མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་དབུ་བརྙེས་པའི་མཛད་སྒོ་དང་འཐུས་མིའི་ཚོགས་འདུ་ཐེངས་དང་པོ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 04-17


     སྤྱི་ལོ་2019ལོའི་ཟླ4པའི་ཚེས་15ཉིན། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་དབུ་བརྙེས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་ཁུལ་གསར་པའི་རིག་གཞུང་སྙན་ཞུ་ཁང་དུ་གཟབ་རྒྱས་ངང་འཚོགས།
     མཚོ་སྔོན་ཞིང་ཆེན་ཡུལ་སྐོར་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཚེ་རིང་ཐར་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ། མི་རིགས་དགེ་འོས་སློབ་གླིང་གི་ཧྲུའུ་ཅིའམ་གླིང་གཙོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་རྒྱ་ཡེ་བཀྲ་བྷོ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་དང་ལོ་རྒྱུས་སློབ་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་མཁར་རྩེ་རྒྱལ། ཀྲུང་གོའི་རི་མོའི་བཟོ་རྩལ་མཁས་ཆེན། མཚོ་སྔོན་ཞིང་ཆེན་རི་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་བརྩོན་འགྲུས་རབ་རྒྱས་སོགས་ཚོགས་མི་གཙོ་བྱས་དགེ་སློབ་ཉིས་བརྒྱ་ལྷག་ཚོགས་འདུ་ལ་ཞུགས།
     ཚོགས་འདུ་ལ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་གཞོན་པ་ཁྲིན་ཡུང་ལིང་གིས་འགོ་འཛིན་བྱས་ཤིང་། སློབ་གཙོ་གཞོན་པ་བརྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་གཏམ་བཤད་གནང་།
     གཞན་ཚོགས་སྟེང་དུ་འགོ་འཛིན་པས་《མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་བཙུགས་ཆོག་པའི་འབྲེལ་ཡོད་ཡིད་མཐུན་ཆོག་མཆན་བཀོད་པའི་ཡིག་ཆ》་དང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི《མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཐག་གཅོད་ཡི་གེ》སྒྲོག་འདོན་བྱས་པ་མ་ཟད། ཕྱོགས་སོ་སོ་ནས་མཛད་སྒོར་ལེགས་སྐྱེས་ཕུལ་བའི་རྟེན་འབྲེལ་ཞུ་ཡིག་སོགས་སྒྲོག་འདོན་བྱས།
     རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་དབུ་བརྙེས་པའི་མཛད་སྒོ་བདེ་བླག་གིས་སྤེལ་ཐུབ་པ་འདི་ནི། མཚོ་སྔོན་ཞིང་ཆེན་ཡིག་གཟུགས་སྒྱུ་རྩལ་འཕེལ་རྒྱས་ཁྲོད་ཀྱི་དགའ་འོས་པའི་དོན་བཟང་ཞིག་ཡིན་ལ། རང་ཞིང་གི་ཁྱད་ཆོས་ལྡན་པའི་རིག་གནས་འཕེལ་རྒྱས་ཀྱི་དོན་བཟང་ཞིག་ཀྱང་ཡིན། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་འཕེལ་རྒྱས་ལ་སྔ་ན་མེད་པའི་གསར་གཏོད་རང་བཞིན་གྱི་དགེ་མཚན་ཆེན་པོ་ཐོན་ཡོད་པའི་བྱ་གཞག་རླབས་ཆེན་ཞིག་ཡིན་པས། ཚོགས་འདུ་བདེ་བླག་གིས་ཚོགས་པ་ལ་དགའ་བསུའི་རྟེན་འབྲེལ་ཞུ་པ་དང་ཆབས་ཅིག ཚོགས་ཞུགས་འགོ་ཁྲིད་པ་དང་རྒྱ་ཆེ་བའི་བོད་ཡིག་བྲིས་པ། ཚོགས་ཞུགས་པ་ཡོངས་ཚོགས་འདུར་ཞུགས་པར་བཀའ་དྲིན་ཆེ་ཞུ།
     བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ཁྲོད་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། རིག་གནས་ཕུན་སུམ་ཚོགས་པ། མི་གྲངས་མང་པའི་གནའ་བོའི་མི་རིགས་ཤིག་ཡིན། རིག་གནས་ཀྱི་རྨང་མཐུག་པའི་བོད་ཀྱི་ཤེས་རིག་ནི་ཀྲུང་ཧྭ་རིག་གནས་ཁྲོད་ཀྱི་འོད་དུ་འཚེར་བའི་མུ་ཏིག་རྡོག་པོ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི་རྣམས་ཀྱིས་མ་འོངས་པར། བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོ་བསྒྲངས་ཏེ། རིག་གནས་རང་རློམ་སྲ་བརྟན་དང་། བཅོས་བསྒྱུར་གསར་གཏོད་རྒྱུན་འཁྱོངས། ཆབ་སྲིད་ཀྱི་འདུ་ཤེས་མཐོར་འདེགས། སྔོན་ཐོན་རང་བཞིན་དང་། མང་ཚོགས་རང་བཞིན། མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ནུས་པ་བླ་ལྷག་འདོན་དགོས་ཞེས་བཤད།
     ཐེངས་འདིའི་ཚོགས་སྟེང་དུ།  དོན་འགྲུབ་ཚེ་རིང་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ལས་འཛིན་པ་གཙོ་བོར་བདམས་པ་དང་། བདེ་མཚོག་རྒྱལ་དང་། མཁར་རྩེ་རྒྱལ། ངག་དབང་རྒྱ་མཚོ། གཡང་འབུམ་ལས་འཛིན་པ་གཞོན་པར་བདམས། གུ་རུ་རྒྱ་མཚོ་དྲུང་ཡིག་ཆེན་མོ་དང་། ལྷན་འགྲུབ་རྡོ་རྗེ་དང་རྡོ་རྗེ་རིན་ཆེན་གཉིས་དྲུང་ཡིག་པ་གཞོན་པར་བདམས་ཐོན་བྱུང་། ཚེ་མགོན་རྒྱལ་དང་།ལྕགས་བྷེ། འཇིགས་མེད་བློ་གྲོས་སོགས་མི་ཉེར་བདུན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ལས་འཛིན་ཚོགས་མིར་བདམས་པ་ཁྱབ་བསྒྲགས་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1