《རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུཌ་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 04-17



            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་མ་ཟད། བརྡ་ཐོ་བཏང་སྟེ་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱའང་བཏོན་ཡོད།
            (གཅིག) མཛུབ་ཁྲིད་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་དོན་འཁྱོལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བཅས་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ནས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་བ་དང་། བདག་དབང་གི་བྱེད་པོ་གཏན་འཁེལ་བྱ་རྒྱུ་འགག་རྩར་བཟུང་བ། བརྟག་ཞིབ་དང་ལྟ་ཞིབ་ཚད་ལེན་དང་བདག་དབང་གཏན་འཁེལ་ཐོ་འགོད་བྱ་རྒྱུ་རྨང་གཞིར་བརྩི་བ་བཅས་བྱེད་པ་དང་། རང་བྱུང་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་སྒོ་ནས་གསར་སྤེལ་བེད་སྤྱོད་དང་སྣོད་བཅུད་སྲུང་སྐྱོང་ཉམས་གསོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་གསར་གཏོད་ལ་དོ་སྣང་བྱེད་པ། མ་ལག་འཐུས་སྒོ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། ནུས་ཆེ་འཁོར་སྐྱོད་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་དང་མ་ལག་གང་མགྱོགས་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་འདྲ་མཉམ་དང་དྲང་གཞག་ལ་སྲུང་སྐྱོང་བྱེད་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཅས་ལ་རྨང་གཞིའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
            (གཉིས) གཞི་རྩའི་རྩ་དོན། སྲུང་སྐྱོང་སྔོན་ལ་འཇོག་པ་དང་ལེགས་བསྡུས་ཞིབ་གཉེར་སྒོ་ནས་བེད་སྤྱོད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པར། ཐོན་ཁུངས་ལ་སྲུང་སྐྱོང་ནན་པོ་དང་སྣོད་བཅུད་ནུས་པ་ཆེ་རུ་གཏོང་བའི་ཁྲོད་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་ཀྱི་རྨང་གཞིའི་ནུས་པ་འདོན་དགོས་ལ། ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་དང་། ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ལས་ཕྱོད་མཐོ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཁྲོད་ཀྱི་འགག་རྩའི་ནུས་པའང་འདོན་དགོས།
            ཁྲོམ་རས་བཀོད་སྒྲིག་དང་སྲིད་གཞུང་གིས་ལྟ་སྡོམ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དབང་ཆ་དང་ནུས་པ་ཆེ་རུ་གཏོང་རྒྱུ་དང་གསོན་ཤུགས་འཕེལ་བ་བྱ་རྒྱུ་ལྟེ་བར་བཟུང་ནས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་པོའི་ཁེ་དབང་མངོན་འགྱུར་ནུས་ལྡན་ཡོང་སྟངས་འདྲ་མིན་འཚོལ་ཞིབ་བྱེད་པ། ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ། རང་བྱུང་ཐོན་ཁུངས་ཀྱི་གཞི་རྒྱུ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་བྱེད་པའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱེད་དགོས་པ་མ་ཟད། སྲིད་གཞུང་གིས་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་ནས་རང་བྱུང་ཐོན་ཁུངས་ཀྱི་ཁེ་དབང་བདག་པོས་ཐོན་ཁུངས་ལུགས་མཐུན་ངང་སྤྱོད་པར་སྐུལ་འདེད་གཏོང་དགོས།
            དངོས་པོའི་བདག་དབང་ཁྲིམས་ཀྱིས་གཏན་འཁེལ་དང་འདྲ་མཉམ་སྲུང་སྐྱོབ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་སྤྱོད་མཁན་ཁྲིམས་ལྟར་གཏན་འཁེལ་བྱེད་པ་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་མ་ལག་དང་དབང་ཆ་དང་འགན་ནུས་འཐུས་སྒོ་ཚང་དུ་གཏོང་བ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་གི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རིགས་ཁག་གི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་གི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་འདྲ་མཉམ་སྲུང་སྐྱོང་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁྲོད་ཀྱི་བདག་དབང་ལམ་ལུགས་ཀྱི་སྐུལ་ལྕག་དང་གཅུན་འདོམས་ནུས་པ་དེ་བས་ཡག་པོ་འདོན་དགོས།
            ཁྲིམས་བཞིན་སྒྱུར་བཅོས་དང་སྔོན་ལ་ཚོད་ལྟ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། སྒྱུར་བཅོས་གལ་ཆེན་ལ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་མཐའ་འཁྱོངས་བྱེད་པར་སྒྱུར་བཅོས་ཀྱི་རྩེ་རིམ་ཇུས་འགོད་ཀྱི་མཛུབ་ཁྲིད་ནུས་པ་འདོན་དགོས་ལ། ས་ཁུལ་ལ་ཡུལ་བབ་དང་བསྟུན་ནས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་ཡང་བྱས་ཏེ་ལམ་ལུགས་གསར་གཏོད་ལ་ཉམས་མྱོང་བཟང་པོ་མཁོ་འདོན་བྱེད་དགོས།
            (གསུམ) སྤྱིའི་དམིགས་ཚད། 2020ལོར་སླེབས་སྐབས་གཏོགས་ཁོངས་ཁ་གསལ་དང་། འགན་དབང་གཏན་འཁེལ། སྲུང་སྐྱོང་ནན་པ། འཁོར་རྒྱུག་བདེ་བ། ལྟ་སྡོམ་ནུས་ལྡན་བཅས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་སྤྱིར་ན་བཙུགས་ཟིན་རྒྱུ་དང་། དེས་རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཐུབ་ཚད་དང་སྲུང་སྐྱོང་བྱེད་ཤུགས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ་སྣོད་བཅུད་ཤེས་དཔལ་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་དང་ཐོན་ཁུངས་བདེ་འཇགས་འགན་ལེན་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་པ་དང་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1