༄༅།། སྒྱུ་མའི་སྣང་བར་ཐོགས་པའི་གཟུགས་ཅན་མ།

ཏཱ་ནི་ལྷ་རྒོད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-09



—ཨ་ལན་ཟླ་བ་སྒྲོལ་མར་ཕུལ།
ཟི་ལིང་།ཏཱ་ནི་ལྷ་རྒོད།



སྔོན་སྨོན་ལས་ཀྱི་ནམ་ཟླ་བཟང་པོས། །
ད་ལྟའི་ལུས་ལ་འོད་སྣང་རྫོགས་པའི། །
རྒྱ་བོད་མཚམས་ཀྱི་ཨ་ལན་ཟླ་བ། །
དབྱངས་ཅན་མ་མའི་སྲས་སུ་འཁྲུངས་སོང་། །
ངེས་བདུན་དབྱངས་ཀྱི་འགྱུར་ཁུགས་ཀློང་ལ། །
དཀར་འཇམ་སྐྱེ་འབྲས་ཚོགས་བསགས་ལོངས་པའི། །
ཁ་བ་ཅན་གྱི་ངག་རིག་དྭངས་རྩེ། །
སྐད་གསུམ་ལང་ཚོའི་དཔལ་ལ་ཉར་ཡོད། །
ཕུན་ཚོགས་གར་གྱི་ཡོ་ལང་གཡོ་བའི། །
འགྱིང་བག་ཡིད་འོང་ཚངས་པའི་བུ་མོ། །
སྙན་དབང་བདུད་རྩིའི་བཟི་ཁ་བཙན་པོའི། །
བོད་པའི་བུ་མོ་རྒྱལ་ཁམས་སྐོར་མ། །
ཕ་སྐད་གཙང་མའི་མེ་ཏོག་ཆུན་པོ། །
གཞོན་ནུའི་ངག་གི་ལོངས་སྤྱོད་མ་སྨིན། །
རིགས་ཞེན་ལ་རྒྱའི་བདེན་དོན་རི་མོ། །
ག་ལེར་གསལ་བས་ཕ་ཡུལ་རྙེད་སོང་། །
རང་སྐད་ཤེས་དང་མ་ཤེས་ཙམ་གྱིས། །
བདག་ལ་དགའ་སྐྱོའི་ཆགས་སྡང་མི་གཡོ། །
མ་ཤེས་གདུང་བ་ཤེས་པའི་ཚུལ་འཆོས། །
རྣམ་པར་བརྟག་པས་ཁྱོད་ཉིད་རྒྱལ་སོང་། །
ཕ་སྐད་གསེར་གྱི་ཡིད་བཞིན་ནོར་བུ། །
རབ་སྙན་ངག་གི་དཔལ་དུ་སྦྲུམ་པས། །
རང་ཞེན་རྟོག་པའི་འཕྲུལ་སྣང་རྒོད་པོས། །
ཟླ་བ་སྒྲོལ་མ་རབ་ཏུ་བཅིངས་སོ། །
ཡིད་འོང་ཞལ་གྱི་གེ་སར་རྡུལ་གྱིས། །
གཞོན་ནུའི་སེམས་རྒོད་རིང་བར་བཀུག་ནས། །
དབྱངས་ལ་སིམ་པའི་ཡིད་ཀྱི་བདེ་མཆོག །
ལེགས་པར་སྩོལ་བའི་མི་མོའི་དྭངས་མ། །
བཙན་ས་འགོལ་བོའི་ལན་ཆགས་ཁུར་ནས། །
རབ་ཆེན་གཙང་པོའི་ཕ་རོལ་ཚུ་རོལ། །
འགྱུར་ཁུགས་སྙན་མོའི་ལང་ཚོས་འགེབས་པའི། །
བོད་པའི་བུ་མོ་ཁ་དཀར་སེམས་དཀར། །
དཀར་ཤ་དམར་མདངས་པིར་གྱིས་མ་བྲིས། །
སྙན་འགྱུར་སྐད་ངག་རོལ་ཆས་མ་བསླུས། །
བཅུ་དྲུག་ལང་ཚོ་གོས་ཀྱིས་མ་བསྒྲིབས། །
ལས་དང་བསོད་ནམས་སྟེས་པ་རང་བྱོན། །
མི་རིགས་སྣ་མང་བརྒྱ་འཛོམས་སྟོང་འདུས། །
རྒྱལ་ཁབ་སྣ་འཛོམས་མཚོ་བཞི་གླིང་བདུན། །
སྲིད་པའི་གར་གྱི་ཁྲོམ་པ་ཆེན་མོ། །
ཟླ་བ་སྒྲོལ་མའི་གླུ་ཡིས་མྱོས་སོ། །
ཧི་མ་ལ་ཡའི་གཟི་བྱིན་ལྟ་བུའི། །
གཟིགས་གཟེངས་ཆོ་ལོ་གཞན་གྱིས་གནང་ཡང་། །
ཕ་ཡུལ་ཆུང་ཆུང་གངས་ལྗོངས་ལུང་པ། །
སེམས་ནས་འཚོ་བའི་ཟླ་བ་སྒྲོལ་མ། །
རིག་གནས་བུ་མོའི་ལང་ཚོ་དམན་པའི། །
ཨ་མདོའི་ཤར་མཐའ་ཚ་བ་རོང་དུ། །
ངག་རིག་སྒྱུ་རྩལ་སྲིད་པའི་ནོར་བུ། །
རང་སྡེའི་རྒྱན་འཆང་ཨ་ལན་ཟླ་བ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1