༄༅། །བོད་ཡིག་བསྟན་བཅོས་ཞིབ་འཇུག་ལྟེ་གནས་ཀྱི་ངོ་སྤྲོད་མདོར་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-11


             མིག་སྔར། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་ཡིག་བསྟན་བཅོས་ཞིབ་འཇུག་ལྟེ་གནས་སུ། སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་མཚོན་པའི་ཡིག་ཆ་མི་འདྲ་བ་ཆིག་ཁྲི་ལྷག་སྟེ། དུམ་པ་ཁྲི་ཉེར་དྲུག་ལ་བརྒལ་བ་ཙམ་ཡོད་ཅིང་། དེའི་ནང་མཚན་ཉིད་རིག་པ་དང་། ཆོས་ལུགས། གསོ་བ་རིག་པ། བཟོ་རྩལ་འཛུགས་སྐྲུན་རིག་པ། གནམ་རིག་སྐར་རྩིས། ཚད་མ་རིག་པ། ས་ཁམས་ལོ་རྒྱུས། སྐད་ཡིག་རྩོམ་རིག་སོགས་རིག་གཞུང་ཚན་ཁག་སུམ་ཅུ་ལྷག་གི་ནང་དོན་ཚུད་ཡོད་དེ། མི་རིགས་རང་གི་སྲོལ་རྒྱུན་དཀར་ཆག་རིག་པའི་དབྱེ་སྟངས་ལྟར། བཀའ་བསྟན་གྱི་རིགས་དང་། རྩོམ་བསྡུས་ཀྱི་རིགས། དཔེ་ཚོགས་ཕྱོགས་བསྡུས་ཀྱི་རིགས། སྣ་འཛོམས་ཀྱི་རིགས་བཅས་རིགས་ཆེན་པོ་བཞི་རུ་བགར་ཡོད། ཚད་ལྡན་གྱི་ཡིག་ཆ་འདི་དག་ནི་བོད་ཀྱི་གྲུབ་མཐའ་མི་འདྲ་བ་སོ་སོ་ནས་པར་གཞི་མི་གཅིག་པ་མང་པོ་བསྡུ་ཉར་བྱས་ནས་ཐོན་པ་སྟེ། མཚོན་བྱེད་རང་བཞིན་གྱི་ནང་དོན་ལ། སྣར་ཐང་དང་སྡེ་དགེ ལྷ་ས་བཅས་དཔར་ཁང་ཁག་ནས་ཐོན་པའི་བཀའ་འགྱུར་དང་བསྟན་འགྱུར་ཡོད་པ་མ་ཟད། བོན་གྱི་བཀའ་འགྱུར་དང་བསྟན་འགྱུར། དོ་འཕགས་ཆེན་པོའི་བཀའ་འགྱུར་ལག་བྲིས་མ་སོགས་ཡོད། དེ་བཞིན་རྙིང་མའི་ཆོས་གཞུང་བསྡུས་པའི་བསྒྱུར་ཡིག་རྙིང་བ་༡༣༣དང་། གཏེར་ཆོས་བསྡུས་པའི་ནང་དོན་༦༢། རྙིང་མའི་རྒྱུད་འབུམ་བསྡུས་པའི་ནང་དོན་༥༠ཙམ་ཡོད། གཞན་ཡང་། འབྲི་གུང་སྐྱེས་ཆེན་མི་སྣའི་རིག་མཛོད་དུ་བཀའ་རྒྱུད་པའི་ཆོས་གཞུང་༡༥༠དང་། ས་སྐྱ་བའི་ལམ་འབྲས་ཕྱོགས་བསྒྲིགས་ཀྱི་ནང་དོན་༣༢། དུས་རབས་རིམ་བྱུང་གི་བཀའ་གདམས་པའི་རིག་མཛོད་ལ་ནང་དོན་༩༠། དགེ་ལུགས་པའི་རྗེ་ཡབ་སྲས་གསུམ་གྱི་རིག་མཛོད་ལ་ནང་དོན་༤༢། ཇོ་ནང་བའི་རྩོམ་བསྡུས་ནང་དོན་༦༠ཐམ་པ་སོགས་ཀྱིས་མཚོན་པའི་གངས་ཅན་གཙུག་ལག་རིག་གནས་ཀྱི་དཔེ་ཚོགས་ཆེན་མོ་ཞིག་གི་ལྟེ་གནས་ལྟ་བུར་གྲུབ་ཡོད། ད་དུང་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་འབུམ་པོད་༡༤༢ཀྱིས་མཚོན་པའི་མི་སྒེར་གྱི་བརྩམས་ཆོས་ཉིས་བརྒྱ་ལས་བརྒལ་བ་བཞུགས་པ་མ་ཟད། སམ་བོད་ཤན་སྦྱར་གྱིས་ཡིག་རིགས་གསུམ་གཅིག་ཏུ་འདུས་པའི་འཕགས་པ་བརྒྱད་སྟོང་བ་དང་། སྒྲ་རིག་མདོ་སྡེ་པད་མ་དཀར་པོ་སོགས་སྣ་མང་ཕུན་སུམ་ཚོགས་པའི་གསེར་བྲིས་མ་ལྟ་བུ་གྲངས་མང་སྤུས་ལྡན་གྱི་བསྟན་བཅོས་ཡིག་ཆ་མང་དུ་མཆིས། གོང་གསལ་གྱི་བསྟན་བཅོས་དང་གླེགས་བམ་ཁྲི་ཕྲག་གི་ཁྲོད་དུ་རྒྱལ་ནང་གི་སྲོལ་རྒྱུན་ཕུལ་བྱུང་མཁས་དབང་དུ་མའི་བརྩམས་ཆོས་ཀྱི་པར་གཞི་སོགས་ཡོད་པ་མ་ཟད། ཐ་ན་རྒྱལ་ཁབ་ཕྱི་རུ་ཤོར་བའི་བོད་རིག་གནས་ཀྱི་ཡིག་ཆ་རྩ་ཆེན་མང་པོའི་པར་གཞི་ཡང་ཡོད་པ་ལ། དེའི་ནང་རིན་ཐང་གིས་གཞལ་དུ་མེད་པའི་ཡིག་ཆ་དཀོན་པོ་དང་ལག་བྲིས་སོགས་ཡོད་པ་ནི་སྨོས་མ་དགོས་པས། བསྟན་བཅོས་རིག་གནས་ཀྱི་གཟི་འོད་རབ་ཏུ་འཕྲོས་ཡོད་དོ། །
        ཕྱོགས་གང་ཐད་ནས་ཡུལ་དངོས་བཅར་འདྲི་དང་། འཚོལ་སྡུད་བྱས་པ་བརྒྱུད་ཚད་ལྡན་ཡིག་ཆའི་གནས་ཚུལ་མང་པོ་ལག་སོན་བྱུང་ཡོད་དེ། ཉེ་རབས་བོད་ཀྱི་མཁས་མཁང་དུ་མའི་འཆད་ཁྲིད་དང་དམངས་ཁྲོད་ཀྱི་བཤད་པ། དེ་མིན་གླུ་གཞས་སོགས་སྒྲ་ཕབ་ནང་དོན་སྟོང་ལྔ་ལྷག་བསྡུས་ཡོད། ཨ་ལག་དམུ་དགེ་ལྟ་བུ་མཁས་དབང་སྐོར་ཞིག་གི་འཆད་ཁྲིད་བསྐྱངས་པའི་ནང་དོན་དུས་ཚོད་སྟོང་ལ་ཉེ་བ་ལྷག་སྒྲ་ཕབ་བྱས་ཡོད་པས་དེ་དང་འབྲེལ་བའི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་སྟེ། དཔེར་ན། ལེགས་སྦྱར་ལ་ཤིན་ཏུ་མཁས་པའི་མཁས་དབང་ཤེས་རབ་མཆོག་གིས་སྒྲ་རིག་པའི་ཁྲིད་གཞུང་དུས་ཚོད་སུམ་བརྒྱ་ལ་ཉེ་བའི་སློབ་ཁྲིད་བྱས་པ་དང་། དེས་རྗེས་ཕྱོགས་ཀྱི་སྒྲ་རིག་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ་ལ་མེད་དུ་མི་རུང་བའི་རྩ་ཆེན་ཡིག་ཆའི་རྗེས་བཞག་མཛད་ཡོད། དེ་དང་མཉམ་དུ། འདེམས་སྒྲུག་བྱས་པ་བརྒྱུད་ནས་ད་སྔ་ལེགས་སྦྱར་གྱི་ཡི་གེ་དང་བོད་ཡིག་གི་རྨང་གཞི་ལེགས་པའི་རྒྱུད་འཛིན་མཁན་སུམ་ཅུ་ལྷག་གསོ་སྐྱོང་བྱས་ཡོད་པ་ལ། མཁས་དབང་ཁོང་གི་རྣམ་དཔྱོད་ཀྱི་རྩལ་དང་བློ་གྲོས་ལས་ཐོན་པའི་སྒྲ་རིག་གི་གོ་རྟོགས་སོགས་གཏིང་ཟབ་པའི་ནང་དོན་འཛིན་སྐྱོང་བྱས་ཡོད་པ་མ་ཟད། ད་རུང་དེའི་ཤུགས་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་མང་པོ་ཞིག་ཀྱང་མྱུར་སྐྱོབ་བྱས་ཡོད་དོ། །
         ཆ་འཕྲིན་ཅན་གྱི་དུས་རབས་འདིར། ཤེས་བྱའི་བརྡ་འཕྲིན་ལ་བཀོལ་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཐོབ་པའི་ཆ་རྐྱེན་འོག  གྲངས་ཀ་ཅན་གྱི་བརྡ་འཕྲིན་དུ་བསྒྱུར་དགོས་ཤིང་། མིག་སྔར། འདི་གའི་བོད་ཡིག་བསྟན་བཅོས་ཞིབ་འཇུག་ལྟེ་གནས་སུ་དེ་སྔོན་ཉར་ཚགས་བྱས་ཡོད་པའི་ཤོག་ངོས་བསྟན་བཅོས་མང་ཆེ་བ་ཞིག་གློག་རྡུལ་གྱི་ལམ་ནས་སྟབས་བདེ་རུ་གཟིགས་ཆོག་པའི་འཕྲུལ་དེབ་སྟོང་ལྔ་ལས་བརྒལ་བ་ཙམ་མཆིས།  དེ་དང་ཆབས་ཅིག་ཏུ། ངག་ཐོག་གི་བསྟན་བཅོས་འབོར་ཆེན་ཉན་པའི་ཞོར་དུ་གཟིགས་ཆོག་པའི་བོད་ཡིག་བསྟན་བཅོས་སུ་སྒྲིག་བཟོ་བྱས་ཡོད་པས། བོད་ཡིག་བསྟན་བཅོས་ཀྱི་གྲངས་མཛོད་དང་དྲ་སྟེང་སྐུད་ལམ་གྱི་ཞབས་ཞུའི་རྣམ་པ་ཞིག་ཆགས་ཡོད་པ་ལ། བོད་རིག་པའི་ཞིབ་འཇུག་ལ་གོམས་ཁ་བསྒྱུར་དང་བསྒྱུར་བཞིན་པའི་ཆེད་མཁས་པ་ཡོངས་ལ་དུས་ཐོག་ཏུ་བལྟ་ཐུབ་ཅིང་བེད་སྤྱོད་ཐུབ་པའི་སྟབས་བདེའི་ཞབས་ཞུ་འདི་མཁོ་འདོན་བྱས་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1