ཁམས་པའི་རིག་གནས་མཐོ་རིམ་བགྲོ་གླེང་གི་བྱ་དགའ་ལྡན་པའི་རྩོམ་བསྡུའི་གསལ་བརྡ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-17


ཁམས་པའི་རིག་གནས་མཐོ་རིམ་བགྲོ་གླེང་གི་བྱ་དགའ་ལྡན་པའི་རྩོམ་བསྡུའི་གསལ་བརྡ།

  

     དེ་རིང་དཀར་མཛེས་ཁུལ་གྱིས་ཁམས་པའི་རིག་གནས་མཐོ་རིམ་བགྲོ་གླེང་གི་བྱ་དགའ་ལྡན་པའི་རྩོམ་བསྡུའི་གསལ་བརྡ་བཏང་ནས། དཔྱད་རྩོམ་ལ་དམངས་སྒོར་འབུམ་གཅིག་གི་རིན་ཐང་ལྡན་པའི་སྡེ་དགེ་པར་ཁང་གི་བརྒྱད་སྟོང་སུམ་ཕབ་པོ་ཏི་གཅིག་གི་བྱ་དགའ་སྤྲོད་རྒྱུ་གཏན་འཁེལ་བྱས་ཡོད།

     ཁམས་པའི་ཞིབ་འཇུག་གླིང་གི་དབུ་གཙོ་འགྱུར་མེད་ཆོས་དབྱིངས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན།  ད་ལོའི་སྤྱི་ཟླ8པའི་ཟླ་དཀྱིལ་དུ་དཀར་མཛེས་ཁུལ་གྱིས་ཁམས་པའི་རིག་གནས་མཐོ་རིམ་བགྲོ་གླེང་འཚོགས་ནས་ཀརྨ་སྒར་རིས་ཀྱི་ཐང་ག་དང་། ཟུར་ལུགས་བོད་སྨན། སྡེ་བྲིས། བོད་རིགས་གླུ་གར། སྲོལ་རྒྱུན་ལག་རྩལ། རྩོམ་རིག་སོགས་ལ་རྒྱ་ཁྱབ་ཏུ་ཞིབ་འཇུག་དང་བགྲོ་གླེང་བྱ་རྒྱུ་དང་། དེ་དང་དུས་མཚུངས་སུ་གེ་སར་རིག་གནས་རྟོག་ཞིབ་བྱེད་པའི་བྱ་འགུལ་སྤེལ་རྒྱུ་དང་ཁམས་པའི་རིག་གནས་ཀྱི་གྲུབ་འབྲས་མཚོན་པའི་དཔེ་དེབ་འགྲེམ་སྤེལ་བྱ་རྒྱུ་རེད།

གུས་པར་འོས་པའི་ཆེད་མཁས་པ་དང་མཁས་དབང་རྣམ་པ།

        ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག ། ཏང་གི་སྐབས་བཅུ་དགུ་པའི་ཚོགས་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གོང་སྤེལ་གཏོང་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ་དོན་འཁྱོལ་དང་། ཕྱོགས་ཡོངས་ནས་“ཡིད་རྟོན་བཞིའི་”འདུ་ཤེས་སྐྱོང་ཞིང་། ཕུལ་བྱུང་རིག་གནས་ཐོན་རྫས་གསར་སྐྲུན་དང་གོང་འཕེལ་བཏང་སྟེ། རྒྱལ་ཁབ་བཙུགས་ནས་ལོ70འཁོར་བར་ལེགས་སྐྱེས་འབུལ་བའི་ཆེད་དང་། ཁམས་པའི་རིག་གནས་ཀྱི་སྙིང་བཅུད་དྭངས་ལེན་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞབས་ཞུ་ལ་ཤུགས་སྣོན་བྱེད་ཆེད། དཀར་མཛེས་ཁུལ་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཞིང་། ཁམས་པའི་རིག་གནས་ཞིབ་འཇུག་གླིང་དང་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་། ཁམས་པའི་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་སྒྲུབ་བྱས་པའི2019ལོའི་ཀྲུང་གོའི་དཀར་མཛེས་ཁམས་པའི་རིག་གནས་མཐོ་རིམ་བགྲོ་གླེང་ཞེས་པའི་བྱེད་སྒོ་དེ་ད་ལོའི་ཟླ8པའི་དཀྱིལ་དུ་དཀར་མཛེས་ཁུལ་སྡེ་དགེ་རྫོང་དུ་སྤེལ་རྒྱུ་དང་། དེའི་རིང་ལ་འབྲེལ་ཡོད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོག་རྒྱུ་ཡིན་པས། གཤམ་དུ་ད་ཐེངས་རིག་གཞུང་དཔྱད་རྩོམ་བསྡུ་བའི་ནང་དོན་ཞིབ་ཕྲ་བཀོད་ཡོད།

དང་པོ། དཔྱད་རྩོམ་གྱི་བརྗོད་གཞི་གཙོ་བོ།

        ཁམས་པའི་རིག་གནས་ཀྱི་རྩ་བ་གསོ་ཞིང་། རིག་གནས་ཅན་གྱི་དཀར་མཛེས་བསྐྲུན་པ།

གཉིས་པ། དཔྱད་རྩོམ་གྱི་ནང་དོན།

        ཁམས་པའི་རིག་གནས་ཞིབ་འཇུག་དང་གེ་སར་རིག་གནས་ཞིབ་འཇུག་གི་གྲུབ་འབྲས་མཚོན་པའི་དཔྱད་རྩོམ།

གསུམ་པ། དཔྱད་རྩོམ་བསྡུ་བའི་ཁ་ཕྱོགས།

        ཁམས་པའི་རིག་གནས་དང་གེ་སར་རིག་གནས་ཞིབ་འཇུག་བྱ་བར་ཞུགས་པའི་མི་རིགས་དང་ལས་རིགས་ཁག་གི་ཆེད་མཁས་པ་དང་མཁས་དབང་རྣམས་དང་། ཁམས་པའི་རིག་གནས་དང་གེ་སར་རིག་གནས་ལ་དགའ་ཞེན་ཡོད་པའི་ལས་རིགས་ཁག་གི་རིགས་མཐུན་གྲོགས་པོ་རྣམས་ཡིན།

བཞི་པ། དཔྱད་རྩོམ་གྱི་ཆ་རྐྱེན།

        ད་སྔོན་དཔེ་ཆ་དང་དུས་དེབ་སོགས་སུ་འགྲེམ་སྤེལ་བྱས་མ་མྱོང་པའི་རྒྱ་བོད་ཡིག་རིགས་ཀྱི་དཔྱད་རྩོམ་སྟེ། ནང་དོན་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་མཐུན་ཞིང་། ཚོགས་འདུའི་བརྗོད་བྱ་དང་འཚམ་པ། སྒྲུབ་བྱེད་ཁ་གསལ་ཞིང་། གཏན་ཚིགས་ལུགས་དང་མཐུན་པ་ཡིན་དགོས། དཔྱད་རྩོམ་རེའི་ཡིག་འབྲུ5000ནས10000བར་དང་། རྩོམ་ཡིག་གི་ནང་དོན་གནད་བསྡུས་ཡིག་འབྲུ300ནས500བར་དང་།  གཙོ་ཚིག3ནས5བར་འགོད་དགོས།

ལྔ་པ། རྩོམ་ཡིག་བསྐུར་ས།

      ཐེངས་འདིར་གློག་རྡུལ་རྩོམ་ཡིག་བསྐུར་དགོས་ཤིང་། བསྐུར་ས་ནི330676951@qq.com(ཁ་བྱང་དུ2019中国﹒甘孜康巴文化高峰论坛论文ཞེས་གསལ་བཤད་བྱེད་དགོས།)རྩོམ་མཇུག་ཏུ་རྩོམ་པ་པོའི་ངོ་སྤྲོད་ལ། རུས་མིང་དང་ཕོ་མོ། ལས་རིགས། ལས་ཁུངས། འབྲེལ་གཏུག་ཁ་པར། ཡིག་བསྐུར་སྡོད་གནས། སྦྲག་སྲིད་ཨང་གྲངས། ཡིག་སྒམ་བཅས་ཡོད་དགོས།

དྲུག་པ། རྩོམ་ཡིག་བསྡུ་མཚམས་འཇོག་པའི་དུས་ཚོད།

        2019ལོའི་ཟླ7ཚེས10ཉིན་གྱི་མཚན་མོའི་དུས་ཚོད་བཅུ་གཉིས་སྔོན་དུ་གློག་རྡུལ་འཕྲིན་སྒམ་ལ་འབྱོར་ངེས་བྱ་དགོས། དུས་ཚོད་དེ་བརྒལ་ཟིན་ན་རྩོམ་ཡིག་ངོས་ལེན་བྱ་རྒྱུ་མིན།

བདུན་པ། ཕུལ་བྱུང་རྩོམ་ཡིག་དཔྱད་འདེམས་བྱེད་སྟངས།

        རྩོམ་བསྡུའི་དུས་ཚོད་མཇུག་བསྒྲིལ་རྗེས། གཙོ་གཉེར་ལས་ཁུངས་ཀྱིས་འབྲེལ་ཡོད་ཆེད་མཁས་པ་གདན་འདྲེན་ཞུས་ནས་དཔྱད་འདེམས་ཚོ་ཆུང་བཙུགས་ཏེ། འདྲ་མཉམ་དང་དྲང་པོ། མངོན་གསལ་བཅས་ཀྱི་སྒོ་ནས་ཕུལ་བྱུང་དཔྱད་རྩོམ2ནས3བདམས་ཏེ་བྱ་དགའ་སྤྲོད་རྒྱུ་ཡིན།(དཔྱད་འདེམས་བྱེད་སྟངས་ཞིབ་ཕྲ་རྗེས་ནས་གསལ་བསྒྲགས་བྱ་ངེས།)

བརྒྱད་པ། བྱ་དགའ།

        བྱ་དགའ་ཐོབ་པའི་རྩོམ་པ་པོ་ལ་སྡེ་དགེ་པར་ཁང་གི་ཕུགས་ནོར། བོད་ཤོག་ཐོག་ཏུ་དཔར་བའི་འཛམ་གླིང་ཐོག་གི་དཔེ་དཀོན་བརྒྱད་སྟོང་སུམ་ཕབ་པོ་ཏི་གཅིག་སྤྲོད་རྒྱུ་ཡིན། དེའི་ཁྲོམ་རའི་རིན་གོང་ནི་དམངས་སྒོར་འབུམ་གཅིག་ཡིན་ཞིང་། བགྲོ་གླེང་མཇུག་སྒྲིལ་བའི་ཚོགས་འདུའི་ཐོག་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་འབུལ་རྒྱུ་ཡིན།

དགུ་པ། དཔྱད་རྩོམ་ཕྱོགས་བསྒྲིགས་པར་སྐྲུན

        གལ་སྲིད་ཁྱེད་ཀྱི་དཔྱད་རྩོམ་དེ་ཉིད་ཚོགས་འདུའི་ཆ་རྐྱེན་གྱི་ཚད་ལ་སླེབས་ཡོད་ཚེ། གཙོ་གཉེར་ལས་ཁུངས་ཀྱིས་རྩོམ་ཡིག་དང་དུ་ལེན་ཏེ་སྐུ་ཉིད་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་གདན་ཞུ་བྱ་རྒྱུ་ཡིན།  ཚོགས་འདུའི་རྗེས་སུ། 2019ལོ་ཀྲུང་གོའི་དཀར་མཛེས་ཁམས་པའི་རིག་གནས་མཐོ་རིམ་བགྲོ་གླེང་གི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་དེབ་ཅིག་དངོས་སུ་པར་སྐྲུན་བྱ་རྒྱུ་ཡིན།

བཅུ་པ། འབྲེལ་གཏུག་བྱ་ཡུལ།

        དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་གླིང་།

འབྲེལ་གཏུག་ཁ་པར།

བསྟན་འཛིན་སྒྲོལ་མ།  13320793771

ཆོས་ཉིད་སྒྲོལ་མ།  18383651118


འཕྲིན་སྒམ།

330676951@qq.com

271151195@qq.com

དཀར་མཛེས་ཁུལ་ཁམས་པའི་རིག་གནས་མཐོ་རིམ་བགྲོ་གླེང་གྲ་སྒྲིག་ཚོ་ཆུང་ནས།

2019ལོའི་ཟླ4པར་ཕུལ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1