གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ཀརྨ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༤ཚེས་༡༩ཉིན།

༄༅། །སྤོས་ངད་ལྡན་པའི་གྲོང་འདབས་ཀྱི་བསམ་གཞིགས།

ཞལ་རས་ཟླ་བ་རབ་གསལ་མདངས་ལྡན་པ།།
ཡང་དག་ངག་ལས་གཏམ་བཟང་གདམས་པ་ཤར།།
ཕ་མས་བཅངས་པ་ལྷག་བསམ་དག་པ་ལ།།
མཐའ་མར་རང་ལ་ཕན་པར་བསམ་ན་རྨད།།

ཀ་ཡེ་གྲོང་འདིར་འདུས་པའི་གྲོགས་པོ་རྣམས།།
ཁ་ཞེ་གཉིས་མེད་གཏམ་འདི་གསན་རོགས་མཛོད།།
ག་སར་མྱུལ་དུས་མྱོང་ཚོར་ཐོར་བུའི་གཏམ།།
ང་ཡིས་བཤད་པ་བདེན་མིན་བརྟག་པར་ཞུ།།

ཅ་ཅོ་འདུ་འཛི་ཆེ་བའི་གྲོང་ཁྱེར་ནས།།
ཆ་ལུགས་གཙང་མར་སྐྱོང་བ་དོན་ཆེན་མཐོང་།།
ཇ་གཙང་སྦྲང་དཀར་རྩམ་པའི་བྲོ་བ་འདི།།
ཉ་མོ་ཆུ་འདྲིས་བཞིན་དུ་བསྐྱང་ན་ལེགས།།

ཏ་ལེར་བྲིས་པའི་དབྱངས་གསལ་སོ་བཞི་དག།
ཐ་ཐོར་མིག་ཏུ་མཐོང་རུང་ངོས་མི་ཟིན།།
ད་ལྟ་ཇེ་ངན་འགྲོ་བའི་ངང་ཚུལ་འདི།།
ན་གཞོན་ཀུན་གྱིས་སྐྱོན་འདི་བཅོ་ན་ལེགས།།

པ་པ་མ་མ་ཞེས་པའི་སྐད་ཆར་བྱང་།།
ཕ་སྐད་གཙང་མ་ཐལ་བ་བཞིན་དུ་དོར།།
བ་གླང་རྟུལ་བོའི་ངང་ཚུལ་སྣང་བ་འདི།།
མ་ཡུམ་སྐུལ་བའི་རེ་སྨོན་བརླག་མི་རུང་།།

ཙ་རིར་གོམས་པའི་འཚོ་བའི་གཤིས་ལུགས་འདི།།
ཚ་བའི་གྲོང་དུ་མཐུན་མིན་ཀུན་ལ་བརྟག།
ཛ་དྲག་ཆེ་བའི་མི་ཚོགས་འདུ་གནས་སུ།།
ཝ་ལེར་བསམས་ཏེ་འཚོ་ཐབས་བསྐྱང་ན་ལེགས།།

ཞྭ་མོ་ལྷམ་འགེབས་ཆ་ལུགས་འདྲེས་མ་དང་།།
ཟ་རིགས་སྣ་ཚོགས་ཁོག་ཏུ་འདྲེན་མི་རུང་།།
འ་འུར་རྒྱན་འཇོག་བདག་གཞན་ཕུང་གཞི་དང་།།
ཡ་མཆུ་མ་མཆུ་འདྲེས་མང་གྱོད་ལ་འཛེམ།།

ར་གན་གསེར་བརྫུས་བྱེད་པའི་ལས་རིགས་དང་།།
ལ་ཁའི་ན་བུན་འགྱུར་བའི་གཤིས་ངན་སྤོངས།།
ཤ་ཉེ་གྲོགས་བཟང་བསྟེན་པ་དོན་གྱི་གནད།།
ས་ཆ་འདི་རུ་རང་ཚུགས་མ་བོར་གཅེས།།

ཧ་ལམ་འགྲིག་པའི་བསམ་པ་ངེས་སྤངས་ཏེ།།
ཨ་ཆེན་ཁྱུང་རྩལ་རྫོགས་པའི་སྟོབས་བཞིན་སྐྱེད།།
ཧ་ཅང་རིང་པོར་མིན་པའི་དུས་སྐབས་སུ།།
ཨ་མས་བསྐུལ་བའི་རེ་འབོད་འགྲུབ་པར་ཤོག།
                    ཅེས་པ་འདི་ཀརྨ་ཚེ་རིང་གིས་སྤྱི་ལོ་༢༠༡༩ལོར་ཟླ་༤པའི་ཚེས་༡༩ཉིན་ཁྲིན་ཏུའུ་སྤོས་ངད་ལྡན་པའི་གྲོང་འདབས་སུ་བྲིས་པའོ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1