་། ཀྲུང་གོའི་ས་གཞི་ཆེན་མོར་གཞི་རྐང་ཚུགས་ཤིང་། ཀྲུང་གོའི་མི་དམངས་ཀྱི་འདོད་འདུན་མཚོན་པ། ཀྲུང་གོ་དང་དུས་རབས་གོང་འཕེལ་ཡར་རྒྱས་ཀྱི་བླང་བྱ་དང་འཚམས་པའི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཡིན་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཚར་བ་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་གྱུར་ཡོང་བ་བྱ་རྒྱུ་བཅས་ཀྱི་ལྡོག་མེད་ལམ་བུ་ཞིག་ཡིན་ཞེས་ནན་སྟོན་གནང་འདུག
        རྩོམ་ཡིག་ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་སྤྱི་ཚོགས་རིང་ལུགས་ཡིན་པ་ལས་རིང་ལུགས་གཞན་གང་ཡང་མིན། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་དོར་མི་རུང་བ་དང་། དོར་ན་སྤྱི་ཚོགས་རིང་ལུགས་མིན་པར་གྱུར་བ་རེད། རྒྱལ་ཁབ་ཅིག་གིས་རིང་ལུགས་གང་འདྲ་ཞིག་ལག་བསྟར་བྱེད་པའི་འགག་རྩ་ནི་རིང་ལུགས་དེས་རྒྱལ་ཁབ་དེར་འཕྲད་པའི་ལོ་རྒྱུས་རང་བཞིན་གྱི་བརྗོད་གཞི་ཐག་གཅོད་བྱེད་ཐུབ་མིན་ལ་རག་ལུས་ཡོད། ལོ་རྒྱུས་དང་དངོས་ཡོད་ཀྱིས་ང་ཚོར་བཤད་པར། སྤྱི་ཚོགས་རིང་ལུགས་ཁོ་ནས་ཀྲུང་གོ་སྐྱོབ་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁོ་ནས་ཀྲུང་གོ་གོང་འཕེལ་གཏོང་ཐུབ། དེ་ནི་ལོ་རྒྱུས་ཀྱི་མཇུག་སྡོམ་དང་མི་དམངས་ཀྱི་བདམ་ཀ་ཡིན་ཞེས་བསྟན་འདུག
        རྩོམ་ཡིག་ནང་། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་བྱས་པ་དེར་བསྒྱུར་བཅོས་སྒོ་དབྱེའི་གོང་དང་བསྒྱུར་བཅོས་སྒོ་དབྱེའི་རྗེས་ཀྱི་ལོ་རྒྱུས་ཀྱི་དུས་རིམ་གཉིས་ཡོད། དེ་གཉིས་ནི་ཕན་ཚུན་འབྲེལ་བ་ཡོད་ལ་གལ་ཆེའི་ཁྱད་པར་ཡོད་པའི་དུས་རིམ་གཉིས་ཡིན། ཡིན་ནའང་ངོ་བོའི་ཐོག་ནས་བཤད་ན་ཚང་མ་ནི་རང་རེའི་ཏང་གིས་མི་དམངས་སྣེ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་བྱེད་པའི་ལག་ལེན་གྱི་འཚོལ་ཞིབ་ཅིག་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་གཏོད་པ་ཞིག་ཡིན། ཡིན་ནའང་གང་དེ་ཡང་ཀྲུང་གོ་གསར་པས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཙུགས་པ་མ་ཟད་ལོ་ངོ20ལྷག་ཙམ་གྱི་འཛུགས་བསྐྲུན་བྱས་པའི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཀྱང་རེད། མ་གཞི་ལོ་རྒྱུས་ཀྱི་དུས་སྐབས་དེ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་གྱི་བསམ་བློའི་མཛུབ་ཁྲིད་དང་། བྱེད་ཕྱོགས་སྲིད་ཇུས། ལས་དོན་དངོས་བཅས་ལ་ཁྱད་པར་ཆེན་པོ་ཡོད། ཡིན་ནའང་དེ་གཉིས་ནི་ཕན་ཚུན་ཁ་ཕྲལ་ཐབས་མེད་པ་ཞིག་ཡིན་ལ། དེ་བས་ཀྱང་ལྡོག་ཕྱོགས་སུ་གྱུར་བ་ཞིག་མིན། བསྒྱུར་བཅོས་སྒོ་དབྱེའི་རྗེས་ཀྱི་ལོ་རྒྱུས་དུས་སྐབས་ཀྱིས་བསྒྱུར་བཅོས་སྒོ་དབྱེའི་མདུན་གྱི་ལོ་རྒྱུས་དུས་སྐབས་ཁས་ལེན་མ་བྱས་ན་འགྲིག་གི་མེད་ལ། བསྒྱུར་བཅོས་སྒོ་དབྱེའི་མདུན་གྱི་ལོ་རྒྱུས་ཀྱི་དུས་སྐབས་ཀྱིས་བསྒྱུར་བཅོས་སྒོ་དབྱེའི་རྗེས་ཀྱི་ལོ་རྒྱུས་དུས་སྐབས་ཁས་ལེན་མ་བྱས་ནའང་འགྲིག་གི་མེད་ཅེས་བསྟན་ཡོད་པ་རེད།
        རྩོམ་ཡིག་ནང་། མར་ཁེ་སི་རིང་ལུགས་ནི་དུས་རབས་དང་ལག་ལེན། ཚན་རིག་བཅས་ཀྱི་གོང་འཕེལ་དང་བསྟུན་ནས་ཟམ་མི་ཆད་པར་གོང་འཕེལ་འགྲོ་ངེས་ཡིན་པ་ལས། འགྱུར་ལྡོག་གང་ཡང་མི་འགྲོ་བ་མི་སྲིད་པ་དང་། སྤྱི་ཚོགས་རིང་ལུགས་ནི་སྔར་ནས་བཟུང་གསར་འབྱེད་ཁྲོད་མདུན་སྐྱོད་བྱེད་པ་ཞིག་ཡིན། མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་གོང་འཕེལ་གྱི་ལྟ་བ་ཡོད་དགོས། ཏང་ཡོངས་ཀྱི་བློ་མཐུན་དང་། ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་གོང་འཕེལ་ལྟ་བ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ཀྱི་འགྱུར་བ་དང་འགྱུར་བ་མེད་པར་ངོས་འཛིན་གསལ་པོ་ཐུབ་པ་བྱ་དགོས་པ་དང་། བསྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
        རྩོམ་ཡིག་ནང་། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་མོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གུང་ཁྲན་ཏང་ཡོན་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་མོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་འགྱུར་མེད་དད་ལྡན་པ་དང་ལྷག་བསམ་ཟོལ་མེད་ཀྱི་ལག་ལེན་པ་བྱེད་དགོས། གུང་ཁྲན་ཏང་ཡོན་ཞིག་དང་འགོ་ཁྲིད་ལས་བྱེད་པ་ཞིག་ལ་དཔྱད་ཞིབ་བྱེད་སྐབས་གང་དེར་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་མོ་ཡོད་མེད་ཐད་དོན་དངོས་དང་མཐུན་པའི་ཚད་གཞི་ཡོད་དེ། གང་དེས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་ཡུལ་རྒྱུན་འཁྱོངས་ཐུབ་མིན་དང་། དཀའ་ལས་སྔོན་ལ་རྒྱག་པ་དང་། སྐྱིད་པོ་རྗེས་སུ་བྱེད་ཐུབ་མིན། ལས་ཀར་སྙིང་རུས་དང་སྤྱོད་གཙང་སྤྱི་གཞོལ་ཐུབ་མིན། ཕུགས་བསམ་གྱི་ཆེད་དུ་སྲོག་ཉེན་ལ་མ་འཛེམས་པར་འབད་འཐབ་བྱེད་ཐུབ་མིན་དང་རང་གི་ནུས་ཤུགས་དང་ཐ་ན་ཚེ་སྲོག་ལེགས་སྐྱེས་འབུལ་ཐུབ་མིན་བཅས་ལ་བལྟ་དགོས། རྨོངས་འཐོམ་དང་དོགས་འཛིན་གྱི་ལྟ་བ་ཡོད་ཚད་དང་། དུས་དང་རྣམ་པ་ཀུན་དུ་སྐྱིད་པོ་བྱེད་པའི་བསམ་བློ་ཡོད་ཚད། སྒེར་གྱི་ཁེ་ཕན་ལ་རྔམ་པའི་བྱ་སྤྱོད་ཡོད་ཚད། བྱས་རྗེས་ཅི་ཡང་མེད་པའི་སྤྱོད་ཚུལ་ཡོད་ཚད་བཅས་ཚང་མ་ནི་དེ་དང་གཏན་ནས་མི་མཐུན་པ་ཞིག་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1