གཟི་རྩ་སྡེ་དགུས་སློབ་ཕྱིའི་ཞབས་ཞུའི་ལས་དོན་སྤེལ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-15



       ཉེ་ཆར། གསར་འགོད་པ་གཟི་རྩ་སྡེ་དགུ་རྫོང་གི་སློབ་ཆུང་བཞི་བའི་ནང་དུ་སོང་བར། སློབ་གྲྭའི་སློབ་མ་ཀུན་གྱིས་ནན་ཏན་དང་སྤྲོ་བ་ཆེན་པོས་པི་ཝང་རྡུང་བ་དང་ཡིག་གཟུགས་སྦྱོང་བ། རི་མོ་འབྲི་བ་དང་མིག་མངས་རྩེ་བ། མི་རིགས་ཞབས་བྲོ་སོགས་ལ་སློབ་སྦྱོང་བྱེད་ཀྱིན་འདུག  མ་གཞི་དེ་ནི་གཟི་རྩ་སྡེ་དགུ་རྫོང་གིས་སློབ་ཕྱིའི་ཞབས་ཞུའི་ལས་ཀས་སློབ་མའི་བདེ་ཐང་འཚར་ལོངས་ལ་སྐུལ་འདེད་དང་། ཁྱིམ་བདག་གི་དོན་དངོས་དཀའ་ངལ་སེལ་བའི་དམངས་ཕན་སློབ་གསོའི་ལས་དོན་སྤེལ་བཞིན་པ་ཡིན་འདུག
      སློབ་ཐུན་གྱི་རྣམ་པ་གཉིས་པ་འདིས་འཛིན་གྲྭ་རེ་རེ་བྱས་ཏེ་སློབ་ཁྲིད་བྱེད་པའི་བཀག་རྒྱ་གཏོར་ཞིང་། སློབ་མའི་དགའ་ཕྱོགས་ལྟར་དུ། གནའ་གཞུང་ཀློག་འདོན་དང་། གྲངས་རིག་དགའ་ཚལ། ཚན་རིག་ཞིང་ཁམས། ཚོགས་པ་འཛུགས་པ་བཅས་ཕྱོགས་ཆེན་མོ་བཞི་དང་ནང་དོན་ཕུན་སུམ་ཚོགས་པའི་བསླབ་ཚན29འདེམ་རྒྱུ་ཡོད་པས། སློབ་མའི་རང་གཤིས་དང་འཚམས་པའི་དགོས་མཁོ་སྐོང་ཐུབ་པར་མ་ཟད། འདི་ནི་སློབ་མའི་བདེ་ཐང་འཚར་ལོངས་ལ་སྐུལ་འདེད་དང་། ཁྱིམ་བདག་གི་དོན་དངོས་དཀའ་ངལ་སེལ་བའི་དམངས་ཕན་སློབ་གསོའི་ལས་དོན་ཞིག་ཡིན།
      རྒྱུས་ལོན་པ་ལྟར་ན། སློབ་ཕྱིའི་ཞབས་ཞུ་ནི་སྦྱང་བྱར་གསབ་ཁྲིད་བྱས་པ་དང་མི་འདྲ་བར། དེས་སློབ་མ་རྣམས་སློབ་གྲྭར་ཡོད་དུས་ཀྱི་སྔ་དྲོའི་ཞོགས་འདོན་སྐབས་དང་། ཉིན་གུང་སློབ་གྲྭ་གྲོལ་བ་ནས་ཕྱི་དྲོར་ཡར་འཚོགས་པའི་བར། ཕྱི་དྲོའི་ཆུ་ཚོད་བཞི་བ་ནས་ལྔ་བའི་བར་བཅས་དུས་ཡུན་གསུམ་སྤྱད་དེ། སློབ་གྲྭའི་ཕྱོགས་ནས་དགེ་རྒན་དང་བྱ་འགུལ་གྱི་སློབ་ཚན་དང་ས་གནས། སློབ་མའི་གུང་ཟས་སོགས་བཀོད་སྒྲིག་བྱས་ཏེ། བྱ་འགུལ་སྣ་ཚོགས་སྤེལ་བཞིན་པ་རེད།
      སློབ་གྲྭ་གྲོལ་རྗེས་བྱིས་པ་བསུ་མཁན་མེད་པ་དང་། གུང་ཇ་འཐུང་མི་ཐུབ་པ། གཞན་ཕ་མའི་རིག་གནས་ཆུ་ཚད་ཞན་སོང་བས། བྱིས་པར་རོགས་ཁྲིད་བྱེད་པར་དཀའ་ངལ་ཆེ་བ་བཅས་ཀྱིས་ཁྱིམ་བདག་གང་མང་ཞིག་འུ་ཐུག་ཐབས་ཟད་ལ་གཏད་ཡོད་པ་རེད། ཡིན་ཡང་ད་སྐབས་རྫོང་འདི་རུ་གནད་དོན་དེ་རིགས་ལ་ཐག་གཅོད་ལེགས་པོ་ཐུབ་ཡོད་པ་རེད།
      སློབ་ཆུང་བཞི་བའི་སློབ་མའི་ཁྱིམ་བདག་ལིའུ་ཡུས་དབྱིན་གྱིས་གསར་འགོད་པར་བཤད་རྒྱུར། སློབ་ཕྱིའི་ཞབས་ཞུ་མེད་པའི་སྐབས་སུ་ང་ཚོ་ཉིན་གང་བོར་བྱིས་པའི་རྗེས་བསྙེག་ནས་འདུར་བཞིན་ཡོད་པ་རེད། ཡིན་ཡང་ད་སྐབས་ང་ཚོས་སེམས་རྣལ་ལ་ཕབ་ནས་རང་གི་ལས་ཀ་ལས་ཆོག་ལ། ལས་ཚོགས་གྲོལ་རྗེས་བྱིས་པ་བསུ་རུ་སོང་ཆོག་པས་ཤིན་ཏུ་སྟབས་བདེ་བོ་རེད་ཟེར།
      ད་ལོར། གཟི་རྫ་སྡེ་དགུ་རྫོང་གིས་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་མང་ཡིན་པའི་སློབ་ཕྱིའི་ཞབས་ཕྱིའི་སྐོར་ལ་ཚོད་ལྟ་བྱས་ཏེ། སློབ་གྲྭའི་སློབ་གསོ་དོ་དམ་དང་མི་སྣ། ས་གནས། སྒྲིག་ཆས་སོགས་ཀྱི་ཐོན་ཁུངས་དགེ་མཚན་བེད་སྤྱད་དེ། ཉིན་གུང་གི་སློབ་མ་བསུ་སྐྱེལ་གྱི་གནད་དོན་སོགས་ཐག་གཅོད་བྱས་པ་རེད། མིག་སྔར། འདི་ལྟ་བུའི་སློབ་ཕྱིའི་ཞབས་ཞུ་དེ་གཟི་རྩ་སྡེ་དགུ་རྫོང་གི་བྱིས་གཉོར་ཁང་ནས་མཐོ་འབྲིང་བར་གྱི་སློབ་གྲྭ་སོ་སོར་ཁྱབ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1