གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༤ཚེས་༡༨ཉིན།

༄༅།། བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་གྱི་ཐོག་མའི་གཤིབ་བསྡུར།

 གཅོད་པ་དོན་གྲུབ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་དང་ཡུལ་ཤུལ་གྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི། ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་གྱི་གནས་ཚུལ་ངོ་སྤྲོད་དང་སྦྲགས། དེ་དག་སོ་སོའི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག སྒྲིག་གཞི་དང་མིང་ཆིག་ཐ་སྙད་ཀྱི་སྤྱོད་སྟངས་སོགས་ལ་དབྱེ་ཞིབ་ཀྱིས་ཁྱབ་ཡུལ་སོ་སོ་ཡིན་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་དབར་མཐུན་པའི་ཆ་དང་མི་མཐུན་པའི་ཆ་གང་དག་ཡོད་ཚུལ་དང་།  སོ་སོར་དམིགས་བསལ་ཁྱད་ཆོས་གང་དག་ཡོད་ཚུལ་སྐོར་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] བསྡུས་སྒྲུང་ལེའུ་མའི་དཔར་གཞི། གཤིབ་བསྡུར།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]129.7[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)01 -107 -18  
           དེ་ཡང་གླིང་སྒྲུང་གི་དཔར་གཞི་ལག་བྲིས་མ་དང་ཤིང་དཔར་མ། ལྕགས་དཔར་མ་བཅས་ཉིས་བརྒྱ་ལྷག་ལག་ཏུ་སོན་པ་ལས་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ད་ལྟའི་བར་གསུམ་མ་གཏོགས་མཐོང་མ་བྱུང་། བསྡུས་སྒྲུང་ལེའུ་མ་ཟེར་དོན་ཡང་སྒྲུང་དཔེ་གཅིག་གི་ནང་དུ་སྒྲུང་སྣ་མི་གཅིག་པ་ལྔ་དྲུག་ལྷན་དུ་བསྡུས་ནས་ལེའུར་བགོས་ཏེ་བཀོད་པ་ལ་ཟེར་རོ། བསྡུས་སྒྲུང་ལེའུ་མ་མིན་པའི་སྒྲུང་དཔེ་ཡོད་དོ་ཅོག་ལ་གླིང་སྒྲུང་དེབ་རྐྱང་མ་ཞེས་འབོད། གླིང་སྒྲུང་དེབ་རྐྱང་མ་ཟེར་དོན་ཡང་སྒྲུང་དཔེ་ཧྲིལ་པོ་གཅིག་དེབ་རྐྱང་དུ་གྲུབ་པས་ཡིན། འདིར་སྐབས་སུ་བབ་པའི་བརྗོད་བྱ་གཙོ་བོ་ནི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་སྟེ། ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་དང་། ཡུལ་ཤུལ་གྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི། ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་བཅས་གསུམ་ཡིན་ནོ། འདི་གསུམ་པོའི་ནང་ལས་ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ནི་མིང་གྲགས་ཅན་གྱི་ཁྲི་ཀའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་དང་གཅིག་མཚུངས་ཡིན་པ་ཀུན་གྱིས་གླེང་། ཡིན་ནའང་ཁྲི་ཀའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལ་ལེའུ་ལྔ་ཡོད་དེ། ལེའུ་དང་པོ་ལྷ་གླིང་། ལེའུ་གཉིས་པ་འཁྲུངས་གླིང་། ལེའུ་གསུམ་པ་བག་སྟོན། ལེའུ་བཞི་པ་བདུད་འདུལ།  ལེའུ་ལྔ་པ་ཧོར་འདུལ་བཅས་ཡིན། ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལ་ལེའུ་དྲུག་ཡོད་པ་ལས་མཇུག་མཐའི་ལེའུ་གཅིག་སྟེ། སྟག་གཟིག་ནོར་འགྱེད་ཅེས་པ་མ་གཏོགས་གཞན་གྱི་ལེའུ་ལྔའི་ཁ་བྱང་དང་ནང་དོན་ཐམས་ཅད་ཕལ་ཆེར་འདྲ་འདྲར་འདུག གང་ལྟར་ཡང་ཁྲི་ཀའི་བསྡུས་སྒྲུང་ལེའུ་མའི་བོད་ཡིག་གི་དཔར་གཞི་འདིའོ་ཟེར་བ་ཞིག་ད་ལྟའི་བར་སུ་ལའང་རྙེད་སོན་བྱུང་མེད། གཤམ་དུ་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་ངོ་སྤྲོད་དང་སྦྲགས་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་སྐོར་བཅས་སོ་སོར་རགས་ཙམ་གླེང་བར་བསྟེ།   
དང་པོ། བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་གྱི་ངོ་སྤྲོད།   
གཅིག ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི།   
           འདིའི་ཁ་བྱང་ལ་《གླིང་སེང་ཆེན་རྒྱལ་པོའི་སྐྱེས་རབས་རྣམ་པར་ཐར་པའི་ལེའུ་ཞེས་པ་བཞུགས་སོ》ཞེས་བྲིས་ཡོད། གླིང་སྒྲུང་ལག་བྲིས་མ་འདི་ནི2013ལོའི་ཟླ8པའི་ཚེས་5ལ་སྙིང་བོ་ཚེ་རིང་གིས་བདག་ལ་སྤྲད་པའི་སྒྲུང་དཔེ་ཞིག་ཡིན། གླིང་སྒྲུང་འདི་ནི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལག་བྲིས་མ་ཞིག་དང་ཡིག་གཟུགས་དབུ་ཅན་དང་དབུ་མེད་འདྲེས་མར་བྱས་པ་ཞིག་ཡིན། ཤོག་ངོས་136ཡོད། སྒྲུང་དཔེ་འདིའི་མ་ཡིག་ཨུ་རུ་སུ་ནས་ཁྱེར་ཡོང་བ་ཡིན་ཞིང་དེབ་ཚད་མགོ་བཙེམ་མ་ཡིན། ཡི་གེ་བཤུ་མཁན་ནི་རྟ་མགྲིན་སྲུང་བྱ་བ་ཡིན་པར་བཀོད་འདུག  ཁོང་གིས་སྤྱི་ལོ་1961ལོར་བཤུ་འབྲི་གནང་བར་མཛད། ད་ལྟ་ལྕགས་དཔར་ལ་བཏབ་མེད་པ་འདྲ།  བསྡུས་སྒྲུང་འདིར་བསྡོམས་པས་ལེའུ་དྲུག་ཡོད་དེ།  ལྷའི་ལེའུ་དང་པོ།  སྐུ་འཁྲུངས་པའི་ལེའུ་གཉིས་པ།  གྲོགས་ཀྱི་ལེའུ་གསུམ་པ།  བདུད་འདུལ་གྱི་ལེའུ་བཞི་པ། ཧོར་དམག་ཅེས་པའི་ལེའུ་ལྔ་པ།  འཛམ་གླིང་གེ་སེར་རྒྱལ་པོའི་རྟོགས་བརྗོད་ལས། སྟག་གཟིག་ནོར་རྫོང་ཕབ་ནས་ནོར་འགྱེད་བཏང་པའི་ལེའུ་དྲུག་པ་བཅས་པའོ། གླེགས་བམ་འདིའི་འགོ་བརྗོད་དུ་འདི་ལྟར་བཀོད་འདུག་སྟེ། “རང་ཅག་གིས་དཔར་དུ་བསྐྲུན་པའི་གེ་སར་སྒྲུང་གི་ལེའུ་ནི། གླིང་སེང་ཆེན་རྒྱལ་པོའི་སྐྱེས་རབས་རྣམ་པར་ཐར་པའི་ལེའུ། ལྔ་པ་ཧོར་དམག་ཅེས་པའི་ལེའུ །  ལེའུ་འདི་གཉིས་ཀྱི་མ་དཔེ་བྲིས་མ་རྒྱ་སེར་གྱི་མཁས་པ་ཕོ་ཐཱ་ནིང་(波塔宁)གིས་1885ལོར་ཨ་མདོའི་ས་ཆ་ནས་རྙེད་དེ། ད་ལྟ་དེ་ཉིད་ལེ་ཉིན་ཀ་རཱད་(列宁格勒) ཀྱི་འཛམ་གླིང་ཤར་རྒྱུད་ཀྱི་བརྟག་དཔྱད་གྲྭ་བའི་དཔེ་མཛོད་དུ་ཡོད། དེ་ལས་བླངས་པའི་འདྲ་རིས་བཤུས་པ་ལ་གཞི་བཟུང་ནས་འདི་གར་དཔར་དུ་བསྐྲུན། ལེའུ་འདི་ལ་གེ་སར་རྒྱལ་པོ་ཤ་རས་གོལ་དང་གཡུལ་འགྱེད་པའི་ཚུལ་རྒྱ་ཆེར་བསྟན་ཏོ།   གླིང་སྐུ་རྗེ་གེ་སར་རྒྱལ་པོའི་རྟོགས་པ་བརྗོད་པ་ལས། འཇང་ས་ཐམ་རྗེ་བཙུན་བཏུལ་པའི་ལེའུ་བཞུགས་སོ། །ཞེས་པ་དང་། འཛམ་གླིང་གེ་སར་རྒྱལ་པོའི་ལྗང་གླིང་གཡུལ་འགྱེད་ཀྱི་སྐོར་བཞུགས་སོ། །ཞེས་པ་གཉིས་ནི་གཤར་ཟིན་མ་ཧལ་ཧའི་རྗེ་བཙུན་དམ་པའི་སྒེར་གྱི་དཔེ་མཛོད་ནས་རྙེད་པ་སྟེ་དེ་ལས་བཤུས་པ་བླངས་ནས་དཔར་དུ་བསྐྲུན་པའོ། །འཛམ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་ལས། སྟག་གཟིག་ནོར་རྫོང་ཕབ་ནས་ནོར་འགྱེད་བཏང་སྐོར་བཞུགས་སོ། །ཞེས་པ་འདི་བོད་དཔར་དུ་བསྐྲུན་པའི་དཔར་མ་ལས་བཤུས་ཏེ་དཔར་བཏབ་བོ། །གོང་དུ་སྨོས་པའི་བོད་གེ་སར་གྱི་རྟོགས་བརྗོད་ཀྱི་མ་དཔེ་རྣམས་ལ་ཡི་གེ་མ་དག་པ་མང་པོ་ཡོད་ཀྱང་ཞུས་དག་མ་བས་པར་སོར་བཞག་ཏུ་བཤུས་ཏེ་བསྐྲུན་པའོ། །ཡི་གེ་མ་དག་པ་ལྟར་སྣང་ཡང་ཡུལ་སྐད་དུ་དེ་ལྟར་བརྗོད་དུ་མི་རུང་བའི་ངེས་པ་མི་འདུག་པས་རྟོག་དཔྱོད་མཁས་པ་རྣམས་ལ་གལ་ཆེ་བར་བསམ་ནས་རྟ་མགྲིན་སྲུང་གིས་བྲིས་པའོ། །”ཞེས་བཀོད་ནས་བསྡུས་སྒྲུང་དཔར་གཞི་འདིའི་ལེའུ་སོ་སོ་ཇི་ལྟར་སྒྲིག་པའི་རྒྱུ་མཚན་བཅས་གསལ་པོར་ངོ་སྤྲོད་བགྱིས་འདུག སྒྲུང་དཔེ་འདིའི་མ་གཞི་བསྡུ་སྒྲིག་དང་བཤུ་འབྲི་གནང་མཁན་རྟ་མགྲིན་སྲུང་མཆོག་གིས་སྡུག་རུས་བསམ་གྱིས་མི་ཁྱབ་པ་བགྱིས་པའང་གླེགས་བམ་ལས་གསལ་པོར་མཐོང་ཐུབ། བསྡུས་སྒྲུང་ལེའུ་མའི་ཡིག་མཁན་གཙོ་བོ་ཡང་ཁོང་ཉིད་ཡིན་པར་སུས་ཀྱང་བསྙོན་དུ་མེད། བསྡུས་སྒྲུང་འདིའི་བརྗོད་བྱའི་དོན་གྱི་ཆ་ནས་འཆད་ན། ཚིག་དོན་བསྡུས་ཤིང་ནང་དོན་གསལ་པོའི་སྒོ་ནས་ཐོག་མར་གླིང་རྗེ་གེ་སར་རྒྱལ་པོ་སྟེང་ཕྱོགས་ལྷ་ཡུལ་ནས་འཇིག་རྟེན་མི་ཡུལ་དུ་ཕེབས་པའི་གཏམ་རྒྱུད་བྲིས་འདུག་ཅིང་། དེ་ནས་འཇིག་རྟེན་མི་ཡུལ་ནས་ཡབ་སེང་བློན་དང་ཡུམ་འགོག་བཟའི་སྲས་སུ་སྐུ་འཁྲུངས་པའི་ལོ་རྒྱུས་དང་གླིང་གི་རྟ་རྒྱུགས་རྒྱལ་འཇོག་བརྒྱུད་ནས་སེང་ལྕམ་འབྲུག་མོ་བཙུན་མོར་བསུས་པའི་གཏམ་རྒྱུད། དེ་ནས་དགུང་ལོ་བཅོ་ལྔར་ནག་པོ་བདུད་ཡུལ་ལ་ཕེབས་ཏེ་བདུད་ཀླུ་བཙན་ཕབ་ཅིང་ཕྱིར་ཧོར་ཡུལ་ལ་ཕེབས་ནས་ཧོར་གུར་དཀར་རྒྱལ་པོར་གཉའ་སྒ་བསྟད་ནས་དམ་ལ་བཏགས་པའི་གཏམ་རྒྱུད། དེ་འཕྲོར་གོང་མ་ལྷའི་ལུང་བསྟན་ཇི་བཞིན་སྟག་གཟིག་ནོར་རྫོང་ཕབ་ནས་ནོར་འགྱེད་དབུལ་ཕྱུག་ཀུན་ལ་ཆེ་ཆུང་མེད་པར་བཏང་པའི་གཏམ་རྒྱུད་ངོ་མཚར་བ་བཅས་བརྗོད་འདུག ཡིན་ནའང་ཧོར་དམག་ཅེས་པའི་ལེའུ་དང་བདུད་འདུལ་གྱི་ལེའུ་ནང་དུ་བདུད་ཀླུ་བཙན་འདུལ་བའི་ལོ་རྒྱུས་ཆ་ཚང་བ་བཀོད་མེད་པས་རྔ་རྡུམ་དུ་ལུས་འདུག སྒྲུང་དཔེ་འདིའི་མ་ཡིག་ལ་ཚིག་སྐྱོན་དང་ཡིག་ནོར་མང་བས། འདི་སྐོར་མཇུག་ཏུ་ད་དུང་བརྗོད་རྒྱུ་ཡིན་པས་སྐབས་འདིར་ཞིབ་ཏུ་མི་བརྗོད་དོ།   
གཉིས། ཡུལ་ཤུལ་གྱི་བསྡུས་སྒྱུང་ལེའུ་མའི་དཔར་གཞི།   
           འདིའི་ཁ་བྱང་ལ་《གླིང་གེ་སར་རྒྱལ་པོའི་རྣམ་ཐར་ལས་ལྷ་གླིང་དང་ཀླུ་གླིང་། གཉན་གླིང་། འགོག་གླིང་། སྐྱེས་གླིང་། རྟ་རྒྱུག་བཅས་པ་བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ལྦང་ཞེས་བྱ་བ་བཞུགས་སོ་》ཞེས་བཀོད་ཡོད།  
           དེ་ཡང་《གླིང་གེ་སར་རྒྱལ་པོའི་རྣམ་ཐར་ལས་ལྷ་གླིང་དང་ཀླུ་གླིང་། གཉན་གླིང་། འགོག་གླིང་། སྐྱེས་གླིང་། རྟ་རྒྱུག་བཅས་པ་བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ལྦང་ཞེས་བྱ་བ་བཞུགས་སོ་》ཞེས་པའི་དཔར་གཞི་འདི་ནི་1988ལོར་ཁོ་བོ་དང་རྩོམ་སྒྲིག་པ་རྡོ་རྗེ་ཚེ་རིང་གཉིས་ཀྱིས་ཡུལ་ཤུལ་གྱི་ལག་བྲིས་མ་ཞིག་གཞིར་བཟུང་ནས་དག་སྒྲིག་བྱས། བསྡུས་སྒྲུང་ལེའུ་མའི་དཔར་གཞི་འདིའི་མ་ཡིག་ཤིན་ཏུ་ལེགས་ཤིང་བྲི་ཡང་དབུ་མེད་གཟབ་བྲིས་ལེགས་པོ་ཞིག་ཏུ་སྣང་། གླེགས་བམ་གྱི་མགོ་མཇུག་བར་གསུམ་དུ་སྐུང་ཡིག་མང་པོ་ཡོད་པས་དག་སྒྲིག་བྱེད་སྐབས་དཀའ་ངལ་ཅུང་ཟད་འཕྲད་བྱུང་།  1988ལོའི་ཟླ་8པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས། ལྕགས་དཔར་མར་ཤོག་ངོས234ཡོད།  དཔེ་ཆའི་མདུན་ཤོག་གི་ཁ་བྱང་ལ། 《གླིང་གེ་སར་རྒྱལ་པོའི་སྒྲུང་བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ལྦང་》ཞེས་བཀོད་ཡོད། བསྡུས་སྒྲུང་འདི་ལེའུ་བརྒྱད་དུ་བགོས་ཡོད་དེ། ལེའུ་དང་པོ། “གུ་རུ་པདྨ་འབྱུང་གནས་ཀྱིས། །མཐའ་འཁོབ་ཆོས་ལ་འགོད་པའི་ཕྱིར། །ལྷ་ཕྲུག་ཐོས་དགའ་གླིང་ལ་མངགས། །ཀླུ་ནོར་སྣ་ཚོགས་འཕྲུལ་གྱིས་དྲངས། །”ཞེས་པ་དང་། ལེའུ་གཉིས་པ། “ཧོར་མོ་ག་ཟི་གླིང་གིས་ བླངས། ། གླིང་སྲས་ཆོས་རྗེ་འགོག་གིས་བཀྲོངས། །འགོག་གི་རྟ་ཁྱུ་གླིང་གིས་དེད། །སེང་བློན་རྒྱལ་པོར་འགོག་བཟའ་ཐོབ། །”ཅེས་པ། ལེའུ་གསུམ་པ། “ཇོ་རུ་འགོག་བཟའི་པང་དུ་བལྟམས། །ཁྲོ་ཐུང་དཔོན་པོས་གནོད་སེམས་བཅངས། །ཇོ་སྐྱིད་དམ་པའི་མཐུ་སྟོབས་ཀྱིས། །སྒོམ་པ་ར་ཛ་དམ་ལ་བཏགས། །”ཞེས་པ། ལེའུ་བཞི་པ། “ཁྲོ་ཐུང་རྒྱལ་པོའི་བཀའ་བཞིན་དུ། །ཇོ་རུ་རྨ་སྨད་ཡུལ་དུ་བརྫངས། །ཇོ་རུས་རྫུ་འཕྲུལ་སྣ་ཚོགས་ཀྱིས། །འདྲེ་སྲིན་ཐམས་ཅད་དམ་ལ་བཏགས། །”ཞེས་པ། ལེའུ་ལྔ་པ། “ཇོ་རུས་ནེ་ནེའི་ལུང་བསྟན་ལྟར།།ཤེལ་བྲག་གཏེར་གྱི་སྒོ་མོ་ཕྱེས། །མ་བཞི་དཔོན་པོ་ཁྲོ་ཐུང་ལ། །རྟ་རྒྱུག་དགོས་པའི་རྫུན་ལུང་གནང་། །”ཞེས་པ། ལེའུ་དྲུག་པ། “ཞལ་ལུ་དཀར་པོས་བཀའ་བཙན་ཕབ། །འབྲུག་མོ་ཇོ་རུ་ཞུ་བར་མངགས། །ཇོ་རུས་རྫུ་འཕྲུལ་མང་བསྟན་ནས། །མཇུག་མཐར་གླིང་ཡུལ་སྟོད་དུ་ལོག །”ཅེས་པ། ལེའུ་བདུན་པ། “མ་ཡུམ་འགོག་མོས་ལྷ་རྟ་དེ། །རི་ནས་བཟུང་སྟེ་ཇོ་རུར་སྤྲད། །གླིང་བཟའ་སེང་ལྕམ་འབྲུག་མོ་ཡིས། །སྨོན་ལམ་དཀར་པོའི་རྒྱས་འདེབས་ཞུས། །”ཞེས་པ། ལེའུ་བརྒྱད་པ། “གླིང་སྡེ་དཀར་པོས་རྟ་རྒྱུག་མཛད། །འབྲུག་མོས་རྟ་དཔྱད་སྒང་ནས་བརྒྱབ། །རྐྱང་རྒོད་འཕེར་བས་མགྱོགས་དར་བླངས། །ཇོ་རུ་གསེར་ཁྲིའི་སྟེང་དུ་བཞུགས། །”ཞེས་པ་བཅས་ལེའུ་རེ་ལ་ཤོ་ལོ་ཀ་གཅིག་རེ་བཀོད་ནས་ལེའུ་སོ་སོའི་དོན་སྙིང་བསྡུས་པས་ལྟ་ཀློག་ལ་སྟབས་བདེ་བསྐྲུན་ཡོད།   
           འདིར་བརྗོད་དོན་ཕུན་སུམ་ཆོགས་པའི་བསྡུས་སྒྲུང་འདིའི་བརྗོད་བྱའི་དོན་གྱི་སྙིང་པོ་མདོ་ཙམ་བརྗོད་ན། དང་པོ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མི་ཡུལ་བདེ་ལ་འགོད་པའི་ཆེད་དུ་སྟེང་མ་ལྷ་ཡུལ་ནས་ལྷ་ཕྲུག་ཐོས་པ་དགའ་གླིང་དཀར་སྟོད་ལ་མངགས་ཚུལ་དང་། གཉིས་པ་བར་མ་གཉན་ནས་ཟད་མེད་ཕྱུག་གི་གཏེར་གཡང་འཁོར་བའི་མཐུན་རྐྱེན་ལེགས་པོ་སྒྲིག་ཚུལ། གསུམ་པ་འོག་མ་ཀླུ་ནས་ཀླུ་མོ་ཡལ་ག་མཇེས་ལྡན་ཐབས་ཀྱིས་འགོག་ར་ལོ་སྟོན་པ་རྒྱལ་མཚན་གྱི་ཇ་མར་གདན་འདྲེན་ཞུ་ཚུལ། བཞི་པ་འགོག་གི་སྟོན་པ་རྒྱལ་མཚན་གྱིས་གླིང་གི་སྤྱི་དཔོན་ཁྲ་རྒན་གྱི་སྲས་གླེན་པ་ཆོས་རྗེ་བཀྲོངས་པས་འགོག་རྟ་གླིང་གིས་དེད་དེ་འགོག་མོ་གླིང་ལ་ཐོབ་ཚུལ། ལྔ་པ་སྐྱེས་མཆོག་ནོར་བུ་དགྲ་འདུལ་དེ་ཡབ་སེང་བློན་དང་ཡུམ་འགོག་བཟའ་རྣམ་གཉིས་ལས་སྐུ་འཁྲུངས་ཚུལ། དྲུག་པ་གླིང་གི་རྟ་རྒྱུག་རྒྱལ་འཇོག་གི་ཁྲོད་དུ་གེ་སར་རྒྱལ་པོ་ཉིད་ཀྱིས་རྒྱལ་ཁ་དང་པོ་བླངས་ཏེ་སེང་གེ་རྐང་པ་བརྒྱད་པས་བཏེགས་པའི་ཁྲི་འཕང་མཐོན་པོའི་སྟེང་དུ་བཞུགས་ཚུལ་སོགས་ཡིན། བསྡུས་སྒྲུང་འདིའི་བརྗོད་བྱའི་དོན་གྱི་ཐད་ནས་བལྟས་ན། སྒྲུང་དཔེ་རྩ་ཆེན་དྲུག་གི་སྙིང་པོ་གཅིག་ཏུ་བསྡུས་པ་དང་། བརྗོད་དོན་ཟབ་ཅིང་གོ་རིམ་ལྡན་པ། ཀློག་པ་པོའི་ཡིད་དབང་འགུག་ཐུབ་པའི་ནུས་པ་ལྡན་པ། རྗོད་བྱེད་ཚིག་གི་ཆ་ནས་བཤད་ན། བཀླགས་ན་ཁར་བདེ་ཞིང་མཉན་ན་རྣར་སྙན་པ། གོ་བདེ་ལ་ཚིག་ཉོག་ཀྱང་མང་པོ་མེད་པའི་སྒྲུང་དཔེ་ཅུང་རྩ་ཆེན་ཞིག་ཏུ་སྣང་།  
           བསྡུས་སྒྲུང་འདིའི་མཇུག་ཏུ “འཛམ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་ལྷ་གླིང་གབ་ཙེ་དགུ་སྐོར། གཉན་ལེའུ་ཕྱུག་གི་གཏེར་མཛོད། ཀླུ་ལེའུ་ཆུ་བོ་དལ་འབབ། འགོག་ལེའུ་གནང་གི་མགོ་མོ། སྐྱེས་ལེའུ་རྣམ་པར་དག་པ། འདོ་བ་རྟ་ཡི་བང་རྩལ་གྱིས་ལས་ཟོག་རྨ་ཉིན་ཤེལ་བྲག་གི་དགོས་འདོད་ནོར་གྱི་གཏེར་ཁ་བླངས་ཚུལ་བཅས་རྫོགས་སོ་”ཞེས་བྲིས་འདུག་པ་ལས་དེ་ཉིད་དུས་ནམ་ཞིག་ལ་མི་སུ་ཞིག་གིས་ཡི་གེར་འགོད་ཚུལ་སོགས་གསལ་པོ་བྲིས་མིན་འདུག   
གསུམ། ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི།   
           འདིའི་ཁ་བྱང་ལ་《གཤམ་ཡུལ་ནས་ཐོན་པའི་གེ་སར་སྒྲུང་》ཞེས་བཀོད་ཡོད།   དེ་ཡང་《གཤམ་ཡུལ་ནས་ཐོན་པའི་གེ་སར་སྒྲུང་》ཞེས་པའི་བསྡུས་སྒྲུང་ལེའུ་མ་འདི་ནི་ལྕགས་དཔར་ལ་བཏབ་ཡོད་པ་དང་འདི་ལ་ཤོག་ངོས305ཡོད། ཡིག་གཟུགས་དབུ་ཅན་ཡིན་ཞིང་མགོ་བཙེམ་མ་ཡིན། 1905ལོར་ལྕགས་དཔར་ལ་བཏབ་བ་ཞིག་ཡིན། ལོ་རྒྱུས་ཡིག་ཆར་བཀོད་པ་ལྟར་ན། ལ་དྭགས་ཀྱི་བུ་མོ་ལོ་བཅུ་དྲུག་ཅན་ཞིག་གིས་ངག་ཐོག་ནས་བཤད་དེ། འཇར་མན་གྱི་བོད་རིག་པའི་མཁས་པ་ཧྥོ་ལན་ཁེ་ཟེར་བ་དེས་ཟིན་བྲིས་ལ་བཏབ་ཅིང་ད་དུང་དབྱིན་ཇི་དང་འཇར་མན་གྱི་ཡི་གེར་བསྒྱུར་ནས་འགྲེམས་སྤེལ་བྱས་སྐད། སྒྲུང་དཔེ་འདི་ལེའུ་བསྡོམས་པས་བདུན་དུ་དབྱེ་འདུག་སྟེ། ལེའུ་དང་པོ།  གླིང་གི་དཔའ་བོ་བཅོ་བརྒྱད་ཀྱི་སྐྱེ་རབས། ཞེས་པ་དང་། ལེའུ་གཉིས་པ། གླིང་རྒྱལ་ལྷམ་གེ་སར་གྱི་སྐྱེརབས། ཞེས་པ། ལེའུ་གསུམ་པ། གེ་སར་དང་འབྲུ་གུ་མའི་བག་སྟོན་གྱི་སྒྲུང་། ཞེས་པ། ལེའུ་བཞི་པ། གེ་སར་གྱིས་རྒྱ་ནག་བཏུལ་བའི་སྒྲུང་།ཞེས་པ། ལེའུ་ལྔ་པ། གེ་སར་གྱིས་བདུད་བཏུལ་བའི་སྒྲུང་།ཞེས་པ། ལེའུ་དྲུག་པ། ཧོར་གྱིས་འབྲུ་གུ་མ་ཁྱེར་བའི་སྒྲུང་།ཞེས་པ། ལེའུ་བདུན་པ། གེ་སར་གྱིས་ཧོར་པ་ཧལ་ལྡེ་བཏུལ་བའི་སྒྲུང་། ཞེས་བཀོད་འདུག་པ་ལྟར་ཡིན། ལེའུ་ཡི་ཁ་བྱང་འདི་དག་ཕལ་ཆེར་ཕྱིས་སུ་དཔར་འདེབས་པ་པོས་གསར་དུ་བཅོས་པ་ཞིག་ཨེ་ཡིན་བསམས་ཏེ། དེའི་རྒྱུ་མཚན་ཡང་སྒྲུང་དཔེའི་ནང་དུ་ཕྱིས་སུ་ཁ་གསབ་བརྒྱབ་པའི་ཚུལ་གསལ་པོར་མཐོང་ཐུབ་པས་ཡིན། ཡིན་ནའང་སྒྲུང་ནང་དུ་རང་བྱུང་ཚན་པ་རྣམས་ལོགས་སུ་བཀར་བ་ཧ་ཅང་ཞིབ་མོའམ་གསལ་པོར་འདུག སྤྱིར་བསྡུས་སྒྲུང་ལེའུ་མ་འདིར་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་ཆ་ནས་བལྟས་ན། ལ་དྭགས་ཀྱི་ཡུལ་སྐད་དང་གཏམ་རྒྱུད་ཀྱིས་ཤུགས་རྐྱེན་ཐེབས་པ་ཤིན་ཏུ་གསལ་པོ་ཡིན།  འདིར་ཀློག་དཀའ་བ་དང་གོ་དཀའ་བ་མང་པོ་ཡོད་པ་དཔེར་ན།  གླིང་གི་དཔའ་བོ་བཅོ་བརྒྱད་ཀྱི་མིང་ལ་མཚོན་ན་འདི་ལྟར་བཀོད་འདུག   པ་སང་ལྡན་རྭ་སྐྱེས། ཨང་གར་ལྕངས་པ། ཁ་རྒན་དགའ། ཁྲའི་མགོ་ཁྲ་ཐུང་། སྐྱ་བ་རྒོད་པོ། ཟླ་བ་བཟང་པོ། མདའ་དཔོན་གོང་མ། ཨ་ལ་ཅོང་གོལ། འབུ་དམར་ལམ་བསྟན། ཤེལ་ལི་བུ་ཞུང་། དགའ་ནི་གོང་བ། ལག་ལག་རིང་།  རྐང་རྐང་རིང་། བོང་ནག་ལྡུམ་བུ། བོང་བཀའ་བློན་ལྡན་པ།  དཔའ་ལེ་རྒོད་པོ། རྣ་གཡུ་རྣ་རྩ། ཟླ་བ་དཀར་པོ། ཞེས་པ་ལྟ་བུ་ཡིན། གོང་ཞུས་གླིང་གི་དཔའ་བོ་བཅོ་བརྒྱད་དེ་དག་གི་མིང་ཕལ་ཆེར་གོ་མ་མྱོང་ལ། རང་རེ་བོད་ཁུལ་ན་དར་ཁྱབ་ཆེ་བའི་གླིང་གི་དཔའ་རྟུལ་སུམ་ཅུ་དང་ཡང་རྟུལ་དམ་པའི་མི་བདུན། ཞེ་རྟུལ་ཁྲ་གླག་སྤྱད་གསུམ་བཅས་དང་མཐུན་པ་གཅིག་ཀྱང་མེད་ལ། རྫོང་ཆེན་བཅོ་བརྒྱད་ཀྱི་དཔའ་བོའི་མིང་དང་ཡང་འདྲ་བའི་ས་མེད། དེ་དག་ཕལ་ཆེར་ལ་དྭགས་ཡུལ་གྱི་ཁ་སྐད་དམ་ཡང་ན་གསར་སྣོན་བགྱིས་པ་ཨེ་ཡིན་བསམས། གང་ལྟར་ཡང་དཔའ་བོའི་ཟིལ་ཉམས་དང་གཏམ་རྒྱུད་ཀྱི་འགྲོ་རིམ་ཧ་ལམ་གཅིག་མཚུངས་སུ་སྣང་། ད་དུང་བརྗོད་དོན་གྱི་ཆ་ནས་གླིང་སྒྲུང་གཞན་དུ་མཐོང་དཀོན་པའི་གཏམ་རྒྱུད་དེ། འབྲུག་མོ་ཉིད་ཧོར་གྱིས་ཕྲོགས་ནས་ཧོར་གུར་དཀར་ལ་བུ་གཉིས་སྐྱེས་པ་ལ། གཅིག་གི་མིང་ལ་གསེར་རལ་ཅན་དང་གཅིག་གི་མིང་ལ་གཡུ་རལ་ཅན་ཟེར། གེ་སར་གྱིས་འབྲུག་མོའི་བུ་གཉིས་མཚོན་ཆས་མི་གསོད་མནའ་བོར་བ་དང་དམ་བཅས་ནའང་རྟ་ལྕག་གིས་བྲབས་ནས་ཁོང་གཉིས་ཀའི་མགོ་བཅད་དེ་འཁུར་སོང་།ཞེས་པ་དང་། གཞན་ཡང་གེ་སར་གྱིས་རྒྱ་ནག་བཏུལ་བའི་སྒྲུང་ཞེས་པའི་ལེའུ་ལས། གླིང་གེ་སར་རྒྱལ་པོ་རྒྱ་ནག་རྒྱལ་པོའི་མཁར་ལ་ཞག་ཉི་ཤུ་ལུས་སྐབས་རྒྱ་ནག་རྒྱལ་པོའི་སྲས་མོ་གཡུའི་དཀོན་མཆོག་མོ་ཟེར་བ་དེས་གེ་སར་དང་མཉམ་དུ་འགྲོ་རྒྱུ་ཟེར་བས། གེ་སར་གྱིས་རྒྱ་ནག་རྒྱལ་པོ་ལ་དགོངས་པ་ཞུས། རྒྱལ་པོའི་དགོངས་ཁྲོལ་བཞིན་བུ་མོ་གཡུའི་དཀོན་མཆོག་མོ་གེ་སར་དང་མཉམ་དུ་ཆས། དེ་དང་མཉམ་དུ་ནོར་བུ་ཚང་མ་ཡང་རྗེས་སུ་འབྲངས་སྟབས། དེ་ནས་སྐུ་དྲག་ཚང་མ་འདུས་ཏེ་གྲོས་བྱས་པས། གེ་སར་དང་མཉམ་དུ་སྲས་མོ་དང་ནོར་བུ་ཚང་མ་ཤོར་སོང་ཟེར་ནས། དེར་བློན་པོ་ཞིག་མངགས་ཏེ་གེ་སར་གླིང་ཡུལ་ལ་སྐྱོད་པའི་ལམ་བར་ནས་ཕྱིར་ཁྲིད་ཡོང་ནས་ང་ཞའི་འབུ་ཁང་ནང་དུ་ལྟ་རུ་བཅུག དེ་ནས་གེ་སར་གྱིས་ནག་མགོ་ཐུར་ལ་བཏང་སྟེ་བལྟས་པ་ན། མི་ཚང་མས་གེ་སར་འབུ་ཁང་ནང་དུ་འཕངས། དེ་ནས་གེ་སར་གྱིས་འབུ་ཁང་ནང་དུ་འབུ་དཀར་ལྡུམ་བུ།  འབུ་ནག་ལྡུམ་བུ། འབུ་གསེར་ལྡུམ་བུ་བཅས་གསུམ་ཡོད་པ་ལས་འབུ་དཀར་ལྡུམ་བུ་བསད་དེ་སྟན་ལ་བཏིང་། འབུ་ནག་ལྡུམ་བུ་བསད་དེ་སྙེས་ལ་བཞག འབུ་གསེར་ལྡུམ་བུ་བསད་དེ་གོས་ལ་གོན་པས། གེ་སར་ལ་གནོད་ཅི་ཡང་མ་ཐུབ་པར་ས་དོང་ནང་ནས་གླུ་འདི་ལྟར་བླངས། ཞེས་བྱུང་བ་དེ་རིགས་ལ་དྭགས་ཀྱི་སྒྲུང་དཔེ་ལས་གཞན་གྱི་སྒྲུང་གང་ལས་ཀྱང་མཐོང་མ་བྱུང་།  
 གཉིས་པ། བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་གྱི་བརྗོད་བྱའི་དོན་གྱི་གཤིབ་བསྡུར།   
           དེ་ཡང་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་སྟེ། ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་དང་། ཡུལ་ཤུལ་གྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི། ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་བཅས་གསུམ་གྱི་བརྗོད་བྱའི་དོན་གྱི་ཐད་ནས་གླེང་ན། སྤྱིར་བཏང་བརྗོད་དོན་གྱི་གཏམ་རྒྱུད་གཅིག་མཚུངས་ཡིན་ནའང་ཕན་ཚུན་དབར་མི་མཚུངས་པའང་ཅུང་མང་པོ་འདུག   གཤམ་དུ་བརྗོད་བྱའི་དོན་གྱི་ཐད་ནས་རགས་ཙམ་གཤིབ་བསྡུར་བྱས་ན་འདི་ལྟ་སྟེ།   
           གཅིག བསྡུས་སྒྲུང་ལེའུ་མ་གསུམ་གྱི་གེ་སར་འཁྲུངས་རབས་ཀྱི་གཏམ་རྒྱུད་སྐོར། ཡུལ་ཤུལ་གྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་སྐྱེས་གླིང་ལས། “དེ་ནས་ནངས་པར་མོ་ལ་དབང་བའི་སྐལ་བ་རྣམས་བླངས་ཏེ། མཁའ་འགྲོ་དེ་ཡིས་ལུང་བསྟན་པའི་ས་དེར་སྦྲ་ཕུབ་ས་བཟུང་ནས་བསྡད། དེ་ཉིན་གྱི་གཅིག་ཕྱིར་ཉིན་གྱི་གཉིས། གནངས་ཉིན་གྱི་གསུམ། བཞེས་ཉིན་གྱི་ལྷ་ཉིན་དཀར་བོ་ཤར་བའི་སྐར་མ་རྒྱལ་ལ་ཁེལ་བ།  དམག་གཡུལ་ལས་རྒྱལ་བའི་སྐར་བཟང་། བན་ཤཱཀྱ་ཐུབ་པའི་འཁྲུངས་སྐར་གྱི་དུས་སུ་དང་པོ་ཁ་བ་སེར་བོ་བབས། དེ་ནས་ཁ་བ་ནག་པོ་བབས། ནམ་ཡར་ལངས་ཀྱི་དུས་སུ་ཁ་བ་དཀར་པོ་བབས་ནས། ཁ་བ་ནག་སེར་གཉིས་ཀྱི་མགོ་མནན། ཡུལ་ཁམས་དཀར་བོ་གཅིག་ཏུ་གྱུར།  དེ་ནས་ཉི་རྩེ་ཕོག་སྐབས།  དྲིན་ཅན་ཨ་མ་འགོག་མོའི་སྤྱི་བོའི་གཙུག་གི་པདྨའི་གདན་སྟེང་ནས། ཕུ་བོ་དུང་སྐྱོང་དཀར་བོ་འཁྲུངས། ལྷ་དམག་བྱེ་བ་འབུམ་གྱིས་བསྐོར་ནས་མ་དྲོས་ཀླུ་ཡི་ཡུལ་ལ་ཕེབས། དེ་ནས་ནམ་མཁའ་ལ་འཇའ་འོད་ཀྱི་གུར་ཕུབ། བར་སྣང་ནས་གཡུ་འབྲུག་སྔོན་མོའི་གསུང་སྙན་གྲགས། ས་གཞི་ནས་བྱ་རྒྱལ་ཁུ་བྱུག་སྔོན་མོས་སྐད་འགྱུར་རྒྱག ལྕི་སྲིབ་སྟག་མོ་འདུས་མདོ་ཡི་ས་ཆ་ལ་མེ་ཏོག་གི་ཆར་བ་རྒྱུན་མི་ཆད་པར་བབས། ལྡིང་ཚེ་སེ་རུ་དགུ་སྐོར་གྱི་ཡ་ཆོན་དང་མ་ཆོན་ཐོང་ཀ་ལ་སོགས་པ་ནས།  དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྔ་དང་།  རྒྱ་གླིང་། དུང་དང་རོལ་མོ་དཀྲོལ། ལྡིང་ཚེ་སེ་རུ་ཡི་ནང་ཤད།  ཨ་མ་འགོག་མོ་ཡི་སྔས་མགོ་ཕར་ཚུར་ཀུན་ཏུ་མཆོད་པའི་ལྷ་མོ་སྤུན་གསུམ་གྱིས་གཟུགས་སྒྲ་དྲི་རོ་རེག་བྱ་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་བཤམས། དེའི་དུས་བུ་ཇོ་སྐྱིད་དམ་པ་སངས་རྒྱས་དེ་ཉིན་གསང་གནས་བདེ་བསྐྱེད་ཀྱི་འཁོར་ལོ་ནས་སྐུ་འཁྲུངས་སོ་”①ཞེས་བཀོད་ཡོད་པ་དང་། ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་སྐུ་འཁྲུངས་པའི་ལེའུ་ལས། “སྨན་འགོག་བཟའ་ལྷ་མོ་དེ་ལ་བུ་མ་སྐྱེས་པར། སྨན་འགོག་བཟའ་ནུ་མོ་དཀར་ཐིག་སྨན་ཆུང་མར་བླངས་པས། དེ་ལ་བུ་མ་སྐྱེས་པར་ནག་ཐིག་སྨན་བླངས་སོ། །དེ་ལ་བུ་མ་སྐྱེས་པར་ཏའི་རྒྱལ་པོའི་ལྷ་ཐམས་ཅད་དང་ལྷ་ཆེན་ཚངས་པ་ལ་གསོལ་བ་བཏབ་པས། དུས་རེ་ཞིག་ན་སྨན་འགོག་བཟའ་ལྷ་མོ་དེ་ལོ་ལྔ་བཅུ་ཐམ་པ་ཡིན་དུས་ར་ནང་ནས་འབྲི་བཞོ་གི་ཡོད་པར། ནམ་མཁའ་ཐམས་ཅད་འོད་ཀྱིས་གང་པ་ལྷ་ཐམས་ཅད་ཀྱིས་སེང་ཁྲོལ་ཁྲོལ་ཆོམ་ཆོམ་ཟེར་པའི་སྒྲས་བཀང་འདུག་པས་ན། འགོག་བཟས་ནམ་མཁའ་ལ་བལྟས་པས་ལྷའི་བུ་ནོར་རིན་པོ་ཆེ་སྣ་ཚོགས་དང་དར་ཟབ་ཀྱིས་བརྒྱན་པ་འོད་མེར་རེ་རེ་བཞུགས་པ་གཅིག་མཁའ་འགྲོ་མ་མང་པོས་བསྐོར་ནས་བར་སྣང་ནས་ལིང་ལིང་བབས་བྱུང་བས། འགོག་བཟའི་མདུན་དུ་བབ་པས་དྲན་མེད་དུ་བརྒྱལ་ལོ། །་་་་་་ངེད་རིང་ཚོས་རིམ་འགྲོ་དང་སྐུའི་ཆོས་སྐྱོང་ལམ་ཡོལ་བར་སེམས་ཆུང་བྱེད་དགོས་ཟེར་བས། དགའ་བ་ལྟར་བྱས་པ། སྨན་འགོག་བཟའ་ལྷ་མོའི་ཞལ་ནས་ངེད་གཉིས་ན་སོ་གཞོན་ནུ་དུས་སུ་བུ་སྐྱེས་པ་ལ་བསམ་ཡིན་ཀྱང་བུ་མ་བྱུང་། ད་ན་སོ་རྒས་ནས་ལུས་བརྟེན་པའི་འཁར་བ་ཞིག་ས་ཡོད་བསམ་འདུག་པས། ངའི་ལུས་ན་ཡོད་པ་འདི་ཡང་ཟླ་བ་དྲུག་ཙམ་འགྲོ་ལ་ཁར་ཡོད་བུ་ཡིན་བུ་མོ་ཡིན་མི་ཤེས་འདུག་”②ཅེས་བཀོད་ཡོད་པ་དང་། ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་གེ་སར་གྱི་སྐྱེརབས་ལེའུ་ལས།“ཕྲུ་གུ་སྐྱེ་ཅེས་ཀྱི་ཞག་བསླེབ་པས། ཕྲུ་གུ་ཨ་མའི་གྲོད་པའི་ནང་ནས་དཔེ་ར་བཏང་སྟེ་ཟེརས། གླུ་འདི་ལྟར། ཨ་མ་ལ་བུ་ཞིག་སྐྱེན་ཏོ་ལྦ། །གོག་བཟང་(འགོག་བཟའ)ལ་བུ་ཞིག་སྐྱེན་ཏོ་ལྦ །ང་ནི་རི་གསུམ་གྱི་རྩེ་ལ་སྐྱེན་ལོ །རི་གསུམ་གྱི་རྩེ་ལ་རྡོ་བ་གསུམ་གདུང་གསུམ་རྩིག་ལོ །ཅུ་རུའི་གྲལ་ཆད་རིག་ཏོང་ལོ །མུ་ཏིག་གི་སྦི་ལབ་རིག་ཏོང་ལོ །ཕེ་མར་རི་ཐོག་ས་རིག་ནོན་ལོ། །དེ་ནས་ཁོས་དེ་ཟུག་ཟེར་ཅེས་ཆོར་པ་སང་། ཨ་མ་རི་ལ་སོང་སྟེ་རྡོ་བ་གསུམ་ཁྱོང་སྟེ། སྐྱོར་ཏེ་ཁུམ་སྟེ་འདུག །......དེ་སེ་ར་རུ་བབས་པའི་དུས་ལ། ཨ་གུ་དཔལ་ལེས། པ་ཆི་དཔལ་དོང་མཁར་ནང་ནས་ཁྱོངས་བའི་ནོར་བུའི་རིགས།  སེམས་ཅན་ཚང་མ་ལ་སེ་ར་རུ་ཕོག་པ་སོང་། མ་གོག་བཟང་ལྷ་མོ་དང་མཉམ་པོ་དུས་གཅིག་ལ་སྐྱེ་ཅེས་ཅན་སོང་། དེ་ནས་གོག་བཟང་ལྷ་མོ་ལ། ཀེ་སར་སྐྱེ་བའི་ཞག་ལ་དེ་སེམས་ཅན་ཚང་མ་ལ་ཕྲུ་གུ་རེ་སྐྱེས་པས། དེག་བུ་ཁ་དམར་ལ། དེག་བུ་སྐྱེ་རིངས་སྐྱེ ཟངས་བུ་ཁ་ཡོན་ལ། ཟངས་བུ་ཁ་ཆོད་སྐྱེས། སྟ་རི་ཟླ་བ་དཀར་པོ་ལ། ཕོ་ལད་དི་སྟེ་པོ་རང་ཆོད་སྐྱེས། ཐག་པ་རྒྱ་སྟག་ཁྲ་བོ་ལ། ཐག་བུ་ཁྲུ་གང་སྐྱེས། སྐྱེ་མོ་དཀར་མོའི་སྟོང་ཤོང་ལ།ཕད་ཁྲ་བོ་སྐྱེས། རྟ་རྒོད་མ་ཚ་ལངས་ལ། རྐྱང་རྒོད་དབྱེར་བ་སྐྱེས། མཛོ་མོ་རུ་ཡོན་ལ། མཛོ་ཕོ་རྐང་དཀར་སྐྱེས། ར་མ་དཀར་མོ་ལ། ར་སྐྱེས་སྐྱེ་མར་སྐྱེས། ལུག་དྲོ་མོ་ལ། ལུག་པོར་ཟེ་སྐྱེས། བོང་བུ་ནག་པོ་ཁ་དཀར་ལ། བོང་བུ་ཁམ་པ་སྐྱེས།   ཁྱི་མོ་དཀར་མོ་ལ། ཁྱི་ཕོ་གསེར་ལིངས་སྐྱེས། བི་ལ་ནག་པོ་ལ།  བི་ལ་ཁྲ་སུག་སྐྱེས་”③ཞེས་བཀོད་འདུག གོང་གི་བསྡུས་སྒྲུང་ལེའུ་མ་གསུམ་གྱི་ནང་དོན་ལ་དཔྱད་ན། གེ་སར་གྱི་འཁྲུངས་རབས་ལ་གཏམ་རྒྱུད་མི་མཚུངས་པ་གསུམ་བཀོད་ཡོད་དེ།  ཡུལ་ཤུལ་གྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལས། “དེ་ནས་ཉི་རྩེ་ཕོག་སྐབས། དྲིན་ཅན་ཨ་མ་འགོག་མོའི་སྤྱི་བོའི་གཙུག་གི་པདྨའི་གདན་སྟེང་ནས། ཕུ་བོ་དུང་སྐྱོང་དཀར་བོ་འཁྲུངས།...... དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྔ་དང་། རྒྱ་གླིང་། དུང་དང་རོལ་མོ་དཀྲོལ།...... ཨ་མ་འགོག་མོ་ཡི་སྔས་མགོ་ཕར་ཚུར་ཀུན་ཏུ་མཆོད་པའི་ལྷ་མོ་སྤུན་གསུམ་གྱིས་གཟུགས་སྒྲ་དྲི་རོ་རེག་བྱ་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་བཤམས། དེའི་དུས་བུ་ཇོ་སྐྱིད་དམ་པ་སངས་རྒྱས་དེ་ཉིན་གསང་གནས་བདེ་བསྐྱེད་ཀྱི་འཁོར་ལོ་ནས་སྐུ་འཁྲུངས་”ཞེས་བྱུང་བ་འདི་ནི་བོད་ཁུལ་སྤྱིའི་བཤད་སྟངས་དང་མཐུན་པའི་གཏམ་རྒྱུད་ཡིན། ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལས། སྨན་འགོག་བཟའ་ལྷ་མོ་དེ་དགུང་ལོ་ལྔ་བཅུ་ཐམ་པའི་དུས་སུ་མངལ་སྦྲུམ་པའི་གཏམ་རྒྱུད་བྱུང་བ་དེ་ཡང་གཞན་གྱི་སྒྲུང་དཔེ་གང་ལས་ཀྱང་མཐོང་མི་ཐུབ་ལ། དེ་ནི་ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པར་སྙམ། དེ་མིན་ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་གེ་སར་གྱི་སྐྱེ་རབས་ལས། གེ་སར་སྐུ་མ་འཁྲུངས་གོང་ལ་ཨ་མའི་གྲོད་པའི་ནང་ནས་ཨ་མར་གླུ་བླངས་ཞིང་། གེ་སར་ཁོང་སྐྱེ་བའི་ཞག་དེ་ལ་སེམས་ཅན་རྟ་རྒོད་མ་ཚལངས་ལ། རྐྱང་རྒོད་གཡེར་བ་སྐྱེས། མཛོ་མོ་རུ་ཡོན་ལ། མཛོ་ཕོ་རྐང་དཀར་སྐྱེས། ར་མ་དཀར་མོ་ལ། ར་སྐྱེས་སྐྱེ་དམར་སྐྱེས། ལུག་དྲོ་མོ་ལ། ལུག་པོར་ཟེ་སྐྱེས། བོང་བུ་ནག་པོ་ཁ་དཀར་ལ། བོང་བུ་ཁམ་པ་སྐྱེས། ཁྱི་མོ་དཀར་མོ་ལ། ཁྱི་ཕོ་གསེར་ལིངས་སྐྱེས། བི་ལ་ནག་པོ་ལ། བི་ལ་ཁྲ་སུག་སྐྱེས།ཞེས་བྱུང་བའི་བཤད་ཚུལ་དེ་ནི་ཀུན་གྱིས་ཁས་ལེན་ཐུབ་པ་ཞིག་མིན་ཡང་།  གེ་སར་འཁྲུངས་སྐབས་སེམས་ཅན་བཞི་ཞག་གཅིག་ལ་སྐྱེ་བའི་གཏམ་རྒྱུད་ནི་ཡོངས་སུ་གྲགས་པ་ཞིག་ཡིན།   
           གཉིས། བསྡུས་སྒྲུང་ལེའུ་མ་གསུམ་གྱི་བདུད་ཀླུ་བཙན་འདུལ་བའི་སྐོར། ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལས། གེ་སར་རྒྱལ་པོས་སྨན་ཨ་ནེ་གོང་མ་རྒྱལ་མོའི་ལུང་བསྟན་ལྟར།   བདུད་ཀླུ་བཙན་འདུལ་བར་ཕེབས་ནས་ཐོག་མར་བདུད་རྒན་གྱི་སྲིང་མོ་ཨ་སྟག་ལྷ་མོ་གྲོགས་ལ་བཀུགས་པ་དང་བདུད་ཀྱི་ལྕགས་ར་རྩེ་དགུར་འབྱོར་ནས་བདུད་ཀྱི་བླ་འབྲོང་བསད། བླ་ཤིང་བཅག བླ་མཚོ་སྐེམ་དུ་བཅུག མཐའ་མར་བདུད་རྒན་ལ་ཐོད་མདའ་སྤྲད་ནས་དམ་ལ་བཏགས་པའི་ལོ་རྒྱུས་བརྗོད་ཡོད། བདུད་འདུལ་གྱི་ལེའུ་འདིའི་སྒྲིག་གཞི་དང་གཏམ་རྒྱུད་ཀྱི་གོ་རིམ་ནི་ད་ལྟ་དར་ཁྱབ་ཆེ་བའི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པའི་བདུད་འདུལ་གྱི་སྒྲིག་གཞི་དང་གཏམ་རྒྱུད་ཀྱི་གོ་རིམ་ཕལ་ཆེར་གཅིག་མཚུངས་རེད། ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལས།“དེ་ནས་ཨ་ནེ་བཀུར་དམན་མོ་སྐྱོད་(ཨ་ནེ་གོང་སྨན་རྒྱལ་མོ་)དེ་ཟེརས། ལྦ་བསམ་པ་མེད་མཁན་ནི་ཀེ་སར་རྒྱལ་པོ། བདུད་མ་བསད་ན། ཉིད་ལ་གནོད་པ་མེད་པ་ཕན་ཐོགས་མི་ཡོང་།    སྡིག་པ་ཅན་གྲི་གུ་དང་མགྱོགས་པ་སྙིང་གཤག་དགོས་ཟེརས་པ།  དེ་ནས་ཀེ་སར་གྱིས་བདེན་བསམ་སྟེ། སྡིག་པ་ཅན་གྲི་གུ་ཕིང་སྟེ་བདུད་ཀྱི་སྙིང་ཁ་གཤགས། དེ་ནས་བདུད་ཤི། རོ་ལ་ཁོག་སྟོད་ཁོག་སྨད་ཕེ་(འཕངས་)སྟེ། ཁོག་སྟོད་པོ་མེ་ལ་སྲེག་སྟེ་རོམ་ཁང་བཅོ་སྟེ་བོརས། ཁོག་སྨད་དེ་ས་བྲུ་སྟེ་དེའི་ནང་དུ་བཀབ་སྟེ་ལང་གར་ཞིག་བཅོས་ཏེ་བོརས། ཞག་ཁ་ཅིག་སོང་སྟེ་སྒོ་སྲུང་མཁན་ནི་སྟག་གཟིག་ཚང་མ་མེ་ལ་བཏགས། དེ་ནས་གེ་སར་དང་མཛེས་མོ་གཉིས་ཀས་ཆོ་ལོ་རྩེ་འིན་ཞིག་འདུག མཛེས་མོས་གེ་སར་གླིང་ཡུལ་ལ་ཆེན་བསམ་སྟེ། བརྗེད་ཟན་དང་བརྗེད་ཆུ་བཏང་གིན་ཞིག་བོརས། ཐུ་རུ་རྐྱང་རྒོད་དབྱེར་པ་(རྐྱང་རྒོད་གཡེར་བ་)ལ་རི་ནས་ཤིང་ཁུར་བརྒྱ་ཁྱོང་བཅུག  ནང་ནས་ཐལ་ཁུར་བརྒྱ་ཏེ་ཕིང་བཅུག ཕི་སྟ་ལ་ཆ་ཟ་ན་རྡོག་ཆོང་རེ་བཏང་གིན་འགྲུལ། ནང་ལ་ཆུ་ཟ་ན་མུལ་ཁྲུག་བཏང་གིན་འགྲུལ། ཐུ་རུ་རོ་བཀལ་པ། ད་རུང་རྒྱགས་འདུག་ཟེར།  དེ་ཟུག་བཅོ་འིན་ཞིག་འདུག་པ། ཀེ་སར་དང་མཇེས་མོ་གཉིས་ཀྱི་བར་ལ་བུ་མོ་ཞིག་སྐྱེས་པས། ཀེ་སར་ལ་གླིང་ཡུལ་བརྗེད་དེ་འདུག་”④ཅེས་གེ་སར་རྒྱལ་པོས་ཨ་ནེ་གོང་སྨན་རྒྱལ་མོའི་ལུང་ལྟར། རལ་གྲིས་བདུད་རྒན་གྱི་སྙིང་ཁ་བཤགས་ནས་བསད་ཅིང་རོ་ཁོག་སྟོད་དེ་མེ་ལ་བསྲེགས། ཁོག་སྨད་དེ་ས་འོག་དུ་བཅུག་རྗེས་མཛེས་མ་མེ་བཟའ་འབུམ་སྐྱིད་དང་ལྷན་དུ་བདུད་ཡུལ་དུ་བཞུགས་ཤིང་། མེ་བཟའ་འབུམ་སྐྱིད་ཀྱིས་རྒྱལ་པོར་བརྗེད་ཟས་བརྗེད་ཆུ་བླུད་ནས་དུས་མང་པོ་འགྱངས་ཏེ་ཁོང་ཡབ་ཡུམ་གཉིས་ལ་བུ་མོ་ཞིག་ཀྱང་སྐྱེས་པའི་ལོ་རྒྱུས་བཀོད་འདུག འདིར་མི་མཚུངས་པ་ནི་གེ་སར་གྱིས་རལ་གྲིས་བདུད་རྒན་བསད་པ་དང་མེ་བཟའ་འབུམ་སྐྱིད་ལ་བུ་མོ་ཞིག་སྐྱེས་པ་དེ་ཡིན་ལ། མཚུངས་པ་ནི་མེ་བཟའ་འབུམ་སྐྱིད་ཀྱིས་རྒྱལ་པོར་བརྗེད་ཟས་བརྗེད་ཆུ་བླུད་ནས་དུས་མང་པོ་འགྱངས་པའི་ལོ་རྒྱུས་རྣམས་ཡིན་ནོ།   
           གསུམ། བསྡུས་སྒྲུང་ལེའུ་མ་གསུམ་གྱི་ཧོར་གླིང་གཡུལ་འགྱེད་ཀྱི་གཏམ་རྒྱུད་སྐོར།  ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལས། “དེ་ན་ཧོར་གུར་དཀར། གུར་ནག གུར་སེར་ཟེར་བའི་རྒྱལ་པོ་གསུམ་ཡོད་པ། སྟོབས་དང་མངའ་ཐང་ཆེ་བ། ལོངས་སྤྱོད་ལྷ་དང་མཉམ་པ་ཞིག་ཡོད་པ་ལ། གུར་སེར་རྒྱལ་པོ་དེ་ཁོ་རང་གསུམ་གྱི་ནང་ནས་དབང་ཆེ་བ། མཁས་གྲགས་མཆོག་ཏུ་གྱུར་པ་ཡིན་པས། དུས་རེ་ཞིག་ཙ་ན། གུར་སེར་རྒྱལ་པོ་དེས། ཁྲིམས་ཀྱི་རྔ་བོ་ཆེ་རྡུང་། དར་པོ་ཆེ་དེ་ཕར། དུང་ཆེན་དེ་བུས་ཙ་ན། ཧོར་མི་སེར་ཐམས་ཅད་ཀྱིས།  ངེད་རང་ཚོ་ལ་དེ་རིང་རྒྱལ་པོའི་ཤ་སྟོན་སྟེར་པ་ཞིག་ནམ། ཡང་ན་རི་དྭགས་ལ་འགྲོ་དགོས་པ་ཡིན་ནམ། ཅི་ཡིན་ཟེར་ནས་ཐམས་ཅད་ཚོགས་པས། དེ་ནས་གུར་སེར་རྒྱལ་པོ་དེས། ཁྲོམ་གྱི་དཀྱིལ་ནས་ཡར་ལངས་ནས་གླུ་འདི་ལྟར་བླངས་སོ། །ཧོར་མི་སེར་ཐམས་ཅད་ཚུར་ཉོན་དང་། ང་ཕོ་ལོ་ཉི་ཤུ་རྩ་གཅིག་ཡིན།མི་ང་ལ་ཇ་མ་སུ་ཞིག་འདུག དེ་སྒོ་ཡ་ཐེམ་སེར་པོ་གསེར་ལས་བྱས། མགོ་གཡུ་བྱུར་བཏགས་པའི་སྨན་ཞིག་དགོས། སྒོ་མ་ཐེམ་སྔོན་པོ་གཡུ་ལས་བྱས། ལྷམ་བཞི་ཁྲ་གྱོན་པའི་སྨན་ཞིག་དགོས། གཡས་སྒོ་ཤིང་དཀར་པོ་དྲང་ལ་བྱས། ལག་དུང་དཀར་སྒོ་མོ་འབྱེད་མི་དགོས། དེ་མཛོད་བར་མའི་ཡང་ཕུག་ན།  རྒྱ་ཇ་སྨུག་པོ་བརྩིགས་ཐས་ཡོད། དེ་གཡོ་སྐུལ་བྱེད་པའི་སྨན་ཞིག་དགོས། ས་གང་ན་ཡོད་འདུག་འཚོལ་སོང་ཟེར། ཧོར་ཤན་པ་རྨེ་རུ་རྩེ་དེ་ཁྲོམ་དཀྱིལ་ནས་ཡར་ལངས་ནས་ཕྱག་གསུམ་འཚལ་ཏེ། འདི་སྐད་ཞུས་སོ། །ཧོར་གུར་སེར་རྒྱལ་པོ་ང་ལ་ཉོན། ཧོར་ལུང་ཕུ་མདོ་བར་གསུམ་ན། གུར་སེར་གྱི་ཇ་མ་ཉན་མཁན་མེད། རྒྱལ་པོ་ཁྱེད་ཀྱི་ཇ་མ་འཚོལ་ཟེར་ན། ཁོང་ཚོ་སོ་སོར་འཚོལ་བ་གཏོང་དགོས་སོ། །ཕུག་རོན་ལྷ་ཡུལ་འཚོལ་དུ་བཏང་། སྐྲག་ཀ་གཉན་ཡུལ་འཚོལ་དུ་བཏང་། སྐྱུང་ཀ་ཀླུ་ཡུལ་འཚོལ་དུ་བཏང་། བར་མི་ཡུལ་དུ་ཕོ་རོག་འཚོལ་དུ་བཏང་”⑤ཞེས་བྱུང་བ་འདི་ལས་སྒྲུང་དཔེ་གཞན་དང་མི་མཚུངས་པ་ནི་ཧོར་གུར་དཀར་དང་གུར་ནག གུར་སེར་ཟེར་བའི་རྒྱལ་པོ་གསུམ་ལས་དབང་མངའ་ཐང་ཆེས་ཆེ་བ་དེ་གུར་སེར་རྒྱལ་པོ་ཡིན་ཚུལ་དང་། མངགས་པའི་བྱ་ཡང་ཕུག་རོན་དང་སྐྲག་ཀ  སྐྱུང་ཀ་ཕོ་རོག་བཞི་ཡིན་ཚུལ་བརྗོད་པ་དེ་ཡིན། གཞན་གྱི་ཧོར་གླིང་གཡུལ་འགྱེད་ལས་རྒྱུ་འབྱོར་པ་དང་དབང་མངའ་ཐང་ཅན་ནི་གུར་དཀར་གནམ་གྱི་བུ་ཡིན་པར་བརྗོད་ཡོད་ལ་བཙུན་མོ་ཡང་གུར་དཀར་རྒྱལ་པོར་འཚོལ་བ་དང་། མངགས་པའི་བྱ་ཡང་རྒྱ་བྱ་རྨ་བྱ་ནེ་ཙོ ། ཁྭ་ཏ་བཞི་ཡིན། གཞན་ཡང་གེ་སར་རྒྱལ་པོས་ཧོར་གུར་དཀར་ཆམ་ལ་ཕབ་རྗེས་འབྲུག་མོའི་བུ་གཉིས་རྨེག་མེད་བཟོ་བའི་བརྒྱུད་རིམ་སྐོར་ལ་ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལས། “དེ་ནས་བྲག་ཚའུ་དུང་དུང་མཐོང་བ་སང་། ཀེ་སར་ལ་ཡིད་དུ་ཡོང་སྟེ་ཟེརས།  ངའི་རྟ་ལྕག་དེ་ལུས་ཏོག་ང་འཁྱོང་བ་ཆེན་ཟེརས་བ། ཇོ་ཇོས་ཟེརས། ཉེ་རང་གིས་ངའི་ཕྲུ་གུ་ཀུན་བསད་པ་ཡིན་ནོག་ཟེར་ཏེ་ཆ་མ་བཅུགས་པས། ཀེ་སར་གྱིས་ཟེརས། ང་རལ་གྲི་དང་མི་བསད་དུ་བག་མི་བཏང་ཟེརས་པ། ཇོ་ཇོ་བདེན་ཆེ་སྟེ་ཆ་བཅུགས། དེ་ནས་ཀེ་སར་ཕྲུ་གུ་ཀུན་གྱི་སྒོ་ལ་བསླེབ་སྟེ་ཟེརས།   ལྦ་གསེར་རལ་ཅན་དང་གཡུ་རལ་ཅན་གཉིས་ཀ   ངའི་རྟ་ལྕག་དེ་ལུས་ཏོག་ཏོང་ཟེརས་པ། ཕྲུ་གུ་གཉིས་ཀས་ཨ་བའི་ཀ་ལེ་ལ་ཆ་ཆས་ལ་ཤུ་གུའི་མི་ནང་གང་བཅོ་སྟེ་ཡོད་ཚུག །ཁོང་རང་གིས་ཏུ་བག་གི་སྨན་བཅོ་འིན་ཞིག་ཡོད་ཚུག །གེ་སར་ལ་ཟེརས། ཉེ་རང་ལེན་བ་ཡོང་། ང་ཞ་ལ་ལོང་མེད་ཟེརས་པ། གེ་སར་གྱིས་ཡང་ཏོང་ཟེརས་པ། ཁོང་གིས་བལྟས་པ་རྟ་ལྕག་དེ་མ་ལྕིན་ཏེ་ཞིག་ཡོད་ཚུག །ཁོང་གཉིས་ཀས་ཡ་མ་དུ་ལི་ལ་ཁྱོང་སྟེ་སྒོ་ལ་བསླེབ་པ། གེ་སར་གྱིས་བསམ། ཁོང་མཚོན་ཆ་དང་བསད་ན།ངས་མནའ་བོར་མཁན་ཡིན། དེ་སང་རྟ་ལྕག་དང་བསད་ཡིན་བསམ་སྟེ། རྟ་ལྕག་དང་ཁོང་གཉིས་ཀའི་མགོ་ཀུན་བཅད་དེ་ཁུར་ཏེ་ཁྱོངས། དེ་ནས་ཇོ་ཇོ་བྲག་ཚའུ་དུང་དུང་ལ་བསླེབ་སྟེ་ཡོད་ཚུག །ཀེ་སར་ཇོ་ཇོའི་མདུན་ལ་ཙ་བིག་མ་བསླེབ་པ་ཟེརས།  ལྟོས་ཇོ་ཇོ་ངས་བྲག་ཚའུ་དུང་དུང་ལ་ལྟ་སྟེ་གྲ་ཕོག་ཅིག་བཏང་ཡིན་ཟེརས་པ། ཇོ་ཇོས་བལྟས་པ། གསེར་རལ་ཅན་དང་གཡུ་རལ་ཅན་གཉིས་ཀའི་མགོ་ཀུན་ལ་གྲ་ཕོག་བཏངས། ཇོ་ཇོ་ལ་དེ་ཟུག་ཤེས་ཏེ་མུན་སོང་བས། ཡང་ཇོ་ཇོས་ཟེར་ས་པ།   ལྦ་ཀེ་སར་ཕོད་པ་ཅན། ད་ནས་ཕར་ལ་ཁྱེད་དང་ངའི་བར་ལ་ཕྲུ་གུ་མ་སྐྱེས་ཤིང་ཟེར་ཏེ་ནས། ཁོང་བྲག་སྒོ་ནས་བིང་སྟེ་སོང་། དེ་ནས་སྔོན་ལ་སྦ་ལུ་ཡོད་པའི་ས་ཁྱད་ལ་བསླེབ་སོང་། དེ་ནས་ཕར་ལ་ཇོ་ཇོ་རྟའི་རྔ་མ་ལ་བཏག་སྟེ་བཀྲུད་གྱིན་ཞིག་ཁྱེརས། གླིང་ཡུལ་ལ་བསླེབ་སྟེ་མཁར་ལ་སོང་སྟེ། ཇོ་ཇོ་གླིང་ཡུལ་ལ་མཐོང་ཀོལ་ལ་ལོ་གསུམ་བཏངས། ལོ་གསུམ་མགོའི་ཁ་འོལ་བཏབ་སྟེ། མཛོ་དང་རྨོས། ལོ་གསུམ་བུགས་མོ་ལ་ཀོ་བ་བཏབ་སྟེ་མཁར་གྱི་ལས་ལ་བཀོལས། ལོ་གསུམ་སྲག་པའི་ར་རྫི་བཅོས།  ལོ་གསུམ་སེན་ཏིག་གི་འོ་མ་ཞོ་བཅུགས། དེ་ཟུག་གི་ལོ་བཅོ་ལྔ་བུད་སོང་། མཁར་ལ་ཞིག་གསོབ་བཅོ་བ་ལ་ལོ་གཅིག་སོང་། དེ་ནས་གེ་སར་གྱིས་ཇོ་ཇོ་འབྲུ་གུ་མ་སྔོན་མའི་མཚོགས་སོ་ཇོ་ཇོ་བཅོ་སྟེ་མཚན་གསུམ་ཉིན་གསུམ་དྲུག་བག་སྟོན་བཏང་ངིན་ཞིག་བདེ་སྐྱིད་སྤུན་གསུམ་ཆོགས་མཁར་དུ་དུགས་སོ། །”⑥ཞེས་འབྲུག་མོར་བུ་གཉིས་ཡོད་པ་དག་གེ་སར་གྱིས་མཆོན་ཆས་མི་གསོད་པའི་མནའ་བོར་ཞིང་རྟ་ལྕག་བྲབས་ནས་བསད་པའི་ལོ་རྒྱུས་བརྗོད་འདུག་པ་འདི་ནི་གེ་སར་གྱི་གཏམ་རྒྱུད་ནང་ལས་ཐོག་མར་ཐོས་པ་ཡིན་ལ། འབྲུག་མོར་ཧོར་དུ་བུ་གཅིག་སྐྱེས་པའི་བཤད་ཚུལ་ཡོད་ཀྱང་བུ་གཉིས་སྐྱེས་ཚུལ་གང་ནས་ཀྱང་མཐོང་མ་མྱོང་། དེ་མིན་གེ་སར་གྱིས་འབྲུག་མོར་ཆད་པ་བཅད་དེ་རྟའི་རྔ་མར་བཏགས་ཏེ་སར་དྲུད་ཅིང་། དེ་ནས་འབྲུག་མོ་གླིང་ཡུལ་ལ་བསླེབས་ཏེ་ཞིང་ལས་དང་ཕྱུགས་རྫི། མཁར་ལ་ཞིག་གསོ་བཅས་བྱེད་དུ་བཅུག་ནས་བགྲང་བྱ་ལོ་བཅོ་ལྔ་སོང་ཚུལ་གྱི་གཏམ་རྒྱུད་ཀྱང་གླིང་སྒྲུང་གཞན་དུ་མཐོང་ཐོས་མ་མྱོང་ངོ། ད་དུང་ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལས། “དེ་ནས་རྒྱལ་བོ་ཡབ་ཡུམ་གཉིས་ཕར་ལ་ཕེབས་པའི་དེ་ན་རྫ་ཞིག་འདུག་པའི་རྒྱལ་པོས་འདི་སྐད་གསུངས།འབྲུག་མོ་ངེད་རང་གི་རྫ་འདི་ཕར་འགྲོ་བའི་སྐྱེལ་མ་བྱས། ཚུར་འོང་གི་བསུ་བ་བྱེད་འདུག་པས་གལ་ཆེ།  ཅི་འབུལ་ཟེར་ཧྲིག་ཧྲིག་མཛད་པས་འབྲུག་མོ་འདི་སྐད་ཟེར། འདི་འབུལ་ཟེར་བའི་ལིམ་ཐུར་དེ་ཕུལ་པས། རྒྱལ་པོས་འོ་ན་འདི་འབུལ་ཟེར་པས། བུ་ཆུང་གི་ལག་ཆུང་དེ་ཕུལ་པས། འབྲུག་མོས་མཐོང་ནས་དྲན་མེད་དུ་བརྒྱལ་ལོ། །དེ་ནས་རྒྱལ་པོས་འབྲུག་མོའི་སྙིང་ག་ཆུ་བརྒྱབ་ནས་བརྒྱལ་སངས་ནས་འབྲུག་མོས་གླུ་འདི་ལྟར་བླངས་སོ། །གླིང་གེ་སར་ཟེར་བས་མནའ་ཟན་ནོ། །གྲོགས་བཟང་མེད་ན་ཐ་ཆད་ཉོན། ད་ལྟ་མོ་ལོ་བཅོ་ལྔ་ནས། བློ་སྙིང་དཔྲལ་གསུམ་ཁྱེད་ལ་གཏད། དེའི་ཤ་ནས་ཆད་པའི་བུ་ཆུང་འདི། ལུས་ཀྱི་ཤ་ཕུད་ཁྲག་ཕུད་ཡིན། མ་བུ་བྲལ་པར་མ་ཕོད་པར། གླིང་རྒྱལ་པོའི་བཀའ་ལ་ཉན་ནི་བཞག ཁྲིད་ནས་འགྲོ་ནས་མི་ཐུབ་འདུག ཆགས་ནས་བསྡོད་ས་གང་ན་ཡོད། དེས་བསྐྱུར་ནས་ཡོད་ན་འདི་འདྲ་རེད། དགྲ་གཉེན་ལ་རྫུས་ནས་བསྐོར་བ་རེད། སྤྱིར་སྣང་སྲིད་ཁམས་ཀྱི་ལྷ་འདྲེ་ཚོ།  ཡང་དགོས་སུ་གླིང་གི་ལྷ་གཉན་ཚོ།  བུ་མོ་དེའི་ཚེ་སྲོག་གཅོད་རོགས་མཛོད། སྐྱེ་བ་ཕྱི་མ་ཆོས་ལ་འཕྲད་པར་ཤོག ཟེར་བས་འབྲུག་མོས་རང་སྙིང་ཁ་ལ་གྲི་བརྒྱབ་བས་རྒྱལ་པོས་བཟུང་ནས་འབྲུག་མོ་འདི་འདྲའི་སྤྱོད་པ་མ་བྱེད་ང་འདྲ་བ་ཡོད་པའི་དགྲའི་བུ་དེ་ལ་སྡུག་བསྔལ་མ་བྱེད་ཟེར་ནས་ཁོང་ཡབ་ཡུམ་གཉིས་ཚུར་ཕེབས་ཙ་ན་”⑦ཞེས་འབྲུག་མོའི་བུ་ཆུང་གི་ལག་པ་གེ་སར་གྱིས་བཅད་དེ་མཆོད་པས། འབྲུག་མོ་བརྒྱལ་ཞིང་སྡུག་བསྔལ་ཆེན་པོ་བགྱིས་ཚུལ། ད་དུང་འབྲུག་མོས་རང་གི་བྲང་ཁར་གྲིས་བརྒྱབ་ནས་རང་སྲོག་གཅོད་པའི་སྐབས་སུ་རྒྱལ་པོས་བཟུང་པའི་བརྒྱུད་རིམ་སོགས་ཞིབ་འབྲི་བྱས་ཡོད།   
           གོང་གསལ་གྱི་མི་མཚུངས་པའི་གཏམ་རྒྱུད་དེ་དག་ལས།  བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་པོ་འདི་དག་བྱུང་བའི་དུས་རིམ་མི་འདྲ་བ་དང་ཁྱབ་པའི་ཡུལ་ཁམས་མི་འདྲ་བ། བསྡུ་སྒྲིག་གི་མི་སྣ་མི་འདྲ་བ་བཅས་ཀྱི་རྐྱེན་གྱིས་སྒྲུང་དཔེ་གཅིག་གི་བརྗོད་བྱའི་གཏམ་རྒྱུད་མཚུངས་དང་མི་མཚུངས་པ་མང་པོ་བྱུང་ཡོད་པ་རྟོགས་ཐུབ་ལ། ཁྱད་པར་གེ་སར་གྱི་འཁྲུངས་རབས་དང་བདུད་རྒན་འདུལ་ཚུལ། སེང་ལྕམ་འབྲུག་མོར་བུ་གཉིས་སྐྱེས་ཚུལ། གེ་སར་གྱིས་འབྲུག་མོ་རྟའི་རྔ་མར་བཏགས་ནས་སར་འདྲུད་ཚུལ་བཅས་པ་ནི་གླིང་སྒྲུང་གཞན་དག་གང་ལས་ཀྱང་མཐོང་ཐོས་མ་བྱུང་བས། དེར་ཞིབ་འཇུག་གི་རིན་ཐང་ཡོད་པར་སེམས།   
           གསུམ་པ། བསྡུས་སྒྱུང་ལེའུ་མའི་དཔར་གཞི་གསུམ་གྱི་རྗོད་བྱེད་ཚིག་གེ་གཤིབ་བསྡུར།   དེ་ཡང་རྩོམ་རིག་གི་བརྩམས་ཆོས་གང་ཡིན་རུང་རྗོད་བྱེད་ཚིག་གི་ལེགས་མིན་ནི་བརྩམས་ཆོས་ལེགས་གྲུབ་འབྱུང་མིན་གྱི་འགག་གནད་ཅིག་ཡིན་པ་དཔེར་ན། རྩོམ་རིག་གི་གཞལ་ཡས་ཁང་ཞིག་ལ་མཚོན་ན། རྗོད་བྱེད་ཚིག་ནི་གཞལ་ཡས་ཁང་བཞེངས་བྱེད་ཀྱི་རྒྱུ་ཆ་འབའ་ཞིག་ཡིན་པས། གལ་སྲིད་རྒྱུ་ཆ་མེད་ཚེ་ཅི་འདྲ་ལེགས་པའི་གཞལ་ཡས་ཁང་གི་འཆར་འགོད་ཡོད་ཀྱང་འགྲུབ་ཐབས་མེད་པ་ནི་བསྙོན་དུ་མེད་པ་ལྟ་བུའོ།  དེས་ན་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་གྱི་རྗོད་བྱེད་ཚིག་གི་ཆ་ནས་བལྟས་ན། སྤྱིར་བསྡུས་སྒྲུང་དཔར་གཞི་གསུམ་པོའི་རྗོད་བྱེད་ཚིག་གི་སྒྱུ་རྩལ་དང་བཀོད་སྟངས་བཅས་ཀྱི་ཐད་ལེགས་གྲུབ་བྱུང་ཡོད་ཀྱང་ད་དུང་ཆད་པ་དང་མི་འདང་སའང་ཅུང་ཟད་ཡོད། ད་ལྟའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་ལས་རྗོད་བྱེད་ཚིག་གི་ཉམས་འགྱུར་ཕུན་སུམ་ཚོགས་ཤིང་ཡིད་འགུག་གི་ནུས་པ་ཤིན་ཏུ་ལྡན་པ་ནི་ཡུལ་ཤུལ་གྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ཡིན། འདིའི་ཚིག་གི་ཉམས་ཆ་དང་འགོད་སྟངས་ལ་བསྡུས་སྒྲུང་དཔར་གཞི་གཞན་གཉིས་ཀྱིས་བསྡུར་ཐབས་མེད་པར་སེམས།  དཔེར་ན། ཡུལ་ཤུལ་གྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལས། “གངས་སེང་ནོར་བུ་དགྲ་འདུལ། ཡང་སེང་འཕྲུལ་གྱི་ལྡེ་མིག ས་ལ་བྱོན་པའི་སངས་རྒྱས། རྡོ་ལ་བྱོན་པའི་རིང་བསྲེལ། གནམ་ཨ་སྔོན་མི་འགྱུར་ཀ་བ། ས་དོག་མོ་མི་འགྱུར་ཀ་གདན། བོད་སྒང་པ་མི་འགྱུར་སྲོག་ཤིང་། ཕྱི་མ་འདྲེན་པའི་བླ་མ། དགྲ་བགེགས་འདུལ་བའི་དཔའ་བོ། ངེས་པ་དོན་གྱི་དགྲ་ལྷ། དགོས་འདོད་སྩོལ་བའི་ནོར་བུ།  མི་བརྒྱ་དང་འདྲ་བའི་མི་གཅིག མི་གཅིག་གེ་སར་རྒྱལ་པོ། རྟ་བརྒྱ་དང་འདྲ་བའི་རྟ་གཅིག རྟ་གཅིག་རྐྱང་རྒོད་གཡེར་བ། ཐུགས་རྗེ་ཆེན་པོའི་སྤྲུལ་བ། རྒྱ་བོད་གཉིས་ཀྱི་ནོར་བདག   གོང་མ་ལྷ་ནས་བསྐོས་པ། བསྐོ་མི་ཨོ་རྒྱན་པད་མ། འོག་མ་ཀླུ་ནས་བཙུགས་པ། འཛུགས་མི་གཙུག་ན་རིན་ཆེན། སྒྲུབ་མི་ཐང་སྟོང་རྒྱལ་པོ། འཛམ་གླིང་བོད་ཀྱི་སྐྱབས་མགོན་”⑧ཞེས་གླིང་རྗེ་གེ་སར་རྒྱལ་པོའི་སྐྱེས་རབས་ལོ་རྒྱུས་དང་རླབས་ཆེ་བའི་མཛད་པ་སོགས་ཚིག་བསྡུས་ཤིང་དོན་གསལ་བའི་སྒོ་ནས་བསྟན་ཡོད་པ་ནི་ཤིན་ཏུ་ལེགས་འགྲུབ་བྱུང་ཡོད། རྗོད་ཚིག་དེ་རིགས་ལ་མཁས་པས་བཀླགས་ན་མཁས་པར་གོ་རྒྱུ་ཡོད་ལ་གནག་རྫི་དང་སློབ་གྲྭ་བས་བཀླགས་ན་ཡང་གོ་རྒྱུ་ཡོད་པའི་ཁྱད་ཆོས་འདུག ད་དུང་བསྡུས་སྒྲུང་འདིའི་འགོ་ན་འདི་སྐད་དུ།  “བསྐལ་པ་དུ་མ་འདས་རྗེས་ཀྱི་དུས་སྐབས་ཤིག་ལ། སྟོད་རྒྱ་གར་ལ་ཆོས་དར། སྨད་རྒྱ་ནག་ལ་ཁྲིམས་དར།  མཐའ་འཁོབ་བོད་ཀྱི་རྒྱལ་ཁབ་དེ། དམ་ཆོས་མི་ཤེས་དུད་འགྲོའི་ཡུལ། དགེ་སྡིག་མི་ཤེས་སྲིན་པོའི་ཡུལ། སྲིན་པོའི་མིང་ལ་གཅན་གཟན་གྱི་རྒྱལ་པོ་ལི་དང་མ་ཟེར་བ། བླ་མ་ལ་དད་པ་མི་ཤེས། སྤྲང་བོ་ལ་སྦྱིན་པ་མི་ཤེས། ནད་པ་ལ་ཚགས་ར་མི་ཤེས། དམན་པ་ལ་བྱམས་སྐྱོང་མི་ཤེས། དཀར་པོའི་ཆོས་ལ་དོ་གལ། ནག་པོའི་སྡིག་ལ་འཛེམ་བྱ་གཅིག་ཀྱང་མི་བགྱིད་པའི་ཡུལ་དུ་འདུག་གོ་”⑨ཞེས་བྲིས་འདུག་པ་ལས་བོད་ཁ་བ་ཅན་གྱི་ཡུལ་འདིར་ཆོས་དང་ཁྲིམས་སོགས་མ་དར་བའི་དུས་སྐབས་ཀྱི་གནས་ཚུལ་དང་། རྩོམ་པ་པོའི་བརྗོད་འདོད་ཀྱི་བསམ་བློ་བཅས་ཇི་བཞིན་དུ་ཕ་རོལ་གྱི་ཡིད་ལ་ངེས་སུ་བཅུག་ཡོད། རྗོད་ཚིག་གསོན་ཉམས་ལྡན་པ་དེ་འདྲ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རྗོད་བྱེད་ཚིག་གི་བཀོད་སྤྱོད་ཤིན་དུ་ལེགས་པས་སོ།   གཞན་ཏེ་ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་རྗོད་བྱེད་ཚིག་གི་ཆ་ནས་བལྟས་ན། གོང་དུ་བརྗོད་པའི་བསྡུས་སྒྲུང་དཔར་གཞི་ཇི་བཞིན་ཚིག་གི་སྒྱུ་རྩལ་དང་ཉམས་ཆ་ཐོན་མེད་ཀྱང་དེར་ཡང་རང་ངོས་ཀྱི་ཚིག་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་དཔེར་ན། འདིའི་ལེའུ་དྲུག་པ་ལས།“འཛམ་གླིང་ཕན་བདེ་སྒྲུབ་པའི་རོལ་མོ་བརྡུང་། །ཡེ་ཤེས་ནོར་བུ་དཔལ་འབར་ཟེར་ཕྲེང་གིས། །ནག་ཕྱོགས་བདུད་དགྲ་འདུལ་ལ་མཐུ་བོ་ཆེ ། སྐྱེས་མཆོག་སེང་ཆེན་རྒྱལ་པོས་ཤིས་པ་སྩོལ། །ཞེས་གླིང་རྗེ་མིའི་ཉི་མ་འཛམ་གླིང་གེ་སར་རྒྱལ་པོ་དེས། མི་ནུབ་སྟག་གཟིག་ཡུལ་གྱི་ནོར་གཡང་དངོས་གྲུབ་རྣམས་གཡང་དུ་བླངས་ནས། ཕྱོགས་རིང་རྒྱལ་ཁག་ལྔའི་དཔའ་བདུད་དཔུང་དམག་བཅས། རྨ་ཁམས་གླིང་ཁྲི་བར་མ་ལ་ཆགས་ཕེབས་སྟག་གཟིག་ཡུལ་གྱི་ནོར་བུ་ཆ་སྒྲིག་མཛེས་དང་ལྡན་པ། ཁྲ་སྤུང་ངེ་སྒར་དཀྱིལ་དུ་བཀོད་ནས་དེ་རྒྱབ་ཕྱོགས་བཞིའི་རྒྱལ་ཁག་ལྔའི་འཁོར་གྱིས་བསྐོར་ནས་གཡས་སུ་ཧོར་སྒར་གཡོན་དུ་འཇང་སྒར།  རྒྱབ་ཏུ་མོན། དཀྱིལ་དུ་གླིང་། མདུན་དུ་བདུད་སྒར་བཅས་བརྒྱབ་ནས་ལས་དམག་དཔུང་ཆེན་བཞུགས། སྒར་དཀྱིལ་དུ་འཛམ་གླིང་གེ་སར་རྒྱལ་པོའི་ལས་གུར་མཐོང་བ་ཀུན་གྲོལ་དེ་ལ་གསེར་ཏོག་ག་འབྲུ་སྦ་བ་གཙུགས་ལས་དར་ཆ་འགྲིགས་བྱ་མ་བླ་རིས་གཟུགས་ཀྱི་ནོར་རྫས། ཨོ་རྒྱན་པདྨའི་གཏེར་ཟོག ཀླུ་མི་མགོན་དཀར་པོའི་སྙིང་ནོར།  ལྷ་ཀླུ་གཉན་གསུམ་གྱི་རང་བྱུང་དུ་གྲུབ་པའི་མཛེས་མའི་མེ་ཏོག་པདྨ་ཆེན་པོའི་འདབས་མཆེ་བཞིན་དུ་དཀར་དང་ཆོན་ཐག་གང་ཡང་མི་དགོས་པ་སྟོང་ཉིད་རང་ཚུལ་ཟིན་པའི་ལྷ་དགུར་དེ་ཕུབ། དེའི་ནང་དུ་དམག་གི་རྒྱལ་པོ་གླིང་རྗེ་གེ་སར་དང་སྲས་དགྲ་ལྷ་རྣམ་གཉིས་གསེར་ཁྲི་དང་དངུལ་ཁྲིའི་སྟེང་ལ་བཞུགས་”⑩ཞེས་མི་ནུབ་སྟག་གཟིག་ཡུལ་གྱི་ནོར་གཡང་དངོས་གྲུབ་རྣམས་གཡང་དུ་བླངས་ནས། ཧོར་དང་འཇང་མོན་བདུད་གླིང་བཅས་པའི་འབངས་བློན་རྣམས་ལ་ནོར་འགྱེད་གཏོང་བའི་རྣམ་པ་སོགས་དང་། ལྷག་པར་དུ་སྒར་དཀྱིལ་དུ་འཛམ་གླིང་གེ་སར་རྒྱལ་པོའི་ལས་གུར་མཐོང་བ་ཀུན་གྲོལ་དེ་རྔམ་བརྗིད་ངང་བཞེངས་རྗེས་གླིང་རྗེ་གེ་སར་དང་སྲས་དགྲ་ལྷ་རྣམ་གཉིས་གསེར་ཁྲི་དང་དངུལ་ཁྲིའི་སྟེང་ལ་བཞུགས་པའི་རྣམ་པ་དག་ཞིབ་འབྲི་བགྱིས་པ་ཚིག་ཉམས་ལེགས་པོ་ཐོན་འདུག དེ་ལས་ཀྱང་ངོ་མཚར་བ་ནི། “འཛམ་གླིང་ཕན་བདེ་སྒྲུབ་པའི་རོལ་མོ་བརྡུང་། །ཡེ་ཤེས་ནོར་བུ་དཔལ་འབར་ཟེར་ཕྲེང་གིས། །ནག་ཕྱོགས་བདུད་དགྲ་འདུལ་ལ་མཐུ་བོ་ཆེ། ། སྐྱེས་མཆོག་སེང་ཆེན་རྒྱལ་པོས་ཤིས་པ་སྩོལ། །”ཞེས་སྙན་ཞིང་འཇེབས་པའི་ཚིགས་བཅད་ཤོ་ལོ་ཀ་གཅིག་གིས་གེ་སར་རྒྱལ་པོའི་མཐུ་དང་ནུས་པར་འགྲན་ཟླ་མེད་ཅིང་། གཞན་ཕན་སྒྲུབ་ལ་སྙིང་སྟོབས་མངའ་བའི་རང་བཞིན་བརྗོད་ཡོད་པ་དེ་ཡིན། ཚིགས་བཅད་འདི་ལྟ་བུ་ནི་བོད་པའི་སྙན་ངག་ལ་བྱང་ཆུབ་པའི་མཁས་པ་ཞིག་གིས་འབྲི་གནང་མཛད་པར་སྨྲོས་མི་དགོས་སོ།   
           ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་རྗོད་བྱེད་ཚིག་གི་སྒྱུ་རྩལ་དང་ཉམས་ཆ་ནི་ཅུང་ཙམ་ཞན་པར་སེམས་ནའང་བརྗོད་འདོད་ཀྱི་བསམ་བློའམ་ཡང་ན་གཏམ་རྒྱུད་ནང་དོན་ཇི་བཞིན་དུ་ངོ་སྤྲོད་གསལ་པོ་བགྱིས་འདུག་པ་དཔེར་ན།འདིའི་ལེའུ་གཉིས་པ་སྟེ། གླིང་རྒྱལ་ལྷམ་ཀེ་སར་གྱི་སྐྱེ་རབས།  ཞེས་པ་ལས། “དེ་ནས་དཔའ་ལེ་རྒོད་པོ་གླིང་གི་ར་རྫི་བཅོ་འིན་(མིང་ཞིག་)ཞིག་འདུག ཞག་ཅིག་རི་ལ་ར་མ་འཁྲིད་དེ་སོང་པ་སང་། རི་དཀར་པོའི་ནང་ནས་བྱ་དཀར་པོ་ཞིག་ཡོང་། རི་ནག་པོའི་ནང་ནས་བྱ་ནག་པོ་ཞིག་ཡོང་། ཁོས་བལྟས་འདུག་པ། དེ་གཉིས་ཀས་སྣོལ་གྱག་(འཐབ་རེས་བྱས)བཏང་པས།  ཁོས་ཞིབ་ཆ་བལྟས་འདུག་པ། སྔ་མོའི་དུས་ལ་བྱ་ནག་པོ་དེ་རྒྱལ་འཐབ་སོང་། ཉི་མ་ཕན་དེ་ལ་གཉིས་ཀ་འདྲ་འདྲ་སོང་། ཕྱི་ཐོག་བྱ་དཀར་པོ་དེ་རྒྱལ་ཚོད་སོང་། དེ་ནས་ཁྱོད་བྱ་དཀར་པོ་རྒྱལ་ཚོད་སོང་བསམ་སྟེ་འཐད་གྱིན་ཞིག ར་མ་འཁྲིད་དེ་ཕྱིར་སྟེ་ཁང་པ་རུ་ཡོང་། ཐོ་རངས་ཁོས་ཡང་དེ་ནས་ས་ཁྱད་ལ་བལྟས་ཅེས་ཕུ་ལ་ར་མ་འཁྲིད་སོང་བས། ཡང་དེ་རི་དཀར་པོ་ནས་གཡག་དཀར་པོ་ཞིག་བུད་དེ་ཡོང་། རི་ནག་པོ་ནས་གཡག་ནག་པོ་ཞིག་བུད་ཏེ་ཡོང་། ཡང་ཁོང་གཉིས་ཀ་སྣོལ་དེ་སྔ་མོའི་དུས་ལ་གཡག་དཀར་པོ་རྒྱལ། ཉི་མ་ཕན་ལ་གཉིས་ཀ་འདྲ་འདྲ་སོང་”(11)ཞེས་གླིང་གི་ར་རྫི་ཞིག་ཞག་གཅིག་རི་ལ་ར་མ་ཁྲིད་དེ་སོང་བས་ན། རི་དཀར་པོའི་ནང་ནས་བྱ་དཀར་པོ་ཞིག་ཡོང་།  རི་ནག་པོའི་ནང་ནས་བྱ་ནག་པོ་ཞིག་ཡོང་། ཁོས་བལྟས་པར།  བྱ་དེ་གཉིས་ཀས་འཐབ་རེས་བྱས་པས། ཁོས་ཞིབ་ཏུ་བལྟས་ཚེ།  སྔ་མོའི་དུས་ལ་བྱ་ནག་པོ་དེ་འཐབ་ནས་རྒྱལ་སོང་། དེ་ནས་གཉིས་ཀ་འདྲ་འདྲ་བྱས་སོང་། ཕྱི་དྲོ་བྱ་དཀར་པོ་དེ་རྒྱལ་སོང་།  དེ་བཞིན་ར་རྫིས་ཐོ་རངས་སྐབས་སུ་ར་མ་ཁྲིད་ནས་སོང་ཚེ་གཡག་དཀར་ནག་གཉིས་འཐབ་རེས་བྱེད་ཚུལ་བརྗོད་འདུག  སྤྱིར་ཉམས་ཆ་དང་སྒྱུ་རྩལ་ལེགས་པོ་ཞིག་མེད་པ་མ་ཟད། ནང་དོན་ཀྱང་གོ་དཀའ་མོ་འདུག འདིར་ལ་དྭགས་ཡུལ་གྱི་གྲོང་སྐད་ཀྱི་ཤུགས་ཤིན་དུ་ཆེ་བས་ལེགས་ཉེས་ཀྱི་དབྱེ་བ་གསལ་པོ་དགར་དཀའ་མོ་འདུག ངེས་ཅག་གིས་བཀླགས་ན་མི་བདེ་ལ་ཚིག་ཀྱང་སྙན་པོ་མིན་ནའང་ཁོང་ཚོས་བཀླགས་ན་ཁར་བདེ་ཞིང་ཚིག་ཀྱང་སྙན་པོ་ཡིན་པར་འདོད། གང་ལྟར་ཡང་ལ་དྭགས་ལྟ་བུའི་ཡུལ་ཁམས་ཞིག་ན་གེ་སར་གྱི་སྒྲུང་ལ་དེ་འདྲའི་སྤྲོ་བ་དང་དར་ཁྱབ་ཆེན་པོ་ཡོད་པར་སེམས་གཏིང་ནས་ཡི་རང་བྱེད་བཞིན་ཡོད་དོ།  
           ལར་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་གྱི་རྗོད་བྱེད་ཚིག་ལ་སོ་སོར་སྒྱུ་རྩལ་གྱི་ཁྱད་ཆོས་ཡོད་ལ། རྩོམ་རིག་གི་ཡིད་འགུག་གི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡོད་མོད། ཡིན་ནའང་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་གྱི་ཁྱབ་ཡུལ་དང་ཡིག་མཁན་མི་འདྲ་བའི་དབང་གིས་དེ་དག་གི་ཆུ་ཚད་ཀྱང་མི་འདྲ་བ་བྱུང་བ་ནི་ཆོས་ཉིད་ཅིག་ཡིན་པས་མཐའ་གཅིག་གིས་ཁས་མ་བླངས་ན་ཅི་ནས་འགྲིག   
བཞི་པ། བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་གྱི་སྒྲིག་གཞི་དང་མིང་ཚིག་གེ་གཤིབ་བསྡུར།  
 གཅིག སྒྲིག་གཞིའི་སྐོར།   
           དེ་ཡང་ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལ་ལེའུ་བསྡོམས་པས་དྲུག་ཡོད་དེ། ལྷའི་ལེའུ་དང་། སྐུ་འཁྲུངས་པའི་ལེའུ། གྲོགས་ཀྱི་ལེའུ། བདུད་འདུལ་གྱི་ལེའུ།  ཧོར་དམག་ཅེས་པའི་ལེའུ། སྟག་གཟིག་ནོར་འགྱེད་ཀྱི་ལེའུ་བཅས་པ་ལས། ལེའུ་དང་པོ་དང་གཉིས་པ། བཞི་པ། ལྔ་པ་ནི་ཡུལ་ཤུལ་གྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་ལེའུ་དང་པོ་སྟེ། “གུ་རུ་པདྨ་འབྱུང་གནས་ཀྱིས། །མཐའ་འཁོབ་ཆོས་ལ་འགོད་པའི་ཕྱིར། །ལྷ་ཕྲུག་ཐོས་དགའ་གླིང་ལ་མངགས། །ཀླུ་ནོར་སྣ་ཚོགས་འཕྲུལ་གྱིས་དྲངས། །”ཞེས་པ་དང་། ལེའུ་གསུམ་པ་སྟེ། “ཇོ་རུ་འགོག་བཟའི་པང་དུ་བལྟམས། །ཁྲོ་ཐུང་དཔོན་པོས་གནོད་སེམས་བཅངས། །ཇོ་སྐྱིད་དམ་པའི་མཐུ་སྟོབས་ཀྱིས། །སྒོམ་པ་ར་ཛ་དམ་ལ་བཏགས། །”ཞེས་པ་དང་གཅིག་མཚུངས་ཡིན། ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་སྐུ་འཁྲུངས་པའི་ལེའུ་དང་། གྲོགས་ཀྱི་ལེའུ། བདུད་འདུལ་གྱི་ལེའུ། ཧོར་དམག་ཅེས་པའི་ལེའུ་དག་ནི་ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་དང་གཅིག་མཚུངས་ཡིན། ཡུལ་ཤུལ་གྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་ལེའུ་གསུམ་པ་སྟེ། “ཇོ་རུ་འགོག་བཟའི་པང་དུ་བལྟམས། །ཁྲོ་ཐུང་དཔོན་པོས་གནོད་སེམས་བཅངས། །ཇོ་སྐྱིད་དམ་པའི་མཐུ་སྟོབས་ཀྱིས། །སྒོམ་པ་ར་ཛ་དམ་ལ་བཏགས། །”ཞེས་པ་དང་། ལེའུ་བརྒྱད་པ་སྟེ།  “གླིང་སྡེ་དཀར་པོས་རྟ་རྒྱུག་མཛད། །འབྲུག་མོས་རྟ་དཔྱད་སྒང་ནས་བརྒྱབ། །རྐྱང་རྒོད་འཕེར་བས་མགྱོགས་དར་བླངས། །ཇོ་རུ་གསེར་ཁྲིའི་སྟེང་དུ་བཞུགས། །”ཞེས་པ་དག་ནི་ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་དང་མཚུངས་པ་མ་གཏོགས་གཞན་ཏེ། ལྷ་གླིང་དང་གཉན་གླིང་ཀླུ་གླིང་འགོག་གླིང་བཅས་པ་ནི་ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་ནང་དུ་མེད་དོ། ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལས། གླིང་གི་དཔའ་བོ་བཅོ་བརྒྱད་ཀྱི་སྐྱེ་རབས་ཞེས་པ་དང་། གེ་སར་དང་འབྲུ་གུ་མའི་བག་སྟོན་གྱི་སྒྲུང་། ཞེས་པ། གེ་སར་གྱིས་རྒྱ་ནག་བཏུལ་བའི་སྒྲུང་ཞེས་པ་དེ་དག་ནི་བསྡུས་སྒྲུང་དཔར་གཞི་གཞན་གཉིས་ནང་མཐོང་རྒྱུ་མི་འདུག སྤྱིར་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་གྱི་སྒྲིག་གཞི་དང་ལེའུ་དགར་སྟངས་སོ་སོ་ཡིན་ཡང་སྒྲིག་གཞི་གཙོ་བོ་དང་རྩ་བའི་ལེའུ་དབྱེ་སྟངས་གཅིག་མཚུངས་ཡིན། ཡིན་ནའང་སྒྲིག་གཞི་ཆེས་ལེགས་པ་དང་གཏམ་རྒྱུད་ཀྱི་གོ་རིམ་ལྟར་ལེའུ་དགར་བ་ཆེས་ལེགས་པ་ནི་ཡུལ་ཤུལ་གྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་དེ་ཡིན་པ་དང་། དེ་རྗེས་ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ཡིན་པར་འདོད། རྒྱུ་མཚན་གཙོ་བོ་ཡང་གཏམ་རྒྱུད་བསྡུས་ནས་གོ་རིམ་ལྟར་བསྒྲིགས་ཡོད་ཅིང་། གཏམ་རྒྱུད་དང་གཏམ་རྒྱུད་དབར་གྱི་མཐུད་མཚམས་དང་ལེའུ་རེའི་རིང་ཐུང་གཅོད་མཚམས་སོགས་བཅོས་སྒྲིག་བགྱིས་པ་ཤིན་ཏུ་འོས་ཞིང་འཚམ་པ་ཡིན་པས་རེད། ཡིན་ནའང་ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་ལེའུ་ལ་ལའི་མཐུད་མཚམས་དང་རྩོམ་གྱི་མཇུག་བསྡུ་བ་སོགས་ཀྱི་ཐད་ཆད་པ་ཅུང་ཟད་འདུག ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་སྒྲིག་སྟངས་ནི་སྤྱིར་བཏང་ལེགས་པོ་ཡིན་ཡང་ལེའུའི་དགར་སྟངས་དང་གཏམ་རྒྱུད་ཀྱི་སྒྲིག་གཞིའི་ཐད་ད་དུང་གནད་དོན་ཡོད་པ་གསལ་པོ་ཡིན། ལྷག་པར་དུ་ལེའུའི་ཁ་བྱང་ནི་ལེགས་སྒྲིག་པ་དང་བསྡུ་སྒྲིག་པས་ཕྱིས་སུ་ཁ་སྣོན་བྱས་པ་འདྲ་སྟེ། རྒྱུ་མཚན་ཡང་ཁ་བྱང་དང་གཏམ་རྒྱུད་ཀྱི་བར་ཐག་ཅུང་རིང་ཞིང་དོན་གྱི་གནད་ལ་ཕོག་མེད་པས་སོ།  བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་གྱི་རྩོམ་སྟངས་ཆ་ནས་བལྟས་ན། གནའ་རབས་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་སྲོལ་ཏེ་བཅད་ལྷུག་སྤེལ་མའི་ལམ་ནས་སྤེལ་ཡོད་པ་དང་། སྒྲུང་དཔེ་གཞན་དག་དང་མཚུངས་པར་གཏམ་རྒྱུད་མང་ཆེ་ཤོས་ནི་ཕན་ཚུན་གླུ་ལེན་པའི་ཚུལ་ནས་བརྗོད་ཡོད་པ་དང་ཉུང་ཤས་ནི་ཚིག་ལྷུག་གི་ལམ་ནས་བཀོད་ཡོད།   
གཉིས། མིང་ཚིག་ཐ་སྙད་ཀྱི་སྐོར།   
           བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་ལས་མིང་ཚིག་ཐ་སྙད་ཅུང་ཟད་གཅིག་གྱུར་དང་ཚད་ལྡན་དུ་གྱུར་པའི་སྒྲུང་དཔེ་ནི་ཡུལ་ཤུལ་གྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་དེ་ཡིན་ལ།  དེ་ནི་མདོ་དབུས་ཁམས་གསུམ་དུ་དར་ཡུན་རིང་བས་ཀློག་པ་པོ་སུས་བཀླགས་ཀྱང་ཚིག་བདེ་ཞིང་སྙན་ལ་གོ་བདེ་བ་ཞིག་ཡིན། བསྡུས་སྒྲུང་ལེའུ་མའི་དཔར་གཞི་གཞན་གཉིས་ཀྱི་མིང་ཚིག་ཐ་སྙད་དེ་ཙམ་ཚད་ལྡན་མིན་པས། གཤམ་དུ་བསྡུས་སྒྲུང་ལེའུ་མའི་དཔར་གཞི་དེ་གཉིས་ཀྱི་མིང་ཚིག་ཐ་སྙད་ལ་དཔྱད་པ་རགས་ཙམ་བྱའོ།   
           ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞིའི་ནང་མིང་གཅིག་ལ་འབྲི་སྟངས་མི་འདྲ་ཞིང་སྒྲའང་མི་མཚུངས་པ་མང་པོ་ཡོད་པ་དཔེར་ན། གེ་སར་ལ་ཀེ་སར་དང་འབྲུག་མོ་ལ་ཇོ་ཇོ་འབྲུ་གུ་མ། གླིང་རྒྱལ་པོ་ལ་གླིང་རྒྱལ་ལྷམ་ལྟ་བུ།  ཨ་ནེ་གོང་སྨན་རྒྱལ་མོ་ལ་ཨ་ནེ་བཀུར་དམན་མོ། ཧོར་གྱི་ཤན་པ་རྨེ་རུ་རྩེ་ལ་ཧོར་གྱི་ཤན་ཀྲ་མི་རུས། ཁྲོ་ཐུང་ལ་ཁྲའི་མགོ་ཁྲུ་ཐུང་། རྐྱང་རྒོད་གཡེར་བ་ལ་རྐྱང་རྒོད་དབྱེར་བ། ར་མའི་འོ་མ་བཞོ་ལ་ར་མའི་འོ་མ་བཙིར་ལྟ་བུ།  ལྕག་གིས་ལུས་ཐོག་ལ་བྲབས་ལ་ལྕིག་གིས་ལུས་ཐོག་གཏོང་ལྟ་བུ། བྲག་སྒོ་ནས་བུད་དེ་སོང་ལྟ་བུ་ལ་བྲག་སྒོ་ནས་བིང་སྟེ་སོང་། ཞེས་བྲིས་པ་ལྟ་བུ་ཤིན་ཏུ་མང་པོ་མཆིས། ལྷག་པར་དུ་དེའི་ནང་བྱུང་བའི་གླིང་གི་དཔའ་བོ་བཅོ་བརྒྱད་ཀྱི་མིང་རྣམས་ནི་སྔོན་ཆད་གཏན་ནས་གོ་ཐོས་མ་མྱོང་བའི་མིང་རྐྱང་རྐྱང་ཡིན། ཐ་ན་ནང་དོན་ཡང་གོ་མི་ཐུབ་པ་དཔེར་ན། ཨང་གར་ལྕངས་པ། ཁ་རྒན་དགའ། སྐྱ་བ་རྒོད་པོ། ཨ་ལ་ཅོང་གོལ། འབུ་དམར་ལམ་བསྟན། ཤེལ་ལི་བུ་ཞུང་། རྣ་གཡུ་རྣ་རྩ་ལྟ་བུ་ཀློག་སྒྲ་སྦྱོར་བ་མི་བདེ་ཞིང་ནང་དོན་ཡང་གོ་མི་ཐུབ་པ་ལྟ་བུ་ཡིན། དེ་ལྟར་བྱུང་བའི་རྒྱུ་མཚན་གཙོ་བོ་ཡང་ལ་དྭགས་ཀྱི་ཡུལ་སྐད་ཀྱི་ཤན་ཞུགས་ཆེ་བར་སེམས་མོད།  ཡིན་ནའང་ངག་སྒྲུང་ཐོག་མར་ཟིན་བྲིས་བྱེད་པའི་སྐབས་སུ་ལཱ་ཏིན་གྱི་ཡི་གེའི་(拉丁文) སྒྲ་ལྟར་བྲིས་པ་དེ་ཉིད་ཡང་བསྐྱར་བོད་ཡིག་ཏུ་འགོད་པའི་དུས་སུ་ནོར་འཁྲུལ་བྱུང་བར་འདོད། ལར་ངེད་ཅག་གིས་བལྟས་ན་དག་ཆ་མེད་ལ་གོ་མི་བདེ་ནའང་ལ་དྭགས་ཡུལ་གྱི་ཀློག་པ་པོ་རྣམས་ཀྱིས་བཀླགས་ན་གོ་བདེ་བ་ཤ་སྟག་ཡིན་སྙམ།   
           ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་ལའང་མིང་ཚིག་གཅིག་གྱུར་དང་ཚད་ལྡན་མིན་པ་འགའ་མཐོང་ཐུབ་པ་དཔེར་ན། འཇང་ས་དམ་རྒྱལ་པོ་ཞེས་པར།  འཛང་ས་ཐམ་ཞེས་པ་དང་ལྗང་ས་ཐམ་ཞེས་པ། དེ་བཞིན་སྒྲུང་དཔེ་གཅིག་གི་ཁ་བྱང་དུ།  “གླིང་སྐུ་རྗེ་གེ་སར་རྒྱལ་པོའི་རྟོགས་པ་བརྗོད་པ་ལས། འཇིང་ས་ཐམ་རྗེ་བཙུན་བཏུལ་པའི་ལེའུ་བཞུགས་སོ་”ཞེས་པ་དང་། “འཛམ་གླིང་གེ་སར་རྒྱལ་པོའི་ལྗང་གླིང་གཡུལ་འགྱེད་ཀྱི་སྐོར་བཞུགས་སོ་”ཞེས་སྒྲུང་མིང་མི་གཅིག་པ་གཉིས་བཀོད་ཡོད་པ། ད་དུང་སོག་པོ་ལ་སོགས་པོ་དང་སྒྲུང་ལ་སྒྲུངས། ལྟ་ཀློག་ལ་ལྟ་རྟོག་ལྟ་བུ་མང་པོ་ཡོད།  འོན་ཀྱང་སྐྱོན་ཆེན་པོ་མི་འདུག མང་ཆེ་ཤོས་ནི་ཡིག་ནོར་རམ་མ་ཤེས་པར་གོ་འཛོལ་བྱུང་བ་ཡིན་སྟབས། ཕྱིས་སུ་ལེགས་སྒྲིག་བྱེད་མཁན་གྱིས་དག་བཅོས་བྱེད་ཆོག   
ལྔ་པ། མཇུག་བསྡུ་བའི་གཏམ།   
           གོང་དུ་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་གྱི་གནས་ཚུལ་ངོ་སྤྲོད་དང་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་གཤིབ་བསྡུར།  སྒྲིག་གཞི་དང་མིང་ཚིག་ཐ་སྙད་ཀྱི་སྤྱོད་སྟངས་ལ་དབྱེ་ཞིབ་བཅས་བྱས་པ་བརྒྱུད་གཤམ་གྱི་དོན་ཚན་འགའ་ཤེས་རྟོགས་ཐུབ་ངེས་ཡིན་ཏེ། གཅིག་ནི་འབྱུང་ཁུངས་དང་ཁྱབ་ཡུལ་སོ་སོ་ཡིན་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་གྱི་བྱུང་རིམ་དང་ཁྱབ་ཡུལ། སྒྲིག་གཞི།  ཡིག་གཟུགས།  དེབ་ཚད། ཡིག་མཁན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཅུང་ཐུབ་ངེས་དང་། མི་རྣམས་ཀྱི་རྒྱུད་ལའང་གླིང་སྒྲུང་འདི་ལ་མི་རིགས་གཞན་དང་ཐ་ན་ཕྱི་གླིང་པས་ཀྱང་དགའ་བསུ་བྱེད་པ་ལས་དར་ཁྱབ་ཆེན་པོ་ཡིན་པར་ངེས་ཤེས་རྙེད་ཐུབ། གཉིས་ནི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་གྱི་བརྗོད་བྱའི་ནང་དོན་ལ་མཐུན་པའི་ཆ་དང་མི་མཐུན་པའི་ཆ་གང་དག་ཡོད་ཚུལ་དང་།  བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་སོ་སོའི་ནང་དོན་ཅི་ཡིན་པ་དང་ཁྱད་ཆོས་གང་ཡོད་ཚུལ་རྟོགས་ཐུབ། གསུམ་ནི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་སོ་སོའི་སྒྲིག་གཞི་དང་མིང་ཚིག་ཐ་སྙད་སོགས་སྤྱོད་སྟངས་ཐད་འདྲ་བའི་ཆ་དང་མི་འདྲ་བའི་ཆ། དེ་བཞིན་དེ་དག་ལས་གང་ཞིག་ལེགས་པ་དང་གང་ཞིག་ཅུང་ཞན་པ་ཡིན་ཚུལ་ལ་ཤེས་རྟོགས་གང་ལེགས་ཐུབ་ངེས་ཡིན། གང་ལྟར་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་འདི་རྒྱལ་ཁབ་མི་གཅིག་པ་སོ་སོར་ཁྱབ་ཡོད་སྟབས་མི་རྣམས་ཀྱིས་ཡིད་འཇོག་ལེགས་པོ་མ་བགྱིས་པའི་དབང་གིས་བག་ཆགས་ཟབ་མོ་མེད་ཅིང་། ཞིབ་འཇུག་གནང་མཁན་ནི་དེ་ལས་དཀོན། དེའི་ཕྱིར་ད་རེས་ཁོ་བོས་ཞིབ་འཇུག་བགྱིས་པ་འདི་ནི་ཐོག་མའི་ཞིབ་འཇུག་ཡིན་ལ་ཡང་ན་སྟོང་ཆ་ཁ་སྐོང་ཞིག་ཀྱང་ཡིན་ཟེར་ན་ཅིས་མི་ཆོག   སྤྱིར་ཁོ་བོའི་བསམ་པར། སྲིད་ན་རྙེད་དཀའ་བའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་གསུམ་འདིའི་གཞི་རྩའི་གནས་ཚུལ་དང་ཁྱབ་ཡུལ་སོགས་ངོ་སྤྲོད་གསལ་པོ་ཞིག་བགྱིད་འདོད་ཆེ་ཡང་དེ་བཞིན་དུ་བསྒྲུབ་ཐུབ་པ་ཧ་ཅང་ཁག་པོ་ཡིན་པས།  ཕྱིས་སུ་དཔྱད་གཞི་གསར་པ་ལག་དུ་སོན་པ་དང་ལྟ་བ་གསར་པ་རྒྱུད་ལ་ངེས་བྱུང་ན་མུ་མཐུད་དུ་གཏིང་ཟབ་ཀྱིས་ཞིབ་འཇུག་བྱེད་རྒྱུའི་འབད་སེམས་ཆེའོ། །
           ལུང་འདྲེན་དཔྱད་ཡིག
           ①⑧⑨《བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ལྦང་》གཅོད་པ་དོན་གྲུབ་དང་རྡོ་རྗེ་ཚེ་རིང་གིས་དག་སྒྲིག་བྱས། 1988ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས།
           ②⑤⑦⑩《ཨུ་རུ་སུ་ནས་རྙེད་པའི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་》ལག་བྲིས་མ།  1961ལོར་དཔར་དུ་བཏབ། ལེ་ཉིན་ཀ་རཱད(列林格勒)ཀྱི་འཛམ་གླིང་ཤར་རྒྱུད་ཀྱི་བརྟག་དཔྱད་གྲྭ་བའི་དཔེ་མཛོད་ཁང་དུ་ཡོད།
           ③④⑥⑾《ལ་དྭགས་ཀྱི་བསྡུས་སྒྲུང་ལེའུ་མའི་དཔར་གཞི་》1905ལོར་ལྕགས་དཔར་ལ་བཏབ། ད་ལྟ་ཁོ་བོའི་ལག་ན་དེབ་གཅིག་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1