༄༅།། བོན་གྱི་སྔ་རབས་གཏོ་གཞུང་དང་དེས་མཚོན་པའི་རིག་གཞུང་ལྟ་བ་ལ་དཔྱད་པ།

ཀུན་དགའ་ཡེ་ཤེས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 04-23


ཀུན་དགའ་ཡེ་ཤེས།
            [ནང་དོན་གནད་བསྡུས།] གཏོ་ཆོག་གི་གཞུང་ལུགས་ནི་བོད་ཀྱི་གདོད་མའི་ཤེས་རིག་གལ་ཆེན་ཞིག་དང་། སྲིད་པའི་བོན་གྱི་ལྟ་དགོངས་མཚོན་པའི་རིག་གནས་ཀྱི་རྣམ་པ་ཆེས་གསལ་བོ་ཞིག་ཡིན། རྩོམ་ཡིག་འདིར་གདོད་མའི་བོན་ལུགས་སུ་དར་བའི་གཏོའམ་གཏོ་གཞུང་གི་གོ་དོན་དང་། ནང་དོན་རིགས་དབྱེ། དེ་ཉིད་དར་བའི་རིག་གནས་ཀྱི་རྒྱབ་ལྗོངས། གཏོ་གཞུང་གི་ཁྱད་ཆོས་སོགས་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་དང་ཕྱོགས་བསྡོམས་བྱས་ཡོད།
            [བརྡ་ཆད་གཙོ་བོ།] གཏོ། བླ་གནས། སྲིད་པའི་བོན།
            [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
            [ཡིག་ཚང་མཚན་བྱང་།]  A
            [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-01-0022-16
            དུས་རབས་བདུན་པ་ཡར་སྔོན་གྱི་བོད་ཀྱི་ལོ་རྒྱུས་དང་ཤེས་རིག་འཕེལ་རྒྱས་ཀྱི་སྐོར་གཙོ་བོ་ཞང་ཞུང་གི་རིག་གནས་ཞེས་པས་མཚོན་ཡོད་ཅིང་།  ཞང་ཞུང་གི་རིག་གནས་ཀྱི་བརྗོད་གཞི་ནི་ཆོས་ལུགས་ཀྱི་ངོ་བོར་ཆགས་པའི་བོན་གྱི་ཤེས་རིག་འདིས་གསལ་བཤད་བྱས་པ་ཡིན། དེའི་སྐོར་ནི་སྟོན་པ་གཤེན་རབ་ཀྱི་མཛད་མདོ་རྣམས་གཙོ་བོར་བྱས་པའི་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་བསྟན་བཅོས་རྣམས་དང་། རྡོ་བརྐོས་དང་བྲག་བརྐོས་རི་མོ་ཁག     བོན་གྱི་གཏོ་ཆོག་གི་གཞུང་ཅི་རིགས་ཡོད་པ་དེ་དག་གི་བརྗོད་གཞི་གཙོ་བོར་གྱུར་བའི་གཏོ་མདོས་གླུད་གཏོང་གི་ཆོ་ག་དང་།  དེ་ལས་སྔ་བའི“བླ་གནས”ཡོད་པར་འདོད་པའི་མཚན་ཉིད་རིག་པའི་དགོངས་དོན་དག་གི་གསང་གནད་བཀྲོལ་ཐབས་བྱེད་པ་ལ་བརྟེན་ནས་ངེས་དགོས།  
            གཏོ་གཞུང་དང་གཏོ་ཆོག་ཅེས་པའམ་ཆོག་རབས་ཞེས་པ་འདི་བོན་གྱི་ཐུན་མིན་ཐ་སྙད་ཆེས་སྔ་ཤོས་ཤིག་ཡིན་ལ། དེའི་བསྟན་བྱ་དང་བྱུང་རིམ་རྣམས་ནི་བོད་ཀྱི་ཡེ་སྲིད་དུས་ཀྱི་ཤེས་རིག་གི་རྣམ་པ་དང་།  ཁུངས་སམ་གནས་སྟངས་ཇི་ལྟ་བུ་ཡིན་པ་སྟོན་པར་བྱེད་པའི་གཞུང་ལུགས་སུ་ངེས་འདུག  གཏོ་ཡིག་གི་གཞུང་ལ་དཔྱད་པ་ཞིབ་ཏུ་བཏང་བས་ང་ཚོས་གནའ་རབས་ཀྱི་བོད་མིའི་སེམས་ཁམས་གནས་སྟངས་དང་།  ཤེས་རིག་གི་འཕེལ་རིམ་དག་ཞེས་རྟོགས་བྱ་ཐུབ་པ་མ་ཟད།  དེ་འབྲེལ་གྱི་བོད་གདོད་མའི་གནས་སྟངས་སོགས་ལ་ངེས་ཤེས་ཟབ་མོ་ལོན་ཐུབ་པས་ན།   གཤམ་ནས་འབྲེལ་ཡོད་ཀྱི་གནད་ཁ་ཤས་ལ་བགྲོ་གླེང་བྱེད་འདོད་དོ།།
གཅིག གཏོ་དང་གཏོ་ཆོག་ཅེས་པའི་ཐ་སྙད་ལ་དཔྱད་པ།
            ད་ཡོད་བོད་ཀྱི་མིང་མཛོད་དང་ཚིག་མཛོད་དག་ལས་གཏོ་ཞེས་པས་ལྷ་ཀླུ་གཉན་གསུམ་མགུ་བར་བྱས་ནས་དེ་དག་ལས་མི་ལ་བྱུང་བའི་གནོད་པ་ལྡོག་ཐུབ་ཐབས་བྱེད་པའི་ཆོ་ག་ཞིག་ལ་གོ་བར་བརྗོད་ཡོད་ན་ཡང་།  ད་ཡོད་བོན་གྱི་གཏོ་ཆོག་གི་ཡིག་རྙིང་དང་གཏོ་གཞུང་ཞེས་པའི་འགྲེལ་བརྗོད་བྱེད་སྟངས་ཀྱི་ནང་དོན་གསེད་འགྲོལ་བྱས་པ་ལས།  གཏོ་ཞེས་པའི་བྱེད་ལས་ལ་བརྟེན་ནས་འཇིག་རྟེན་ཁམས་ན་འཚོ་སྡོད་བྱས་པའི་མི་དང་རྟ་ཟོག་སེམས་ཅན་སོགས་གང་ལ་ཡང་བདེ་བའི་སྦྱིན་པ་སྤྲོད་ནུས་པའམ།  མི་འདོད་ནད་དང་སྲི་ལ་སོགས་པའི་འགལ་རྐྱེན་ལྡོག་ནུས་པ།  དེ་བཞིན་གནོད་པའི་རིགས་སེལ་བར་བྱེད་པ་དང་།   གཡང་གི་རིགས་འགུག་པར་བྱེད་པའི་རིག་གནས་ཀྱི་ངོ་བོ་ལྡན་ཚད་གཏོ་གཞུང་གི་ཁོངས་སུ་བསྡུ་རུང་ངོ་།།  
            བོན་གྱི་སྟོན་པ་རབས་དགུར་②འདོད་པའི་དགོངས་དོན་ལྟར་ན།  ཚེ་ལོ་བརྒྱ་བའི་སྟོན་པ་ནི་སྟོན་པ་གཤེན་རབ་ཡིན་ཞིང་། དེའི་ཡན་དུ་ཚེ་ལོ་སྟོང་གི་སྟོན་པ་ནི་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་③ཏེ། དེ་ཉིད་ཀྱིས་སྲོལ་དུ་ཚུགས་པའི་རིག་པའི་གཞུང་ལུགས་དེ་གཙོ་བོ་གཏོ་ཡི་ཐ་སྙད་ཀྱིས་མཚོན་པར་བྱས་པ་དེ་ནས་གཏོ་ཞེས་པའི་གདོད་མའི་ཆོས་ལུགས་ཀྱི་ངོ་བོ་ངེས་ཅན་ལྡན་པའི་ཤེས་རིག་གི་རྣམ་པ་འདི་བྱུང་ལ། སྟོན་པ་གཤེན་རབ་ཀྱི་མཛད་མདོ་རྒྱས་པ་《མདོ་དྲི་མེད་གཟི་བརྗིད་》ལས་སྟོན་པ་དེ་ཉིད་ཀྱིས་ཧོས་བཟའ་རྒྱལ་མེད་མ་ཞེས་པ་ཁབ་ཏུ་བཞེས་ནས་འཁྲུངས་པའི་སྲས་ལ་གཏོ་བུ་འབུམ་སང་སམ་ཚུལ་མིང་དུ་དྲང་སྲོང་རྒྱལ་བ་ཞུ་བ་སྟེ།   གཏོ་བུ་འབུམ་སང་གིས་རྒྱུའི་བོན་དར་སྤེལ་བཏང་བའི་ལོ་རྒྱུས་ལྟར། ཤེས་རིག་གི་སྲོལ་གཏོད་པའམ་རིག་གནས་ཀྱི་སྣང་ཚུལ་འདི་ཉིད་ཁྱབ་སྤེལ་དུ་གཏོང་མཁན་བྱེད་པ་པོ་དེ་ཉིད་ཀྱི་མིང་ནས་རིམ་གྱིས་གཞུང་ལུགས་ཀྱི་བྱེད་སྒོ་ཁག་ལ་གཏོའམ་གཏོ་གཞུང་ཞེས་ཆགས་པ་སྟེ།   གཏོ་ཞེས་པ་ཐོག་མའི་འདོད་རྒྱལ་གྱི་མིང་ཞིག་ནས་རིམ་གྱིས་གཏོ་དང་གཏོ་ཆོག     གཏོ་དཔྱད་དང་གཏོ་འབོད།    གཏོ་སྒྲོ་དང་གཏོ་སྒྲོམ་སོགས་རྗེས་གྲུབ་ཀྱི་མིང་ཇི་སྙེད་འཕེལ་རྒྱས་བྱུང་བ་དང་།  དེ་ལ་བརྒྱུད་ནས་གཏད་དང་གཏོད་དང་གཏོར་མ་དང་གཏེར་མ་ལ་སོགས་པའི་ཐ་སྙད་རྙིང་གྲས་རྣམས་བྱུང་། མཁར་རྨེའུ་བསམ་གཏན་ལགས་ཀྱིས་བསྒྲིགས་པའི་《ཞང་བོད་གནས་རབས་ཀྱི་བརྡ་ཆད་ཚིག་མཛོད་》④ཅེས་པའི་ནང་དུ་གཏོ་ཞེས་པ་ལ་སོ་དོན་གཉིས་འགྲེལ་བརྗོད་བྱས་ཡོད་པ་ལས།   གནོད་པ་བཅོས་ཤིང་ལྷ་འདྲེ་ལ་བརྔན་ཡོན་འབུལ་བའི་ཆོ་ག་ཞིག་ཅེས་བཤད་པ་ལྟར་ཕྱིས་ཀྱི་བོན་པོའི་ཚིག་མཛོད་རྣམས་ཀྱིས་མགྲིན་གཅིག་གདངས་གཅིག་གིས་དེ་ལྟར་འགྲེལ་བརྗོད་བྱས་འདུག      སྤྱི་ལོ་2010ཡས་མས་ལ་ཀན་ལྷོའི་ས་ཆ་ཁག་ནས་གཏོ་གཞུང་གི་ཡིག་ཆ་རྙིང་གྲས་མང་དུ་བྱུང་ཞིང་། དེ་བཞིན་བོད་ཁུལ་སོ་སོའི་དམངས་ཁྲོད་སོགས་སུ་རྒྱུན་འབྱམས་སུ་སོང་ཡོད་པའི་གཏོ་གཞུང་རྣམས་ལ་དཔྱད་ཞིབ་ཅི་ཐུབ་བྱས་པ་ལས།   གཏོ་ཞེས་པའི་ཐ་སྙད་འདི་ལ་ད་དུང་གསེད་འགྲོལ་བྱེད་མ་ཐུབ་པའི་རྣམ་པ་ཤུགས་ཆེར་མངོན་ཡོད་ཅིང་། དེ་ལས་མཚོན་པའི་ཤེས་རིག་གི་ནང་དོན་ལ་ད་དུང་གོ་དོན་རྟོགས་རྒྱུ་མང་དུ་ཡོད་པ་གསལ།    ཁ་ཅིག་གིས་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ཁོངས་སུ་འགྲོལ་ཞེས་གཏད་བྱད་ཅེས་སུ་གྲགས་པའི་གོ་དོན་དེ་གཏོ་ཁོ་ནའི་ནང་དོན་དུ་གཏན་འཁེལ་བྱས་ཡོད་ན་ཡང་། དོན་ལ་དེ་ནི་གཏོའི་གཞུང་ལུགས་སམ་གཏོའི་རིག་གནས་ཞེས་པ་ཙམ་ལ་གོ་དགོས་ཤིང་། དེ་ནི་རྒྱུ་བོན་རིགས་བཞིའི་ཁོངས་སུ་ཡོད་པའི་ཕྱྭ་གཤེན་གྱི་ཁོངས་སུ་འདུ་ཞིང་།   བོན་སྒོ་བཞི་མཛོད་ལྔ་ཞེས་པའི་གཞུང་ལུགས་དབྱེ་སྲོལ་བྱས་ན་ཆབ་ནག་སྟེ་སྨྲང་དང་དེའི་སྐོར་གྱི་ཆོ་གའི་གཞུང་ལུགས་སུ་གཏོགས་སོ།།  
            ནམ་མཁའི་ནོར་བུ་ལགས་ཀྱི་དགོངས་པ་ལྟར་ན།   ལྷ་གཉན་ཀླུ་སོགས་རང་རེའི་ཐུན་མོང་གི་དབང་པོའི་མངོན་སུམ་དུ་མ་གྱུར་པའི་སྐྱེ་འགྲོ་མཐུ་དབང་དང་ལྡན་པ་དེ་རིགས་ལ་གཏོད་ཟེར་བ་དང་། དེ་དག་ལ་འགྲོ་བ་མིས་བྱ་བྱེད་གང་རུང་གིས་ཕོག་ཐུག་བྱས་པ་ལས་མི་ལ་གནོད་པར་བྱེད་པ་ལ་གདོན་ཟེར། གདོན་སེལ་ཐབས་ཀྱི་ཤེས་རིག་ལ་གཏོ་⑤ཞེས་པའི་ཐ་སྙད་ཐོགས་ཚུལ་འགྲེལ་བརྗོད་བྱས་ཡོད་ཅིང་།    མི་རྣམས་ཀྱིས་གཏོད་ཀྱི་རིགས་ལ་ཕོག་ཐུག་ཤོར་རྐྱེན་གྱིས་བྱད་ཁ་དང་་རྦོད་གཏོང་སོགས་བཀྲ་མི་འིས་པའམ་ན་ཤི་རྐྱེན་ཅི་རིགས་ཀྱི་མཐུ་ཁ་བསྟན་པ་ལ།    དེ་ཉིད་སེལ་བྱེད་དུ་གཏོ་ཐབས་ཀྱི་ཤེས་རིག་འདི་ཉིད་བྱུང་བར་བཤད་ལ།    དེའི་སྐོར་གྱི་བྱེད་སྒོ་རྣམས་འགྲོལ་ཞེས་གཏད་བྱད་ཅེས་པའི་ནང་དོན་བཞིན་《མདོ་དྲི་མེད་གཟི་བརྗིད་》ཀྱི་གླེགས་བམ་གཉིས་པའི་ཁྲོད་མང་དུ་བཀོད་འདུག དེ་ལྟར་ན་གཏོད་ཅེས་པའི་ཐ་སྙད་ལས་གཏོ་ཞེས་པའི་ནང་དོན་རྣམས་འཕེལ་བ་ཡིན་ཞིང་། གཏོད་ཡོད་པ་ཁས་ལེན་པའི་རྨང་གཞིའི་སྟེང་ནས་གཏོ་གཞུང་རྣམས་འཕེལ་བ་ཡིན་འདུག་གོ།  
གཏོ་ཞེས་པའི་བྱེད་ལས་ལ་བརྟེན་ནས་མདོས་དང་།  གླུད།   ཡས་ལ་སོགས་པའི་ཆོ་ག་རབ་དང་རིམ་པ་བྱུང་ཞིང་། དེ་ལས་སྔ་རབས་མེས་པོ་རྣམས་ཀྱི་འཇིག་རྟེན་ལྟ་ཚུལ་མཚོན་པར་བྱས་ཡོད་པ་དེས།   དུས་ཕྱིས་ཀྱི་བོན་པོ་མ་ཟད།   ཤཀྱའི་རིང་ལུགས་པ་རྣམས་ཀྱི་ལྟ་དགོངས་ཁྲོད་དུ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ང་ཚོའི་རྒྱུན་ལྡན་གྱི་འཚོ་བ་ལ་འདྲེས་ཡོད་པའི་དད་མོས་ཀྱི་དམངས་སྲོལ་དག་ལས་མཐོང་ཐུབ་པ་ཞིག་རེད།  
ཆོག་ཅེས་པ་དེ་ཆོ་གའམ་སྔ་རབས་ཀྱི་ཆོས་ཀྱི་ངོ་བོ་མཚོན་པའི་བྱེད་སྒོ་རྣམས་ཀྱི་མིང་ཡིན་པ་རྒྱུའི་བོན་རིག་བཞིའི་ནང་དོན་རྣམས་ལས་གསལ་བཤད་བྱས་ཡོད་ཅིང་།  ཆོག་ཅེས་པ་ཆོ་ག་ཞེས་པའི་ཐ་སྙད་དེ་ཟོར་ཡང་པའི་ཆེད་དུ་བྲིས་པ་དང་། དེ་ཡང་ཆོ་རབས་ཞེས་པའི་ནང་དོན་དང་གཅིག་པ་སྟེ། སྲིད་པའི་ཆོ་རབས་སོགས་ལོ་རྒྱུས་སམ་བྱུང་རབས་ཀྱི་དོན་ལ་གོ་དགོས།   ཆོ་རིགས་ཞེས་པ་དེ་བརྡ་རྙིང་དུ་ཕའི་རིགས་རུས་ལ་འཇུག་པར་བསྟན་ཡོད་ཅིང་།  དེའི་བྱུང་ཁུངས་ཡང་ཞང་ཞུང་གི་སྔ་རབས་རིག་གནས་དང་འབྲེལ་ཡོད་པ་གསལ། རབས་ཞེས་པ་དེ་དུས་རབས་བཅུ་བའི་མཇུག་གི་བོན་མ་ཡིན་པའི་དཔེ་གཞུང་རྣམས་ནས་ལོ་རྒྱུས་དང་བཤད་པ་སོགས་ཀྱི་ནང་དོན་ཁོ་ན་སྟོན་བཞིན་ཡོད་ན་ཡང་།  སྔ་རབས་ཀྱི་ཡིག་ཆ་《གནག་རབས་》ཟེར་བ་དང་།《བྱོལ་རབས》 《གསེར་སྐྱེམས་ཀྱི་རབས》《རྔ་རབས་》⑥ཟེར་བ་སོགས་ནི་རྣམ་བཤད་ཅེས་པའམ་གཞུང་ལུགས་ཞེས་པའི་དོན་གྱི་མཚོན་བྱེད་དུའང་གྱུར་ཡོད།  
            དེ་ཡི་ཕྱིར་ན། གཏོ་དང་ཆོ་ག    རབས་ཞེས་པ་གསུམ་སྔ་རབས་ཀྱི་བྱེ་བྲག་གི་ཐ་སྙད་ཆེས་རྙིང་བ་གསུམ་ཡིན་པ་གསལ་ལ།     གཅིག་བྱས་ན་དེ་དག་ཞང་ཞུང་གི་སྐད་ཁོངས་སུ་གཏོགས་པའི་བརྡ་ཆད་འབའ་ཞིག་ཡིན་པ་ཡང་ང་ཚོས་བློ་དཔོག་བྱས་ཆོག་སྙམ། 《མདོ་དྲི་མེད་གཟི་བརྗིད་》བྱུང་བ་ནས་གཏོ་ཞེས་པ་དང་ཆོག་ཅེས་པ་གཉིས་གཅིག་བསྡུས་ཀྱིས་གཏོ་ཆོག་ཅེས་པའི་ཐ་སྙད་དེ་བྱུང་ཞིང་། དེ་ལ་བརྟེན་ནས་གཏོ་ཆོག་གི་ཡིག་ཆ་རྣམ་པ་སྣ་ཚོགས་བྱུང་ཡོད་པ་བོད་མདོ་དབུས་ཁམས་གསུམ་མ་ཟད། རྒྱ་གར་བལ་ཡུལ་སོགས་སུའང་ཡོད་པ་དཔེར་ན། 《མདོས་ཆོག་ཡིད་བཞིན་ནོར་བུ》《ལྷ་བསང་རྒྱགས་བརྔན་ཆེན་མོ》《ཤ་བ་རུ་རྒྱས་ཀྱི་མདོས》《མདོ་སྡེ་མེ་ཏོག་ཕྲེང་བ》《བདེར་གཤེགས་མདོ་ཆོག》 《རྣམ་དག་རྒྱུན་མཆོད་》སོགས་ཤིན་ཏུ་མང་བ་མ་ཟད། ཉེ་སྔོན་འཚོལ་སྡུད་བྱས་པའི་《དབལ་ཆེན་ཝེར་མའི་དགྲ་ཆོས་མྱུར་མ་སྲོག་ལོན་བཞུགས་པ་ལེགས་སོ་》ཞེས་པ་དང་། 《ཆབ་ནག་སྲིད་པ་རྒྱུད་ཀྱི་མདའ་བསྟོད》《ཕྱེ་མར་མདའ་དར་བསྟོད་པ་》སོགས་དང་། དེ་བཞིན་ཕུ་རིའི་ཡིག་རྙིང་⑦ཁྲོད་ནས་བྱུང་བའི་《ངན་སྔགས་བདག་པོའི་གཏོ་ཆོག》《སྲིད་པ་བོན་གྱི་བསྐང་གསོལ》《བྱ་ཁྱུང་གི་སྔགས་》སོགས་དང་། ཉིས་སྟོང་བཅུ་ལོར་ལན་ཀྲུའུ་སློབ་གྲྭ་ཆེན་མོའི་ཞིབ་འཇུག་པ་རྣམས་ཀྱིས་མདོ་སྨད་མདའ་ཚང་ཡུལ་ནས་རྙེད་པའི་གཏོ་ཡིག་⑧《ལྷ་དམུན་མདའ་ཁན་དབུ་ལགས་སོ་》ཟེར་བ་དང་། 《བར་བཅོད་སྟོང་སྔོན་དབུ་ལགས་སོ》 《སྲིད་པའི་མདའ་མོ་སྐྱུར་དའུ་ལགས་སོ》《ཀླུའི་གཏོད་བསོན་དབུ་ལགས་སོ》《སྐྱེ་སྒོ་གཅོད་པའི་བཤག་པ་དབུ་ལགས་སོ》《སྲིད་པའི་ཕག་བ་སྲིན་སྐུལ་དབུ་ལགས་སོ་》ཞེས་པ་སོགས་ཐམས་ཅད་བོན་གྱི་གཏོ་ཡིག་གི་ནང་དོན་དུ་གཏོགས་པ་ཤིན་ཏུ་གསལ་ལ། འཇང་གི་ཡུལ་དུ་དར་བའི་གཏོ་གཞུང་ཡིག་ཆ་མང་དག་ཅིག་ཀྱང་བོན་གྱི་སྔ་རབས་གཏོ་ཡིག་གི་ནང་ཚན་ནས་ཆད་པ་ཡིན་འདུག  དེ་ཡི་ཕྱིར་ན།   བོན་གྱི་སྔ་རབས་གཏོ་གཞུང་དེ་དག་གིས་བོད་ཀྱི་གདོད་མའི་རིག་གནས་ཀྱི་རྣམ་པ་མཚོན་པ་ཡང་མངོན་གསལ་དུ་རྟོགས་ཐུབ་ལ།  དེ་དག་ལ་ད་དུང་མཐོང་ཆེན་བྱས་ཚད་མི་འདང་བ་དང་།  དེའི་རིན་ཐང་སྔོག་ཐབས་ལ་འབད་པ་ཆེར་སྐྱེད་བྱེད་དགོས་པས་ན། དེ་འབྲེལ་གྱི་གནད་དོན་ཁག་ད་དུང་དཔྱད་ཞིབ་ཇེ་ཟབ་ཏུ་གཏོང་གལ་ཆེ།
གཉིས། གཏོ་ཆོག་གི་གཞུང་སྤྱིའི་རིག་གནས་རྒྱབ་ལྗོངས་ལ་དཔྱད་པ། 
            གཏོའི་ཤེས་རིག་དེའི་རྨང་གཞི་ནི་སྲིད་པའི་ཁམས་འདིར་རང་རེའི་དབང་བོའི་མངོན་སུམ་དུ་མཐོང་ཚོར་མི་ཐུབ་པའི་སྐྱེ་འགྲོ་དང་།  མིའི་འགྲོ་བ་ལས་ཐ་དད་པ་དང་།   དབྱིངས་ཀྱི་ལྷ་དང་།  བར་སྣང་གི་གཉན། ས་གཞིའི་བརྟན་མ།  རྒྱ་མཚོའི་ཀླུ་ལ་སོགས་པ་ཡོད་ཅིང་།  དེ་དག་རང་རེའི་དབང་བོའི་མངོན་སུམ་དུ་མ་གྱུར་ནའང་རང་ཅག་རྣམས་སྐྱེ་འགྲོ་དེ་རིགས་ཀྱི་དབང་བོའི་མངོན་སུམ་དུ་གྱུར་བ་⑨དང་།  དེ་དག་ལ་ཕོག་ཐུག་བྱས་པ་ལས་བྱུང་བའི་གནོད་པ་སེལ་བྱེད་ཀྱི་གཞུང་རྣམས་ནི་གཏོའི་ཤེས་རིག་གི་ཁྱབ་ཁོངས་སུ་གཏོགས་ཡོད་ཅིང་།  གཏོ་ཆོག་གི་ཤེས་རིག་འདི་ཉིད་སྲིད་པ་བོན་གྱི་ཤེས་རིག་འཕེལ་རྒྱས་ཁྱབ་ཁོངས་ནང་ཅུང་གལ་ཆེན་དུ་ཆགས་ཡོད་པ་དང་།  དེའི་བྱེད་ལས་ནི་ལྷ་འདྲེ་གདོན་བགེགས་ཀྱི་གནོད་པ་སེལ་ཐབས་བྱེད་དགོས་པ་དེ་ཡིན་པས་ན།  བོད་མི་རིགས་སམ་དེ་ལས་སྔ་བར་ཞང་ཞུང་གི་མེས་པོ་རྣམས་ཀྱིས་ཚེ་སྲོག་གི་རྒྱུན་ཡོད་པར་འདོད་པའི་རིག་གཞུང་གི་ལྟ་བ་གཙོ་བོ་དེའི་ཁུངས་ཀྱང་གཏོ་གཞུང་དར་བའི་རྨང་གཞིར་ཆགས་པ་ཡིན་སྙམ།   
            ཀུན་གྱིས་ཤེས་གསལ་ལྟར།  གཏོ་ཆོག་གི་ནང་དོན་གལ་ཆེན་ཞིག་ཏུ་ཆགས་པའི་རི་ཀླུང་ཤིང་ནགས་ལ་སོགས་པར་མཆོད་བསྟོད་བྱེད་པའི་ལུགས་སྲོལ་འདི་བོད་ཀྱི་དམངས་སྲོལ་སྔ་ཤོས་སུ་གཏོགས་ཤིང་། དེའི་འབྱུང་ཁུངས་ནི་བོད་ཀྱི་མེས་པོ་རྣམས་ཀྱི་ཆེས་ཐོག་མའི་ཤེས་རིག་འཚོལ་དཔྱོད་ཀྱི་ལོ་རྒྱུས་དང་འབྲེལ་ཡོད་ཅིང་།   རིམ་གྱིས་ཤེས་རིག་གི་མ་ལག་ལྡན་པའི་རིག་གཞུང་གི་ངོ་བོར་ཆགས་པ་སྟེ།    བོན་པོའི་ཆོས་ལུགས་རིག་གནས་ཁྲོད་ཀྱི་སྲིད་པ་བོན་གྱི་ལྟ་དགོངས་དང་འབྲེལ་ནས་འཕེལ་རྒྱས་བྱུང་བ་ཡིན་པ་ཤིན་ཏུ་གསལ།  གདོད་མའི་ཆོས་ལུགས་རིག་གནས་དང་འབྲེལ་ནས་རང་བྱུང་ཁམས་ཆེན་པོའི་གྲུབ་ཆར་ཆགས་པའི་གནས་རི་དང་ཆུ་ཀླུང་སོགས་ལ་དད་མོས་བྱེད་སྲོལ་འདི་དར་ཁྱབ་ཆེན་པོ་བྱུང་ཞིང་།  དེས་བོད་མི་རིགས་ཀྱི་གདོད་མའི་འཇིག་རྟེན་ལྟ་ཚུལ་དང་། རིན་ཐང་གི་ལྟ་ཚུལ་གསལ་བོར་མཚོན་པར་བྱས་ཡོད།  བོན་གྱི་ཡིག་རྙིང་《ཀླུ་འབུམ་》ཞེས་པའི་ནང་དུ་བླ་འཁྱམས་པ་⑩ཞེས་པའི་སྐོར་གླེང་བརྗོད་བྱས་ཡོད་ཅིང་།  དེ་བཞིན་བོན་པོའི་ཡིག་རྙིང་《སྲིད་པ་སྤྱི་མདོས་》དང་སློབ་དཔོན་པད་མས་མཛད་པར་གྲགས་པའི་《ལྷ་བསང་རྒྱགས་བརྔན་ཆེན་མོ་》དང་།  《མགོན་པོ་དགྲ་བླ་བཅུ་གསུམ་གྱི་བསང་མཆོད་》ལ་སོགས་བོད་ཁུལ་གྱི་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་ཡོད་པའི་གཏོ་མདོས་ཀྱི་གཞུང་མང་དག་ཅིག་ན་བླ་དང་བླ་གནས་སོགས་ཀྱི་གླེང་བརྗོད་མང་དུ་བྱས་པ་དེ་དག་གིས་བོད་སྔ་རབས་པའི་མཚན་ཉིད་རིག་པའི་དགོངས་དོན་གསལ་བོར་བསྟན་པ་ཡིན།  ཤཱཀྱའི་དགོངས་དོན་གྱི་རིག་གཞུང་ལྟར་ན།  བླ་དང་བླ་གནས་ཀྱི་མཚོན་དོན་སྐོར་ལ་ཁས་ལེན་མིན་གྱི་རྩོད་གཞི་ཅུང་ཡོད་ཚོད་ཡིན་ཡང་།  སྔ་རབས་ཀྱི་གཏོ་གཞུང་འདི་དག་ནང་དུ་བླ་ཡོད་པར་འདོད་པ་དང་།   བླ་ཞེས་པའི་གནས་སྟངས་ཀྱི་རྒྱུན་དེ་ཟད་ཐབས་མེད་པ་ཞིག་ཡིན་པའི་ངོས་འཛིན་འདི་གཏོ་ཞེས་པའམ་གཏོ་གཞུང་གྲུབ་བྱེད་ཀྱི་རིག་གནས་རྒྱབ་ལྗོངས་ཤིན་ཏུ་གལ་ཆེན་པོ་ཞིག་ཏུ་ཆགས་ཡོད།   
            ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་《གསང་བ་སྔགས་ཀྱི་བསྙེན་སྒྲུབ་ལས་གསུམ་རྣམ་པར་འབྱེད་པའི་ལས་གཉན་ཤེལ་སྒོང་》⑾ཞེས་པའི་སྐོར་ནས་བོན་གྱི་གཏོ་གཞུང་ནང་གི་ཆོ་ག་རིམ་གྲོ་སྤེལ་ལུགས་སོགས་ལ་བྱང་ཆ་ཡོད་དགོས་ན་བླ་ལ་སོགས་པའི་ནང་དོན་ལ་རྒྱུས་མངའ་ཆགས་དགོས་པའི་སྐོར་གསུང་ཡོད་པའི་གནད་ཀྱང་བླ་ཞེས་པའི་རིག་གནས་ཀྱི་རྒྱབ་ལྗོངས་དང་འབྲེལ་ཡོད་ཅིང་།  དེ་ལས་བོད་མི་རིགས་ཀྱིས་ཐོག་མའི་བླ་ཞེས་པའི་གོ་དོན་ཅི་ཡིན་དང་།  དེ་འབྲེལ་གྱི་མཚན་ཉིད་རིག་པའི་དགོངས་དོན་ཅི་ཡོད་ལ་ད་དུང་དཔྱད་ཞིབ་བྱེད་དགོས་པའི་གནད་དེ་གསལ་བོར་བསྟན་པ་ཡིན།  བོན་གྱི་མཁས་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་《ཚེ་འགུག་སྲོག་གི་ཆད་མཐུད་》ཅེས་པའི་ནང་དུ་བླ་ཞེས་པའི་མིའི་ལུས་སྟེང་གི་གནད་དེ་ཉིད་གང་འགྲོ་ངེས་མེད་དུ་འཁྱམས་འགྲོ་སྲིད་པའི་གནས་ཚུལ་ལ་བརྟེན་ནས་གཏོ་ཆོག་གི་ཐབས་ཀྱིས་ཚུར་འགུག་ཐབས་བྱེད་དགོས་པ་གསལ་བོར་བསྟན་ཡོད་ཅིང་།   གལ་སྲིད་བླ་རྟགས་མ་ཟིན་པ་ཡིན་ན།  མར་གྱིས་བཟོས་པའི་མི་ལ་ཤྭ་བའི་མགོ་ཡོད་པ་ཞིག་བཟོས་ནས།  དེ་ཆུའི་སྟེང་དུ་འཁོར་སྐྱེད་བྱེད་པའི་ཐབས་ལ་བརྟེན་ནས་བླ་རྟགས་ཚུར་འགུག་ཐབས་བྱེད་པ་ཡིན་པར་བསྟན་ཡོད།  མཁར་རྨེའུ་བསམ་གཏན་ལགས་ཀྱིས་དཔྱད་མཆན་དུ་བཀོད་པ་ལྟར་ན།  བོན་གྱི་སྐྱེས་ཆེན་དམ་པ་བསྟན་འཛིན་རྣམ་དག་ཚང་གིས་མཁོ་འདོན་བྱས་པའི་ཡིག་རྙིང་ཞིག་ལས་བོད་ཀྱི་རུས་སྒ་ཡི་བླ་རྟགས་ནི་ལུག་ཡིན་པ་དང་།  ར་ནི་སྒོ་ཡི་བླ་རྟགས་ཡིན་པ། ཤྭ་བ་ནི་ལྡོང་གི་བླ་རྟགས་ཡིན་པ།   རྟའམ་རྐྱང་ནི་དབྲ་ཡི་བླ་རྟགས་ཡིན་པ། གཡག་ནི་འགྲུ་ཡི་བླ་རྟགས་ཡིན་རབས་ཀྱི་སྐོར་གསལ་བཤད་བྱས་ཡོད་⑿ཟེར།    གཏོ་གཞུང་རྣམས་ཀྱི་གོ་དོན་ལྟར་ན།     བླ་རྟགས་ཞེས་པ་འདི་བོད་མི་རིགས་ཀྱི་གདོད་མའི་ཚེ་སྲོག་གི་ལྟ་སྟངས་ཤིག་སྟེ།   བླ་ཞེས་པ་འདི་མིའི་ལུས་ལས་གྱེས་ན་གཞི་མེད་དུ་འགྲོ་བ་ཞིག་མ་ཡིན་པར་སྐྱེ་བ་གཞན་ལ་ཐིམས་འགྲོ་བ་ཞིག་ཡིན་པར་འདོད་བཞིན་ཡོད་ཅིང་།  དེ་ངོ་བོ་གཞན་པ་དེའི་སྟེང་དུ་མ་སིམས་པའི་སྔོན་ལ་གནས་ས་ཞིག་དགོས་པར་འདོད་པས་ན། རི་ཆུ་རྩི་ཤིང་ནགས་ཚལ་ལ་སོགས་པར་བླ་གནས་ཞུགས་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།   དེའི་སྐོར་གྱི་དཔེ་མཚོན་ཙམ་ནི་བོན་གྱི་ཡིག་རྙིང་《མདོ་གཟེར་མིག་》སོགས་ཀྱི་ནང་དུ་བླ་ཞེས་པ་འདི་ཇི་ལྟ་བུའི་སྒོ་ནས་ཆགས་གྲུབ་བྱུང་ཚུལ་འགྲེལ་བརྗོད་བྱས་པ་ལས།  མདའ་ཡིས་སྐྱེས་པ་ཕོ་ཡི་བླ་གནས་མཚོན་པ་དང་།  འཕང་གིས་སྐྱེས་མ་རྣམས་ཀྱི་བླ་གནས་མཚོན་པ།  དེ་བཞིན་འོད་ནི་ཕོའི་བླ་མཚོན་བྱེད་དང་།  ཟེར་ནི་མོའི་བླ་མཚོན་བྱེད་ཡིན་པ། ཤྭ་བ་ཡིས་ཕོའི་བླ་གནས་མཚོན་པ་དང་།  འཕྱི་བ་ཡིས་མོའི་བླ་གནས་མཚོན་པ།  རྟ་ནི་རྒྱལ་པོའི་བླ་གནས་མཚོན་བྱེད་དང་།   གཡག་དང་ལུག་ནི་སྐུ་དྲག་སོགས་ཀྱི་བླ་གནས་མཚོན་བྱེད་ཡིན་པ།  བ་གླང་དང་ར་སོགས་ནི་འབངས་མི་སེར་གྱི་བླ་གནས་མཚོན་བྱེད་ཡིན་པ་ལྟ་བུར་བཀོད་ཡོད། དེ་དག་གཏོ་གཞུང་སོ་སོའི་ནང་དོན་གྱི་བཀོད་སྒྲིག་ཐད་ནས་ཁྱད་པར་ཡོད་ན་ཡང་།  སྤྱིའི་ཆ་ནས་མིའི་སྲོག་རྒྱུན་དང་འབྲེལ་ཡོད་པའི་བླ་ཞེས་པའི་གནས་སྟངས་བོད་སྤྱི་ཁྱབ་པའི་ལྟ་སྟངས་ཁྲོད་དངོས་སུ་ཁས་ལེན་བྱས་ཡོད་པ་མཚོན་ཡོད།  དེ་བཞིན་གླིང་སྒྲུང་སོགས་སུ་བླ་ཁྱིམ་⒀ཞེས་བླ་དེ་ཉིད་སྐྱེ་གནས་གཞན་གྱི་སྟེང་དུ་འཕོ་ཞུགས་བྱེད་མ་ཐུབ་པའི་སྔོན་གྱི་གནས་ས་དེ་སྟོན་པར་བྱས་ཡོད་ཅིང་།  བླ་དེ་ཉིད་གནས་སའི་གཞི་ལ་བླ་མཚོ་དང་། བླ་རི། བླ་ཤིང་། བླ་རྡོ། བླ་མཁར། བླ་ཁྱིམ་ཞེས་པ་སོགས་ཡོད་པ་གཏོ་གཞུང་སྤྱི་ཁྱབ་པའི་བྱུང་རིམ་ཁྲོད་ནས་རྟོགས་ཐུབ།    ཡིག་ཆ་ཁ་ཤས་ནང་⒁བླ་ནི་ཡིད་ཀྱི་ཆོ་འཕྲུལ་ཡིན། ཡིད་ནི་སེམས་ཀྱི་འཕྲོ་འདུ་ཡིན། སེམས་ནི་ཀུན་གཞི་བདལ་ཁྱབ་ཡིན་ཞེས་དང་། སེམས་ནི་མེ་དང་།   ཡིད་ནི་མེ་འོད། བླ་ནི་མེའི་དུ་བའོ་ཞེས་གོ་བདེའི་སྒོ་ནས་བླ་ཡིད་སེམས་གསུམ་གྱི་གོ་དོན་འགྲེལ་ཡོད་པ་ལ།  ཤཱཀྱའི་དགོངས་པའི་རིག་གཞུང་བསམ་བློའི་ཁྲོད་ནས་སེམས་སམ་རྣམ་ཞེས་ཞེས་པ་ལས་ཡན་གར་དུ་ཡོད་པའི་བླ་ཞེས་པ་བྱེ་བྲག་ཏུ་ཁས་མི་ལེན་པས་ན། བླ་ཞེས་པའི་གདོད་མའི་ངོས་འཛིན་ལ་བརྟེན་ནས་རྣམ་ཤེས་ཞེས་པའི་ངོ་བོ་དང་གོ་དོན་གཅིག་ཏུ་འབབ་སྲིད་སྙམ་སྟེ། དེ་ནི་ད་དུང་གཏོ་གཞུང་གི་ངོ་བོ་དང་བསྟུན་ནས་དཔྱད་གཞི་ཆེན་པོ་ཞིག་ཏུ་ངེས།  
            གཏོ་གཞུང་གི་ཆོ་ག་སྤེལ་སྟངས་ལས་གསལ་བོར་ཞེས་ཐུབ་པ་ལྟར། བླ་དེ་ལ་ཕ་རོལ་པོས་གནོད་པ་གང་རུང་ཐེབས་པ་ལས་དེ་ཉིད་ལྡོག་ཆེད། མདོས་དང་གླུད། ཡས།   སེལ།   བསང་། དཔྱད་ལ་སོགས་པའི་བྱེད་སྒོ་རྣམས་དར་ཞིང་།  བོན་གྱི་གཞུང་ལུགས་ལྟར་ན། དེ་དག་ཀྱང་ཆབ་ནག་གི་རིག་ཁུངས་སུ་གཏོགས་པ་ཡིན། 《མདོ་དྲི་མེད་གཟི་བརྗིད་》ལས།   ཆབ་ནག་སྲིད་པའི་བོན་པོ་ཡིས།། སེམས་ཅན་འགྲོ་ལ་ཕན་གདག་ཕྱིར།། མཉམ་གཉིས་བརྗེ་ལ་གླུད་རེ་བཟང་།། མཉམ་གཉིས་བརྗེ་བའི་མཚུངས་གཏོ་བྱ། ཞེས་པ་ལས་གཏོ་ཞེས་པ་དང་གླུད་ཞེས་པ་སོགས་སེམས་ཅན་ལ་ཕན་གདག་པའི་ཕྱིར་སྤེལ་བཞིན་པའི་ཆོ་ག་ལ་གོ་བར་བྱས་ཡོད་ཅིང་། ཕན་ཅི་ཞིག་གདག་པ་ནི་བླ་འགུག་ཚེ་འགུག་བྱེད་པ་སྟེ། གནོད་པ་གང་རུང་ལྡོག་ཐབས་བྱས་ནས་ཚེ་ཡི་རྒྱུན་བསྲིང་ཐབས་བྱེད་པ་དེ་ལ་ཟེར་བ་ཡིན་ནོ།།  
            ཏུན་ཧོང་ནས་ཐོན་པའི་བོན་གྱི་ཡིག་རྙིང་དང་།    དགའ་ཐང་འབུམ་པ་ཆེ་ནས་ཐོན་པའི་བོན་གྱི་ཡིག་རྙིང་སོགས་སུ་སྔ་རབས་ཀྱི་ཐ་སྙད་མང་དག་ཅིག་ཐོན་པ་ལས། ཁ་ཤས་གནས་རི་དང་། ཁ་ཤས་ཡུལ་ལྷ་གཞི་བདག་སོགས་ཀྱི་མིང་ཡིན་པས་ན།  དེ་དག་ཞེས་འདོད་པ་ལ་བོན་གྱི་སྔ་མའི་འཇིག་རྟེན་ལྟ་བ་དང་། རང་བྱུང་ཁམས་ཆེན་པོ་འདི་ལ་བཟུང་བའི་ལྟ་དགོངས་ཅི་ཡིན་ལ་ཞིབ་ཕྲའི་སྐོ་ནས་དབྱེ་ཞིབ་བྱས་ཐོག     དེའི་སྟེང་ནས་དངོས་བྱུང་གནད་དོན་དབྱེ་ཞིབ་བྱེད་དགོས་པ་ལས། མི་སྣ་གང་རུང་དང་ས་ཆ་གང་ཡིན་ཆབ་སྲིད་ལོ་རྒྱུས་ཀྱི་གོ་བབས་ཁོ་ན་དང་འབྲེལ་ཅི་ཐུབ་བྱེད་པ་ནི་ང་ཚོའི་ཤེས་རིག་འཕེལ་རྒྱས་ཀྱི་དུས་རབས་ཤིག་འབྲི་ཐབས་མེད་པའི་སྔ་ལྟས་ལས་མ་འདས།  
            མདོས་དང་གླུད་ཀྱི་ཆོ་ག་ལ་བརྟེན་ནས་གདོད་མའི་དམར་མཆོད་ལ་སོགས་པའི་རིག་གནས་རྒྱབ་ལྗོངས་གསེད་འགྲོལ་བྱེད་ཆོག་ཅིང་།  དེ་དག་ཀྱང་གཏོའི་ཆོ་གའམ་རིག་གནས་དེའི་སྔ་རབས་མཚོན་བྱེད་ཡིན་པ་གསལ་བོར་མངོན།  དམར་མཆོད་ཀྱི་ཆོ་གའི་སྐོར་ལ་ད་དུང་རྩོད་གཞི་མང་ན་ཡང་།  ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་ཤོག་ལ་སོགས་པ་ལས་བོད་དུ་དམར་མཆོད་བྱེད་པའི་སྲོལ་ནི་སངས་རྒྱས་ཆོས་ལུགས་ལའང་ཡོད་དོ་ཞེས་གསུངས་⒂འདུག་པས་ན།  རིག་གནས་སྣང་ཚུལ་འདི་ལ་ད་དུང་དཔྱད་ཞིབ་བྱེད་དགོས་པ་མང་དུ་ཡོད་མོད་ཀྱི།  མ་མཐའ་ཡང་རིག་གཞུང་གི་ངོ་བོའི་ཐད་ནས་གཏོའམ་གཏོ་གཞུང་ཞེས་པ་འདིའི་རིག་གནས་རྒྱབ་ལྗོངས་ཅི་ཞིག་ཡིན་པ་གསལ་བོར་བསྟན་པ་སྟེ།  བླ་བརྟེན་པ་དང་། གླུད་དང་མདོས་སྒྲུབ་པ། བསང་དང་གསོལ་ཀ་སྒྲུབ་པ་སོགས་ནི་གཏོ་གཞུང་གི་རིག་གནས་རྨང་གཞི་ལྟ་བུར་ཆགས་པ་མཚོན་ཡོད་པ་ཤེས་གལ་ཆེའོ།།  
གསུམ། གཏོ་གཞུང་གི་ནང་དོན་དང་རིགས་དབྱེའི་སྐོར་ལ་དཔྱད་པ།  
            གཏོ་གཞུང་གི་རིགས་དང་ནང་དོན་ལ་དེང་གི་ཆར་བོད་སྤྱིའི་གྲུབ་མཐའ་རིས་མེད་ནས་དད་མོས་སམ་དང་ལེན་བྱེད་བཞིན་ཡོད་ཙང་། རིག་གཞུང་ཅན་དང་གོ་རིམ་ཅན་དུ་དབྱེ་བསྡུ་བྱེད་རྒྱུ་ནི་དཀའ་ཁག་ཆེན་པོ་ཞིག་ཡིན་མོད་ཀྱི།  གྲུབ་མཐའ་མི་འདྲ་བའི་ལམ་གྱི་རིམ་པ་ལ་ཁྱད་པར་ཡོད་པ་བཞིན། འགྲོ་སྟངས་ཀྱི་གནད་མི་འདྲ་བ་ལ་དམིགས་ནས་རིགས་དབྱེ་བྱེད་མ་ཐུབ་པ་ཡང་མ་ཡིན། བོན་གྱི་གཞུང་ལུགས་ལྟར་བྱས་ན།  ཐེག་པའི་རིམ་པ་ལ་རིགས་དགུ་རུ་དབྱེ་ཡོད་པ་ལས།  གཏོ་ཆོག་གི་གཞུང་ལུགས་རྣམས་ཕལ་ཆེར་ཕྱྭ་གཤེན་གྱི་ཐེག་པ་དང་། སྣང་གཤེན་གྱི་ཐེག་པ།  སྲིད་གཤེན་གྱི་ཐེག་པ། འཕྲུལ་གཤེན་གྱི་ཐེག་པ་སྟེ་རྒྱུའི་ཐེག་པ་བཞིའི་ཁོངས་སུ་མ་འདུས་པ་མེད་པར་འདོད།  
            དེའི་ཁྲོད་ནས་ཕྱྭ་གཤེན་གྱི་ཐེག་པ་འདི་ཉིད་ནང་དོན་ཁག་བཞི་ལ་དབྱེ་བ་སྟེ།  པྲ་ལྟས་མོ་དང་རྣོ་མཐོང་རྩིས།  ནད་གསོ་གཏོ་དང་འཆི་བསླུ་དཔྱད་བཅས་སོ།།  མོ་རྩིས་གཏོ་དཔྱད་ཀྱི་ཆོ་ག་དེ་ཉིད་ཕྱྭ་གཤེན་གྱི་ཁོངས་ནས་ནང་དོན་སོ་སོར་བརྗོད་པ་ཡིན་ཡང་། གཏོ་གཞུང་གི་སྒྲུབ་རིམ་ལྟར་ན།  གོ་རིམ་ཞིག་དང་སྔ་ཕྱིའི་ཁྱད་པར་ཙམ་ཡིན་པ་སྟེ། ཐོག་མར་མོ་འདེབས་དགོས་པ་དང་། དེ་ནས་རྩིས་ཀྱི་རིམ་པ་སྤེལ་བ། དེ་ནས་གཏོ་བྱེད་པ་དང་། སླར་དཔྱད་བྱེད་པ་ཡིན། གཡུང་དྲུང་བོན་ལུགས་ཀྱི་འདོད་སྟངས་ལྟར་ན།  ཕྱྭ་གཤེན་གྱི་ཐེག་པ་ནི་སྟོན་པ་གཤེན་རབ་དེ་ཉིད་གཤེན་ལོ་གཅིག་ཡིན་པའི་སྐབས་སུ་ཕྱྭ་ཡི་གཤེན་པོ་ལེགས་སྦྱར་ཐང་པོ་ལ་གཉེར་དུ་གཏད་པ་ནས་འཕེལ་བ་ཡིན་པར་བཤད་ལ།  གཙོ་བོ་མོ་རྩིས་གཏོ་དཔྱད་བཞི་ལ་བརྟེན་ནས་སེམས་ཅན་ལ་ཕན་བདེ་སྒྲུབ་ཐབས་བྱེད་པའི་ཐེག་པ་ལ་ཟེར།  མོ་དེ་ལ་ཡང་རིགས་བཞི་ཡོད་པ་སྟེ། ཡེ་སྲིད་འཕྲུལ་གྱི་ཇི་ཐིག     ཡེ་མཁྱེན་སྒྲ་བླའི་མངོན་ཤེས། ཡེ་རྗེ་སྨོན་པའི་རྨི་ལམ།  ཡེ་དབང་ལྷ་ཡི་བཀའ་བབས་དང་།  རྣོ་མཐོང་རྩིས་ཀྱི་བོན་སྐོ་ལ་ཡང་རིགས་བཞི་སྟེ།  གབ་རྩེ་འཕྲུལ་གྱི་མེ་ལོང་།  སྤར་ཁ་སྨེ་བའི་གླིང་སྐོར།  འབྱུང་བ་དུས་ཀྱི་འཁོར་ལོ།  ཇུ་ཞགས་རྟེན་འབྲེལ་ལས་རྩིས། ནད་གསོ་གཏོ་ཡི་བོན་སྒོ་ལ་ཡང་ནང་དོན་རྣམ་པ་བཞི་སྟེ།  འབྱུང་བ་འཁྲུག་པའི་ཡོ་གཏོ།  མདོས་ཆ་རྟེན་འབྲེལ་བརྡོག་གཏོ།  གག་གཉེན་བཟློག་པའི་ཐུན་གཏོ།  མཉམ་ཉིད་གསུར་བའི་བརྗེ་གཏོ་དང་བཞི། འཆི་བསླུ་དཔྱད་ཀྱི་བོན་སྒོ་ལ་ཡང་བཞི་སྟེ།  རྒྱུ་རྐྱེན་མཐོང་ལ་དཔྱད་པ།  ངོས་འཛིན་རྩ་ལ་དཔྱད་པ། ཕན་གནོད་ཆུ་ལ་དཔྱད་པ།  འཆི་སོས་ཁམས་ལ་དཔྱད་པ་དང་བཞི།  ཕྱྭ་གཤེན་གྱི་ཐེག་པ་འདི་ལ་ད་དུང་བསྲུང་བའི་དམ་ཚིག་དགུ་ལ་སོགས་པའི་་སྒོ་ནས་བྱེད་སྒོ་སྤེལ་དགོས་པར་བསྟན་ཡོད་ལ།  《མདོ་དྲི་མེད་གཟིག་བརྗིད་》ཁ་དུམ་པའི་ནང་དུ་ད་དུང་ཕྱྭ་གཤེན་མོ་བཞི་དང་།  ཕྱྭ་སྲིད་སྐོས་གསུམ་ལ་སོགས་པའི་དོན་རྣམས་གསལ་བར་བསྟན་ཡོད་དོ།།  
            སྣང་གཤེན་གྱི་ཐེག་པ་ནི་སྟོན་པ་གཤེན་རབ་དེ་ཉིད་ཀྱིས་སྣང་གཤེན་གཙུག་ཕུད་ལ་གསུངས་ནས་གཉེར་དུ་གཏད་པའི་བོན་གྱི་རིགས་རྣམས་ལ་ངོས་འཛིན་བྱེད་སྲོལ་ཡོད་ཅིང་།  གཙོ་བོ་གྱེར་སྒོ་བཞི་ལ་བརྟེན་ནས་སེམས་ཅན་ལ་ཕན་པའི་ཐབས་སྣ་ཚོགས་ལ་འཇུག་པའི་ཐེག་པ་དེ་ཉིད་ལ་ཟེར།  དེའི་ནང་དོན་རྣམས་གྱེར་སྒོ་བཞི་ཡི་སོ་ནས་བསྟན་པ་སྟེ། ཆབ་ནག་སེལ་གྱི་སྒོ་དང་། ཆབ་དཀར་འདྲེ་ཡི་སྒོ།  འཕན་ཡུལ་གླུད་ཀྱི་སྒོ། དཔོན་གསེས་གཏོ་ཡི་སྒོ་ཞེས་སྒོ་བཞིའི་བྱེད་ལས་དང་ནང་དོན་རྣམས་གསལ་བར་བསྟན་ཡོད། དེ་ལ་ཡང་ཆབ་ནག་སེལ་གྱི་སྒོ་ལ་བཞི་སྟེ།  སྲིད་པ་སྨྲང་ཆེན་སེལ་གྱི་གཞུང་། ཐུགས་ཇར་གཉེན་པོ་ལྷ་ཡི་གཞུང་།  སྒྲ་བླ་ཝེར་མ་དཔའ་ཁྲོམ་གྱི་གཞུང་།   སྲིད་པའི་རྒྱུད་ཆེན་སྨྲང་གི་གཞུང་སྟེ། ཆབ་ནག་ཆུ་བོ་གཞུང་བཞི་ཡང་ཟེར་སྲོལ་ཡོད། དེ་ལས་སྲིད་པ་སྨྲང་ཆེན་སེལ་གྱི་གཞུང་ལ་དབྱེ་བ་བཅུ་གཉིས་ཡོད་དེ།  རྩ་དཀར་འཕེལ་བའི་ཡར་སེལ་བཞི།  རྩ་ནག་འགྲིབ་པའི་མར་སེལ་བཞི།   མཉམ་ཉིད་བསོལ་བའི་སེལ་བཞི་དང་བཅུ་གཉིས།  ཐུགས་དཀར་གཉེན་པོ་ལྷ་ཡི་གཞུང་དེ་ལ་དབྱེ་བ་བཞི་སྟེ་ཡེ་སྲིད་ལྷ་གཞུང་དཀར་པོ། ཡེ་དབང་གཉན་གཞུང་ཁྲ་བོ།  ཡེ་འདུལ་དམག་གཞུང་ནག་པོ། ཐུགས་ཀར་དགུ་ཁྲི་གླིང་མཁར་བཅས་དང་།  དེའི་དང་པོ་ལྷ་གཞུང་དཀར་པོ་ལ་ནང་དོན་ལས་འཁོར་སུམ་བརྒྱ་དྲུག་ཅུ་དང་།  གཉན་གཞུང་ཁྲ་བོ་ལ་ལྷ་འཁོར་ཉིས་བརྒྱ་ལྔ་བཅུ།  དམག་གཞུང་ནག་པོ་ལ་ལྷ་འཁོར་བརྒྱ་དང་རྩ་བརྒྱད།  ཐུགས་ཀར་དགུ་ཁྲི་ལ་ནང་དོན་དེ་དག་ཚང་མ་འདུས་ཡོད། སྒྲ་བླ་ཝེར་མ་དཔའ་ཁྲོམ་གྱི་གཞུང་དེ་ལ་སྒྲ་བླ་གཉན་གཞུང་དང་། ཝེར་མ་རྗེ་གཞུང་། ཅང་སེང་གཉན་གཞུང་། ཤུགས་མགོན་རྫི་གཞུང་བཅས་བཞི་ཡོད།   དེ་དག་གི་ནང་དོན་ལ་ཡང་དབྱེ་བ་ཉི་ཤུ་རྩ་བཞི་སྟེ།  དེ་དག་བསྟེན་ཅིང་མཆོད་པའི་ཚེ་ན།  དཀར་གསུམ་ཕུད་ཀྱིས་མཆོད་པ་དང་། དམར་གསུམ་དོན་གྱིས་གསོལ་དགོས་པ་དང་།  བྱ་བོན་བཅུ་གསུམ་⒃གྱིས་བརྡ་སྐྱེལ་གྱི་བྱེད་ལས་སྒྲུབ་དགོས་པར་བསྟན།  དེ་བཞིན་སྲིད་པའི་རྒྱུད་ཆེན་སྨྲང་གི་གཞུང་ལ་ནང་དོན་བཞི་འདུས་ཏེ། བསྐལ་སྲིད་ཆགས་པའི་གཞུང་ཆེན། སྨོན་ལམ་མཁར་གྱི་གླིང་གཞི སྲིད་པའི་མིའུའི་རྒྱུད་འབུམ། མཚོན་མགོན་སྒྲ་བླའི་གཞུང་ཆེན་བཅས་བཞི་སྟེ།  དེ་ལས་སྲིད་པའི་བྱུང་རབས་དང་།  མི་རྒྱུད་དང་རྒྱལ་རྒྱུད་གྲོལ་བ་སོགས་དང་། བདེན་པའི་སྨྲང་གི་རབས་བསྟན་པ་སོགས་ཀྱི་ནང་དོན་ཡོད་པ་ཡིན་ནོ།།  ཆབ་དཀར་འདྲེ་དང་སྲི་ཡི་སྒོ་དེ་ལ་ཡང་ནང་དོན་རྣམ་པ་མང་དུ་ཡོད་པ་སྟེ།  འདྲེ་དགུ་སྐྱས་འདེབས་དང་སྲི་བཅུ་ཐུར་གནོན་གྱི་ཆོ་ག་སྤེལ་བ་དེ་ལ་ཟེར། སྲིད་པའི་འདྲེ་དགུ་ནི་མཐོ་རུ་མི་སྟེར་དམའ་བའི་འདྲེ། ཡོད་དུ་མི་སྟེར་མེད་པའི་འདྲེ། ཕྱུག་ཏུ་མི་སྟེར་དབུལ་བའི་འདྲེ། ཕན་དུ་མི་སྟེར་རྨོངས་པའི་འདྲེ།   གང་དུ་མི་སྟེར་སྟོང་བའི་འདྲེ། ཆགས་སུ་མི་སྟེར་འཇིག་པའི་འདྲེ།  ཡག་ཏུ་མི་སྟེར་ཉེས་པའི་འདྲེ།   སྐྱིད་དུ་མི་སྟེར་སྡུག་པའི་འདྲེ།  འཕེལ་དུ་མི་སྟེར་འགྲིབ་པའི་འདྲེ་བཅས་དང་།  སྲི་བཅུ་ནི།  ཕོ་སྲི།  མོ་སྲི།  ཆེ་སྲི།  ཆུང་སྲི། དར་སྲི། རྒན་སྲི།  གཞོན་སྲི། ཐབ་སྲི། བྱིས་པའི་སྲི།  བྱུར་གྱི་སྲི་དང་བཅུ་ལ་ཟེར། འདྲེ་དགུ་སྲི་བཅུ་ཡིས་མི་ལ་གནོད་པ་ཕོག་སྐབས་དེ་སེལ་བའི་ཐབས་དྲུག་ཡོད་པ་སྟེ། ནད་རྣམས་དཔྱད་ཀྱིས་སེལ་བ་དང་། རྐྱེན་རྣམས་གཏོ་ཡིས་སེལ་བ། ལྟས་ངན་ཡེ་འགྲོག་མཐུ་ཡིས་བཟློག་པ། གདོན་རིགས་བརྒྱད་ཅུ་སྟོགས་ཀྱིས་འདུལ་བ།   བགེགས་རིགས་སྟོང་ཕྲག་རྣམས་གླུད་ཀྱིས་འཇོམས་པ།  འདྲེ་དགུ་སྲི་བཅུ་སྐྱས་ཀྱིས་འདེབས་ཞེས་བཤད། དེ་ལས་བྱུང་བའི་གཏོ་བཞི་ཞེས་པ་ནི་འདྲེ་དགུ་བསྐྱལ་བའི་སྨྲང་གཏོ།    སྲི་དགུ་གནོད་པའི་སྲི་གཏོ། གག་ཉེན་བཟློག་པའི་ཉེན་གཏོ།  རྟེན་འབྲེལ་སྲིད་པའི་རྩིས་གཏོ་བཅས་ལ་ཟེར་བ་ཡིན། འཕན་ཡུལ་གླུད་ཀྱི་སྒོ་དེ་ལ་ཕོ་གླུད།  མོ་གླུད།  ཆུང་གླུད་བཅས་གསུམ་ཡོད་པ་ལས། དེ་རེ་ལ་ཡང་ནང་གསེས་དབྱེ་བ་བཅུ་རེ་ཡོད། དཔོན་གསེས་ཕྱག་བརྙན་གཏོ་ཡི་སྒོ་དེ་ལ་བཞི་སྟེ།  དབྱིངས་ཀྱི་ལྷ་ཚོགས་ཚོགས་ཀྱིས་མཆོད།  མཁའ་ཡི་དབལ་མོ་བསྐང་གིས་བསྐང་།   ཀློང་གི་དམ་ཅན་རྟེན་གྱིས་བརྟེན། ས་བདག་ཀླུ་གཉན་གཏོ་ཡིས་བཅོས་ཞེས་པ་རྣམས་ཡིན། དེ་ཡང་སྟོང་གསུམ་འཁྲུག་པའི་ཡོ་བཅོས་དང་།  འབྱུང་བ་འཁྲུག་པའི་འགྲམ་བཅོས།  ཡེ་ངམ་འཁྲུག་པའི་བསྡུམ་བཅོས། ས་བདག་སྨེ་བའི་གླིང་བཅོས། གླུ་གཉན་གཏོད་ཀྱི་འགྲམ་བཅོས། སྣང་སྲིད་ཁ་བསྐང་ཞི་བཅོས་བཅས་ཐབས་མི་འདྲ་བའི་སྟེང་ནས་བཅོས་དསོས།  དེའི་ནང་དུ་སྐད་གཅོང་དགུ་⒄ལ་སོགས་པའི་རྐྱེན་འཛོམས་དགོས་པའི་སྐབས་ཀྱང་ཡོད་དོ།།སྣང་གཤེན་ཐེག་པའི་གཞུང་དེ་ལ་ད་དུང་དམ་ཚིག་དགུའི་སྒོ་ནས་ལག་ལེན་བསྟར་དགོས་པ་སོགས་ཞིབ་ཏུ་《གསང་བ་བསེན་ཐུབ་》ཅེས་པའི་བོན་གཞུང་ན་གསལ་ལོ།།  
            སྲིད་གཤེན་གྱི་ཐེག་པ་ནི་སྟོན་པ་གཤེན་རབ་ཀྱིས་གཤེན་ལོ་བཞི་བཞེས་པའི་སྐབས་སུ་སྲིད་གཤེན་གཙུག་ཕུད་ལ་གཉེར་དུ་གཏད་ནས་དར་བར་བཤད་ལ། གཙོ་བོ་གཤིན་པོའམ་ཤི་བོའི་བླ་ཡིད་སེམས་གསུམ་བདེ་གནས་ལ་འགོད་པའི་ཐབས་ལ་བརྟེན་ནས་འཇུག་པའི་ཐེག་པ་ལ་ཟེར།  འདི་ལས་ཤེ་ཐབས་བརྒྱད་ཅུ་རྩ་གཅིག་དང་།  དེ་འདུ་བར་བྱེད་པའི་ཐབས་ཞེས་སུམ་བརྒྱ་དྲུག་ཅུའི་སོ་ནས་གྲུབ་པ་སྟེ།  གཞུང་ཁ་ཅིག་ཏུ་བླ་དང་ཡིད་དང་སེམས་གསུམ་ཐ་དད་པའི་ངོ་བོ་རུ་ངོས་འཛིན་བྱས་ཏེ། དཔེ་དོན་གྱི་སྒོ་ནས་སེམས་ནི་མེ་དང་འདྲ།  ཡིད་ནི་མེ་འོད་དང་འདྲ།  བླ་ནི་དུ་བ་དང་འདྲ་ཞེས་པའམ། 《འགྲེལ་བཞི་》ལས། བླ་ནི་སེམས་ཀྱི་ཆོ་འཕྲུལ་ཡིན།།   ཡིད་ནི་སེམས་ཀྱི་འཕྲོ་འདུ་ཡིན།། སེམས་ནི་ཀུན་གཞིའི་གདལ་ཁྱབ་ཡིན།། མེ་དང་མེ་འོད་དུ་བ་འདྲ།།  ཞེས་གསུངས་ཡོད།  དེའི་སྐོར་ཞིབ་ཕྲ་ད་དུང་《མདོ་དྲི་མེད་གཟི་བརྗིད་》ག་དུམ་པ་རུ་གསལ་བས་མང་དུ་མི་སྤྲོའོ།།  
            འཕྲུལ་གཤེན་གྱི་ཐེག་པ་ནི་སྟོན་པ་གཤེན་རབ་དེ་ཉིད་གཤེན་ལོ་གསུམ་བཞེས་པའི་སྐབས་སུ་འཕྲུལ་གཤེན་གཙུག་ཕུད་ཞུ་བ་ལ་གཉེར་དུ་གཏད་ནས་འཕེལ་རྒྱས་བྱུང་བ་ཡིན་པར་འདོད།  གཙོ་བོ་ཡི་དམ་གྱི་ལྷ་དང་སྲུང་མའི་མཐུ་དཔུང་བསྐུལ་ཏེ་བོན་གྱི་བསྟན་པ་དང་། སེམས་ཅན་ལ་གནོད་འཚེ་གཏོང་བའི་དགྲ་བགེགས་སྒྲོལ་བྱེད་ཀྱི་ཐབས་ཀྱི་ཐེག་པ་ལ་ཟེར་བ་དང་། ཐེག་པ་འདི་ལ་སྤྱི་དོན་གསུམ་དུ་འདུ་བ་ནི་བསྙེན་པ་དང་། སྒྲུབ་པ། ལས་སྦྱོར་དང་གསུམ་སྟེ། དོན་གནད་དེ་དག་ནི་སྟོན་པ་གཤེན་རབ་ཀྱིས་བོན་ལུགས་ལ་དག་བཅོས་དང་བྱེད་ཐབས་གསར་བ་མཛད་པའི་བདེན་དཔང་ཞིག་ཏུ་ཡང་མངོན། ཐེག་པ་འདི་ཡི་རིམ་པ་ལས་བསྙེན་སྒྲུབ་ལས་གསུམ་གྱི་སྒོ་ནས་རྐྱེན་དང་བར་ཆོད་སེལ་བ་དང་། འཇིག་རྟེན་དྲེག་པ་ཅན་དབང་དུ་བསྡུ་བ་དང་དགྲ་བགེགས་ལོག་ལྟ་ཚར་གཅོད་པ་དང་། ཁྱད་པར་དུ་རྫུ་འཕྲུལ་བཅུ་གསུམ་⒅གྱིས་བསྒྲལ་བའི་ཞིང་བཅུ་⒆ལ་སོགས་པའི་འགལ་རྐྱེན་སེལ་བར་བྱེད་པ་ཡིན་ནོ།།  
            ཐེག་པའི་རིམ་པ་དགུ་བོ་དེ་ལ་དབྱེ་སྟངས་གསུམ་ཡོད་པ། ལྷོ་གཏེར་དང་། བྱང་གཏེར། དབུས་གཏེར་གྱི་ལུགས་གསུམ་དང་།  དེ་གསུམ་རིགས་བསྡུ་བྱེད་སྟངས་གསུམ་ཡོད་པ་ཡང་རྒྱུའི་ཐེག་པ་དང་།  འབྲས་བུའི་ཐེག་པ།  རྫོགས་ཆེན་སྒོམ་སྒྲུབ་ཀྱི་ཐེག་པ་བཅས་སུ་ངོས་འཛིན་པ་ཡིན་ལ།  དེའི་ཁྲོད་ནས་རིག་གནས་ཀྱི་སྣང་ཚུལ་ལམ་རྣམ་པ་སྔ་ཤོས་རྒྱུའི་ཐེག་པའམ་རྒྱུའི་བོན་པོ་རྣམས་ཡིན་ཞིང་། དེ་ནི་དུས་ཚུགས་གཏན་འཁེལ་དུ་ངོས་འཛིན་ཐབས་མེད་ཀྱང་སྟོན་པ་གཤེན་རབས་ཀྱི་ཡར་སྔོན་ནམ། ཡང་ན་བོད་ཀྱི་ཆེས་གདོད་མའི་རིག་གནས་ཀྱི་རྣམ་པ་ཡིན་པ་ནི་གཏོ་གཞུང་དེ་དག་གི་ནང་དོན་གྲུབ་སྟངས་དང་བརྗོད་གཞི་སྤེལ་སྟངས་ཀྱི་ངོས་ནས་བདེན་དཔང་བྱེད་ཆོག    དེ་ལ་ད་དུང་སྣང་གཤེན་བལ་ཐོད་ཅན་དང་།  འཕྲུལ་གཤེན་བལ་ཚོན་ཅན།  ཕྱྭ་གཤེན་ཇུ་ཐིག་ཅན།  དུར་གཤེན་མཚོན་ཆ་ཅན་ཟེར་བ་སོགས་བྱེད་ལས་སམ་དོན་གྱི་སྙིང་བོའི་སྟེང་གི་འབོད་སྟངས་མི་འདྲ་བ་ཡང་ཡོད།  
            མཁར་རྨེའུ་བསམ་གཏན་ལགས་ཀྱི་ཕྱོགས་བསྡུ་བྱས་པ་ལྟར་ན།  བོད་ཀྱི་གཏོའི་རིགས་ལ་གཉེན་སྒྲིག་བྱེད་སྐབས་ཀྱི་ཆོ་གའི་གཏོ་དང་། རུས་རྒྱུད་འཕེལ་བའི་གཏོ།  ཚེ་རིང་དུ་འཕེལ་བའི་གཏོ།  ལོངས་སྤྱོད་འཕེལ་བའི་གཏོ། རླུང་རྟ་འཕེལ་བའི་གཏོ། བར་ཆད་སེལ་བའི་གཏོ། ལོ་ལེགས་ཡོང་བའི་གཏོ།  འདས་མཆོད་ཀྱི་ཆོ་གའི་གཏོ་བཅས་ཡོད་པར་བསྟན་ཡོད་ཅིང་།  དེ་དག་སྤེལ་སྐབས་དང་པོ་དུག་ཕྱུང་བྱེད་པ་དང་།  གཉིས་པ་ཚན་ཁྲུས།  གསུམ་པ་མནོལ་བསང་བྱེད་པ་བཅས་རིམ་པ་གསུམ་གྱི་སྐོ་ནས་འགྲོ་དགོས་པར་བསྟན་ཡོད།   ཡིག་ཆ་རྙིང་གྲས་《བསྒྲགས་པ་རིན་ཆེན་གླིང་གྲགས་》⒇ལས་བསྟན་པ་ལྟར་ན།  ཐོག་མའི་བོན་གྱི་གཏོ་གཞུང་ནི་ལྷ་བོན་སྒོ་བཞི་ཞེས་པ་རྣམས་ཡིན་པ་སྟེ།  ཡིག་རྙིང་དེ་ལས་ཐ་སྙད་དེ་དག་གི་བྱུང་ཁུངས་གསལ་བཤད་བྱས་པ་ནི།   བློན་པོ་ཟི་ནམ་སྟག་གུ་ན་རེ།   རྗེའི་སྐུ་སྲུང་ལ་གཤེན་པོ་གཅིག་གཙང་རིགས་ལྷ་གསོལ་བ་ལ་བཞག་པས་ལྷའི་བཀའ་ཆད་མི་འོང་།    གཞན་ལ་སྤྱུགས་པས་ཆབ་སྲིད་ལ་རང་དབང་ཡོང་བས་བཀའ་གྲོས་སྙུར་ཅིག་སྐད་དོ།།    གྲུ་ཞ་གནམ་གསས་ན་རེ།  བོན་ཤོས་ཀྱི་ལྷ་བོན་སྐོ་བཞི་སྐུ་སྲུང་ལ་བརྟན་པར་མ་བཞག་ན། རྒྱལ་པོ་ཡང་སྐུ་མི་རྟག་པའི་ཉེས་ཆེ།   ལར་ཡང་གྲོས་དེ་འདྲ་ཞིག་བྱས་པ་གདའ་བས་ལྷ་བོན་སྒོ་བཞི་འདི་སྟོན་པའི་སྐུ་གཤེན་གཅིག་མེད་ན་ལྷ་རྒོད་ལྕམ་རུ་མཐུར་བར་མཆིའོ། ། ཞེས་གླེངས་སོ། ཞེས་པ་སོགས་བོད་ཀྱི་གནའ་བོའི་རྒྱལ་པོ་གྲི་གུམ་བཙན་པོའི་དུས་སུ་བྱུང་བའི་ལོ་རྒྱུས་ལས་ལྷ་བོན་སྒོ་བཞི་ཞེས་པའི་བརྡ་ཆད་དེ་བྱུང་བ་ཤིན་ཏུ་གསལ།  
            བོན་གཞུང་རྣམས་སྒོ་བཞི་མཛོད་དང་ལྔའི་དབྱེ་སྲོལ་དེ་ལྟར་ན།   ཆབ་དཀར་དང་།   ཆབ་ནག   འཕན་ཡུལ།  དཔོན་གསས་དང་མཐོ་ཐོག་(21)ཅེས་ལྔ་སྟེ།  གཏོ་གཞུང་གི་ནང་དོན་རྣམས་ནི་ཆབ་ནག་གི་ཁོངས་སུ་འདུ་བ་ཡིན། ཆབ་ནག་གི་སྐོར་གྱི་ནང་དོན་གཙོ་བོ་སྨྲང་དང་ཆོ་གའི་སྐོར་ཡིན།   དེ་བཞིན་ཆབ་དཀར་གྱི་གཞུང་ལ་ནི་གསང་བ་སྔགས་ཕྱོགས་འདུ་བ་དང་།  འཕན་ཡུལ་ལ་ནི་འདུལ་ཁྲིམས་སྐོར་འདུ་བ།   དཔོན་གསས་ལ་ནི་བློ་སྦྱོང་དང་སྒོམ་སྒྲུབ་ཀྱི་སྐོར་རྣམས་འདུ་བ་དང་།  མཐོ་ཐོག་གི་ནང་དོན་ལ་དེ་དག་ཐམས་ཅད་ཀྱི་ནང་དོན་འདུ་བར་བཤད། དེའི་ཁྲོད་དུ་ཆབ་དཀར་གྱི་གཞུང་རྣམས་སྔགས་ཕྱོགས་ཀྱི་ནང་དོན་ཡིན་པ་དང་།   འཕན་ཡུལ་གྱི་གཞུང་རྣམས་མདོ་ཕྱོགས་ཀྱི་ནང་དོན་ཡིན་པ་སོགས་ཤཱཀྱའི་དགོངས་དོན་གཙོ་བོར་འཛིན་པའི་ནང་བསྟན་གྱི་ལྟ་དགོངས་ཁྲོད་དུ་བྱུང་བའི་ཐ་སྙད་རྣམས་དང་འབོད་སྟངས་ནས་ནང་དོན་བར་མཚུངས་པའི་ཆ་མང་དུ་ཡོད།《མདོ་གཟེར་མིག་》ལྟར་ན།  མན་ངག་ལུང་གི་བོན་ནི་ཉུང་ལ་འདུས་པས་ལུང་།  དཔོན་གསས་སྡེ་རུ་བྲིས་ནས་གསེར་གྱི་གླེགས་བམ་ནང་དུ་བཅུག  སྲིད་པ་རྒྱུད་ཀྱི་བོན་ནི་མང་ལ་འབྲེལ་བའི་རྒྱུད།  ཆབ་ནག་སྡེ་རུ་བྲིས་ནས་ལྕགས་ཀྱི་གླེགས་བམ་ནང་དུ་བཅུག  རྒྱས་པ་འབུམ་གྱི་བོན་ནི་དོན་ལས་རྒྱས་ཤིང་བསྡུས་པས་འབུམ།  འཕེན་ཡུལ་སྡེ་རུ་བྲིས་ནས་ཟངས་ཀྱི་གླེགས་བམ་ནང་དུ་བཅུག  ནག་པོ་བསྔགས་ཀྱི་བོན་ནི་དོན་ལ་སྔགས་པའི་བསྔགས།  ཆབ་དཀར་སྡེ་རུ་བྲིས་ནས་དབུལ་གྱི་གླེགས་བམ་ནང་དུ་བཅུག་ཅེས་བརྗོད་པ་བཞིན་ཆབ་དཀར་དང་།  ཆབ་ནག  འཕན་ཡུལ། དཔོན་གསས་ལ་སོགས་པ་ནི་གཞུང་ལུགས་དེ་དག་ལེགས་སྒྲིག་བྱེད་ཡུལ་གྱི་གནས་ཀྱི་མིང་གཞུང་ལ་ཐོགས་པར་ངེས་འདུག    གཞན་ཡང་ཐ་སྙད་དེ་དག་ཐོན་དོན་ལ་《སྲིད་པ་རྒྱུད་ཀྱི་ཁ་བྱང་》(22)དུ་གཏམ་རྒྱུད་ཐུང་ཐུང་ཞིག་བཀོད་ཡོད་དེ།   བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་པ་ལ་རྨི་ལྟས་ཀྱི་ལམ་ནས་བོན་སྒོ་བཞི་མཛོད་ལྔ་བསྣུབས་མི་ཉན་པའི་བརྡ་བསྟན་པ་ལྟ་བུའོ།། 
            གཞན་ཡང་གཏོ་ཐབས་སུམ་བརྒྱ་དྲུག་ཅུའི་དབྱེ་བ་འབྱེད་སྟངས་བྱས་ན། འབྱུང་འཁྲུག་བཅོས་ཐབས་དྲུག་ཅུ་སྟེ་གླིང་བཞི་སྤྱི་མདོས་དང་ཀླུ་གཉན་ས་བདག་གི་རྟེན་འཛུགས་སོགས་དང་། འཁྲུགས་པ་གནས་སུ་སྙོམས་པའི་གཏོ་ཐབས་དྲུག་ཅུ་སྟེ་ས་བདག་འཁྲུགས་བཅོས་དང་སྟོང་གསུམ་ཡོ་བཅོས།   སྡེ་བརྒྱད་འགྲམ་སྡུམ་སོགས་དང་། ཧོས་ཆ་རྟེན་འབྲེལ་བརྟག་པའི་གཏོ་ཐབས་དྲུག་སྟེ།   སྟོང་རྒྱུང་གི་བླ་བསུ་སོགས་དང་།  བབ་ཕུར་ཡུལ་གཉེན་ཟློག་པའི་གཏོ་ཐབས་དྲུག་ཅུ་སྟེ།   གྲི་ཁ་མཚོན་སྒྱུར། སྤྱང་ཁ་ཕྱི་བསྒྱུར། འདྲེ་དགུ་སྐྱེས་འདེབས་སོགས་དང་། པྲ་མཚན་རིག་པ་བསྣུན་པའི་གཏོ་ཐབས་དྲུག་ཅུ་སྟེ། མི་ནག་མགོ་གསུམ། རྨི་ལམ་གཏོ་སྒྱུར། ཤ་བ་རུ་མདོས། ལྟས་ངན་བརྒྱ་རྩའི་མདོས་སོགས་དང་། མཉམ་ཉིད་གསུར་བའི་གཏོ་ཐབས་དྲུག་ཅུ་སྟེ།    གཤིན་རྗེའི་ཚང་མདོས། སྤར་ཁའི་ཟམ་མདོས། མ་མོའི་ཁྲག་མདོས་སོགས་ཏེ་ཁྱོན་བསྡོམས་སུམ་བརྒྱ་དྲུག་ཅུ་ཡིན།  
            ད་དུང་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་གཏོ་ཡི་བོན་སོ་ལས་ནང་གསེས་དབྱེ་བ་དྲུག་ཅུ་རྩ་ལྔ་ཡོད་པར་བཤད་དེ།   དེ་དག་ནི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དེ་ཉིད་ཡེ་སངས་སྲིད་པའི་རྒྱལ་པོའི་རོལ་རྩལ་ལ་བརྟེན་ནས་བཀའ་ལ་འཁོར་བའི་ཚོགས་སུ་སྐུ་གླུད་མདོས་ཆེན་ལ་སོགས་པ་ཕུལ་ནས་ལོ་སྐོར་དང་། བདུན་ཟུར། བཞི་གཤེད།  ཀག་བབ་པ་དང་སྤར་ཁམས། སྨེ་བ་བབ་པ། དགྲ་གཤེད་རྩུབ་པ་སོགས་ཆག་ཉམ་བྱུང་བ་ཐམས་ཅད་དགི་ཕྱོགས་སུ་བསྒྱུར་བའི་གཏོ་བཅོས་རྣམས་ལ་ཟེར་བ་ཡིན། བོན་གྱི་ལོ་རྒྱུས་འཕེལ་རིམ་ནང་དུ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དེ་ཉིད་རྒྱ་ལག་འོད་མ་ཞེས་པའི་གྲོང་ཁྱེར་ཞིག་ཏུ་བཞུགས་ཡོད་པར་བཤད་ཅིང་། གྲོང་དེ་གཡུང་དྲུང་དགུ་བརྩེགས་ཞེས་པའི་བོན་གྱིས་དམིགས་བསལ་དུ་འདོད་བཞིན་པའི་གནས་ཁྱད་པར་ཅན་དེའི་ནུབ་ཕྱོགས་སུ་གནས་ཡོད་པར་འདོད། གཡུང་དྲུང་དགུ་བརྩེགས་ཞེས་པའི་བརྩེགས་པ་རེ་རེ་ཡིས་བོན་གྱི་ཐེག་པ་རིམ་པ་དགུ་ལས་ཐེག་པ་རེ་རེ་མཚོན་པ་ཡང་ཡིག་རྙིང་ལ་ལའི་ནང་ཅུང་གསལ་བོར་བརྗོད་ཡོད་ལ། རི་བོ་དེའི་རྩེ་མོ་ཆུ་འེལ་གྱིས་བརྒྱན་ཟེར་བ་ཡང་དོན་ལ་གངས་ཀྱིས་བཏུམས་པའི་རྣམ་པ་དེ་མཚོན་པ་ཡིན་པ་མ་ཟད། རི་བོ་དེའི་ཕྱོགས་བཞི་ནས་ཁ་འབབ་ཆུ་བོ་བཞི་བཞུར་བཞིན་པ་སོགས་བསྟན་པ་དེ་ཡིས་དོན་ལ་རི་དེ་སྟོད་ཀྱི་གངས་དཀར་ཏི་སེ་ལས་འདའ་རྒྱུ་མེད་ཅིང་། དེ་ཡང་ཕུག་དེད་ན་བོན་ལུགས་ཀྱི་འོལ་མོ་ལུང་རིང་ཞེས་པའི་ལྟེ་བ་ཁོ་ན་ཡིན་པ་གསལ་བ་དེས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞུ་བ་འདི་ཉིད་ཞང་ཞུང་ཡུལ་གྱི་མི་སྣ་གང་རུང་ཞིག་ཡིན་པ་གཏན་འཁེལ་ཟིན་པར་ངེས།  
            བོན་ལུགས་ལྟར་ན། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ནི་རྒྱ་ནག་གི་རྒྱལ་པོ་ཞིག་ཡིན་ལ།  ཁོང་ནི་སྟོན་པ་གཤེན་རབ་ཀྱི་ཐུགས་སྲས་གཙོ་བོའི་གྲལ་ཡང་ཡིན། ཁོང་གིས་སྟག་གཟིགས་འོལ་མོ་ལུང་རིང་གི་ནུབ་ཕྱོགས་སུ་གནས་པའི་རྒྱ་མཚོའི་ཐོག་ཏུ་རྫུ་འཕྲུལ་ལ་བརྟེན་ནས་ཁང་པ་ཞིག་བཞེངས་པ་དང་། དེའི་ནང་དུ་སྟོན་པ་གཤེན་རབ་ཀྱི་སློབ་བུའི་འཁོར་ཚོགས་འདུས་ནས་སྟོན་པའི་བཀའ་བསྡུ་སྒྲིག་བྱས་ཚུལ་སོགས་འཁོད་ཡོད། སྟོན་པའི་བཀའ་བསྡུ་སྒྲིག་བྱས་པའི་ལོ་རྒྱུས་མཚོན་བྱེད་གཅིག་ནི་གོང་དུ་གླེང་བའི་གཏོ་ཡི་བོན་སྒོ་དྲུག་ཅུ་རྩ་ལྔ་སོགས་ཀྱིས་མཚོན་པ་སྟེ། དེ་དག་རེ་རེ་ནས་བརྗོད་ན།    1.དབུས་སུ་བཤོས་བུ་ཟླུམ་པོ་ལ་བཤོས་བུ་བརྒྱད་ཀྱིས་བསྐོར་ལ་ཀོང་ཙེའི་མདོས། 2.རི་རབ་སྟེང་དུ་གནམ་ལོ་བདུན་ཟུར་རྟ་ལ་བསྐྱོན་པ་གཤེད་མདོས། 3.དཀར་གཏོར་དབུས་སུ་བཞག་པ་གླིང་བཞི་སྤྱི་མདོས། 4.རུས་སྤལ་སྟེང་དུ་བཤོས་བུ་དྲུག་བཞག་པ་ཡོ་བཅོས་མདོས། 5.རུས་སྦལ་སྟེང་དུ་གནམ་ལོ་དབུས་སུ་བཞུགས་པའི་སྨེ་བ་བསྐྱོན་པ་སྒམ་ཆིང་མདོས། 6.དབུས་སུ་མི་ལུས་ཟླ་བདག་མགོ་ཅན་ལོ་སྐོར་བཅུ་གཉིས་བསྐོར་བ་ཟླ་ནག་བཅོས་མདོས། 7.སྤར་ཁ་བརྒྱད་ཀྱི་གཟུགས་རང་གནས་བཀོད་ལ་སྦྱིན་བདག་སྤར་ཁ་གང་ཡིན་གྱིས་གོས་བཀོན་པ་གཏོ་བརྒྱད་མདོས། 8.མི་དཀར་ལྷ་གཡག་ལ་ཞོན་པ་བཤོས་བུ་བརྒྱད་ཀྱིས་བསྐོར་བ་ལྷ་ཡི་མདོས། 9.མི་ནག་ར་རོག་ལ་ཞོན་པ་ཐེའུ་རང་མདོས།10.མ་མོ་འབྲུག་ལ་ཞོན་པ་ལག་ན་མདའ་དར་འཛིན་པ་མ་མོའི་མདོས།   ll.གླང་ཆེན་ལ་ངར་མི་ཞོན་པ་བེར་དོང་གསེར་ཐེབ་གྱོན་པ་ལག་ན་འགྱིང་དཀར་འཛིན་པ་དེ་ལ་ངར་མི་ཞྭ་གྱོན་བརྒྱད་ཀྱིས་བསྐོར་བ་རྒྱལ་མདོས། 12.མི་དམར་རྟ་དམར་ཞོན་པ་ཁ་བཞི་མིག་བརྒྱད་ཡོད་པ་ཅིག་བཞག་པ་བཙན་མདོས། 13.བདུད་མི་ནག་རྟ་ནག་ལ་ཞོན་པ་དར་ནག་དུང་འཛིན་པ་ལ་མི་ནག་བཞི་ཡིས་བསྐོར་བ་བདུད་ཀྱི་ཞག་དཀྲོལ་མདོས། 14.ངར་མི་སྣ་ཚོགས་ཀྱིས་རྟ་སྣ་ཚོགས་ཞོན་པ་གཡབ་དར་ཞགས་པ་ཐོགས་པ་བརྒྱད་བྱས་པ་སྡེ་བརྒྱད་བཟློག་མདོས།   l5.བུད་མེད་ཕག་གི་མགོ་ཅན་ལ་བུད་མེད་བརྒྱད་ཀྱིས་བསྐོར་ཏེ་རང་ཐག་འཕང་ལོ་ཐེ་ཁོ་ཤ་ཁྲག་རྫ་མ་ལུང་དགུ་སོགས་ཀྱིས་སྤྲས་པ་བསེན་མོའམ་འདྲེ་མོ་བཀར་ཡས་མདོས། 16.ངར་མི་རི་བོང་ལ་ཞོན་པ་ལག་ན་སེར་བ་གཅིག་བཞག་པ་ལོ་ཐོག་གནོད་འཚེ་མདོས། 17.བུད་མེད་ནག་མོ་ཁྲག་གི་རལ་པ་ཅན་བཞག་པ་མ་མོ་ཁྲག་མདོས།18. རྟ་ནག་ལ་མི་ནག་བསྐྱོན་པ་གཡས་སྟག་རལ་གཡོན་གཟིག་ཤུབ་ལག་ན་གྲི་བཟུང་བ་གཅིག་བཞག་པ་གྲེ་བོའི་མདོས། 19. དེ་མཐུན་པའི་བུད་མེད་ཞགས་པ་གྲེ་མོའི་མདོས།20.གླང་སྣ་ལ་སྤུ་གྲི་ཐོག་པ་ངར་མི་བསྐྱོད་པ་གཅིག་གཞག་པ་གླང་ཆེན་སྣ་བསྒྱུར་མདོས། 21སྤྱང་ཀི་ངར་མི་བསྐྱོན་པ་གཅིག་བཞག་ན་སྤྱང་ཁ་ཕྱིར་བསྒྱུར་མདོས། 22.བྱིས་གཟུགས་ཁ་དོག་མི་འདྲ་བ་ཉེར་ལྔ་ལ་བྱིས་སྤུས་བརྒྱན་པ་ལ་ངར་མི་གླུད་བཞག་པ་བྱིས་ཆུང་འཕུར་མདོས། 23.ངར་མི་ཆེ་བ་གཅིག་ལ་ཆུང་བ་བཅུ་གཉིས་ཀྱིས་བསྐོར་བ་རལ་བུ་འཆང་བུ་བྱས་ན་སྲིའུ་གསོ་བའི་མདོས། 24.ངར་མི་དམར་པོ་གཡས་དམར་གཏོར་གཡོན་ཁྲག་རྐོང་འཛིན་པ་ཟན་དུམ་བརྒྱན་པ་ཟ་འདྲེ་བཀར་བའི་མདོས། 25.རྔ་མོང་ལ་མི་ནག་ཞྭ་ནག་གྱོན་པ་གཅིག་བཞག་ན་ལྟས་ངན་བརྒྱད་ཅུའི་མདོས། 26.ས་བདག་འཁྲུགས་བཅོས་མདོས་ལ་རུ་སྦལ་གནམ་ལོ་བསྐྱོན།27.སྟོང་གསུམ་འཁྲུག་མདོས་མ་ཡོ་བཅོས་ལ་གཏོར་མ་བྱ་ཁྱི་ནག་མ་བསྐྱོན། 28.ཐན་རིགས་གང་བྱུང་ན་གཏོ་མདོས་དབུས་སུ་བཞག་ན་ཐན་བཟློག་མདོས།  29.གླང་ཕག་སྦྲུལ་མགོ་ཅན་མདོག་ནག་གཡས་ཁྲམ་ཤིང་གཡོན་ཞགས་པ་ཅན་ལ་གཤེད་རྗེའི་མདོས། 30.མཁར་ཐབ་སྟེང་དུ་མི་ནག་ཅན་གཡས་ཁྲམ་ཤིང་གཡོན་ཞགས་པ་ཅན་མི་ནག་བརྒྱད་ཀྱིས་བསྐོར་བ་བྱ་ནག་ཞུང་ལ་ལྡིང་བ་ཁྱི་ནག་བརྒྱབ་ལ་ཁྱི་རས་བདུད་ཞལ་བསྒྱུར་མདོས། 31.ཀླུ་སྔོན་སྦྲུལ་མགོ་བདུན་པོ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ་ཀླུ་མདོས། 32.ཁྱབ་འཇུག་གཟུགས་ལ་གཟའ་བརྒྱད་ཀྱི་བཤོས་བུའི་བསྐོར་བ་གཟའ་མདོས། 33.བུད་མེད་བྲ་མཆུ་ལ་བུད་མེད་དགུ་བསྐོར་བ་མི་ཁའི་མདོས། 35.མི་ནག་རྟ་ནག་ཞོན་པ་དགུ་བུད་མེད་མྱ་ངན་ཁང་བར་ཞུགས་པ་མྱ་ངན་དགུ་མདོས། 36.སྒྲུབ་པ་པོ་རང་གཟུགས་ལ་དཀར་གཏོར་ཡས་སྟག་དབུས་སུ་བཞག་པ་གཤེན་པོ་རང་གླུད་མདོས། 37.བྱི་སྦའི་རང་གཟུགས་ལ་མི་ཆུང་བདུན་གྱིས་བསྐོར་བ་བྱིས་སྦའི་འཕྲུལ་མདོས། 38.མར་མེ་བཅུ་གསུམ་ངར་གླུད་དོན་ནས་གཏོང་བའི་མར་མེ་དོན་ཐར་མདོས། 39.ངར་མི་མི་དམར་རལ་པ་ཅན་ལ་ངར་མི་བརྒྱད་ཀྱིས་བསྐོར་བ་ཤི་འདྲེ་བཀར་ཡས་མདོས། 40.ངར་མི་གཅིག་ལ་བྱ་ལྔ་ཁྲ་ལྔ་གཡས་གཡོན་ལ་བཞག་ལ་ཆུང་སྲིད་བཀག་མདོས། 41.བྱིས་སྦས་གཟུགས་ལ་སྡེ་བརྒྱད་བཤོས་བུའི་བསྐོར་བ་ཆུང་གླུད་མདོས། 42.མི་ལུས་གླང་མགོ་ལ་ངར་མི་གླུད་རང་གཟུགས་བཅོ་བརྒྱད་ཀྱིས་བསྐོར་བ་གདོན་ཆེན་བཅོ་ལྔ་བདུད་བཟློག་མདོས། 43. མི་གཟུགས་མདོག་ནག་ལྔ་སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་རླབས་པ་འཆི་བསླུ་མདོས། 44.ངར་མི་ནག་པོ་བརྒྱད་ཕྱོགས་མཚམས་བསྐྱལ་བ་གདོན་དཀྲོལ་མདོས། 45.ངར་མི་གླུད་བཟུང་བ་གཅིག་རྡེལ་ནག་ཤོ་རྡེལ་བཞག་པ་ཡུལ་མདོས། 46.ནོར་ཕྱུགས་ལ་རང་གཟུགས་བསྐོར་བ་ཕྱུགས་གླུད་མདོས།47.སྦྱིན་བདག་རང་གཟུགས་ལ་ཚེར་མས་བྲབ་ལ་ནད་སྤོས་གདོན་སྤོས་མདོས།48.ནད་པའི་གཟུགས་ལ་འབྱུང་བ་ལྔའི་ལྷ་རྗེ་བོས་ཚུལ་དུར་མདོས། 49.བུད་མེད་རལ་པ་དམར་པོ་ལ་འཁོར་བཅུ་གསུམ་བསྐོར་བ་ནད་བདག་སྟོང་འཇོམས་མདོས། 50.ལམ་རྒྱ་གྲམ་ས་ལ་རྟ་སྤུ་བསྲེས་རྟ་གཟུགས་བྱས་ལ་རྟ་གླུད་མདོས། 5l.མི་ནག་རྟ་ནག་ཕག་སྦྲུལ་སྤྲེལ་གྱིས་བསྐོར་བ་གྲིབ་སེལ་དར་དཀར་མདོས།  52.རྫ་ནག་ནང་དུ་མི་ནག་མགོ་པ་ལག་ན་ཐལ་མོ་བརྡབ་པ་རྨི་ལམ་གཏོར་བསྒྱུར་མདོས། 53.ངར་མི་གཟུགས་ཕྲ་ལ་སྲབ་པ་བཅུ་གསུམ་གྱིས་བསྐོར་བ་བསེ་རག་བཀར་ཡས་མདོས། 54.མི་ནག་མགོ་གསུམ་པ་སེང་གེ་ཞོན་པ་སྡེ་བརྒྱད་སྐྱ་མི་བརྒྱད་ཀྱིས་བསྐོར་བ་ལྷ་འདྲེ་ཁྲམ་བསྒྱུར་མདོས། 55.དཀྱིལ་འཁོར་གང་འཛོམ་དེས་ཆུང་ལ་མར་མེ་འཆང་བུ་ངར་གླུད་གཏེར་མ་འཐེབ་ཀྱུ་ཤ་དུམ་བརྒྱ་རྩ་ངར་མི་རྫོངས་པ་དཀྱིལ་འཁོར་ཞལ་བསྒྱུར་མདོས། 56.བུད་མེད་སྔོ་ནག་འཇིགས་ཚུལ་ལ་གཏོར་མ་ངར་གླུད་བཅུ་གསུམ་བྱས་ལ་ཁ་འབར་མ་མདོས། 57.ངར་མི་དཀར་སེར་དམར་ནག་བཞི་ཁྲམ་ཤིང་ཞགས་པ་འཛིན་པ་ལ་གཏོར་མ་ངར་གླུད་ཐེབ་ཀྱུས་བྱ་བ་བརྒྱད་བརྒྱ་བཞིའི་མདོས།  58.ངར་གླུད་ལས་བཤོས་ཏིང་ལོ་མར་མེ་རྡོ་དཀར་ནག་དགུ་འཇུགས་པ་དགུ་ཡིས་བསྐོར་བ་དགུ་མིག་མདོས། 59.སྨེ་བ་དགུ་སྤར་ཁ་བརྒྱད་ལོ་སྐོར་བཅུ་གཉིས་གཟའ་སྐར་སོགས་རང་གཟུགས་ཀྱིས་བསྐོར་བ་སྤར་ཁའི་སྤུང་མདོས། 60.སྤར་ཁའི་རང་གཟུགས་རུས་སྦལ་ལ་བསྐྱོན་པ་སྤར་ཁའི་སྒེར་མདོས། 61.སྤར་ཁ་གང་འདུག་ཁ་དོག་ཕྱག་རྒྱ་བྲིས་པའི་ཐོག་ཏུ་གླུད་ཕོ་མོ་བཞག་པ་ཟམ་ནས་བརྒལ་ན་ཟམ་བསྐོས་མདོས། 62.བུད་མེད་དྲེལ་ལ་ཞོན་པ་དམར་གཏོར་བརྒྱད་ཀྱིས་བསྐོར་བ་སུན་བཟློག 63.དམར་གཏོར་ལ་འུག་པས་བསྐོར་བ་འུག་གཏོ་མདོས། 64.དམར་གཏོར་ལྦ་ཡི་མགོ་རྒྱན་ལྦ་བཟློག་མདོས།  65.བཅའ་ཐབས་དངོས་གསལ་བརྒྱ་དང་ཉེར་ལྔ་ཡོད་པ་གཏོ་སྒྲོ་ཆེན་པོ་བཅས་སོ།། དེ་དག་གི་སྐོར་ནི་རྒན་དོན་འགྲུབ་ལྷ་རྒྱལ་ལགས་ཀྱིས་གཙོ་སྒྲིག་གནང་བའི་《བོན་གྱི་ཤེས་རིག་ཚིག་མཛོད་》ཅེས་པའི་ནང་དུ་ཡང་བཀོད་ཡོད་དོ།།  
            དེ་བཞིན་གཏོ་གཞུང་གི་ནང་དོན་ལ་ད་དུང་གཏོ་བཞི་ཞེས་ནང་དོན་རྣམ་པ་བཞི་རུ་འདུ་ཐབས་ཀྱང་ཡོད་པ་སྟེ།  རྩ་དཀར་འཕེལ་བའི་ཡར་གཏོ་ཞེས་པ་མི་རྒྱུད་འཕེལ་བའི་གཏོ་རིགས་དང་། རྩ་ནག་འགྲིབ་པའི་མར་གཏོ། འདྲེ་སྲིན་བཀར་བའི་བྱུར་གཏོ། ལྷ་སྲིན་སྡུམ་པའི་བྱུར་གཏོ་བཅས་དང་། ད་དུང་དཀར་པོ་ཚངས་པ་ལས་ཀྱི་གཏོ། ནག་པོ་ས་བདག་ཀླུ་གཉན་གྱི་གཏོ། དམར་པོ་དམེ་མནོལ་ཐོག་གི་གཏོ།   ཁྲ་བོ་སྲིད་པ་ཡོ་བཅོས་ཀྱི་གཏོ་བཅས་གཏོ་རིགས་བཞི་རུ་བསྡུ་སྟངས་ཀྱང་ཡོད་དོ།།  
བཞི། གཏོ་གཞུང་སྤྱིའི་ཁྱད་ཆོས།  
            གཏོ་ཡི་གཞུང་སྤྱི་ལ་ཐུན་མོང་གི་རིགས་འདྲའི་ཁྱད་ཆོས་དམིགས་བསལ་ཁག་གཉིས་ཡོད་པ་སྟེ། གཅིག་ནས་གཏོ་གཞུང་གི་བྱུང་རིམ་ལ་ཐུན་མོང་རིགས་འདྲའི་གོ་རིམ་ཡོད་པ་དང་། གཉིས་པ་ནི་གཏོ་ཡི་ཆོ་ག་སྤེལ་མཁན་གང་ཟག་དེས་རང་ཉིད་ཀྱི་ཆེ་བ་བརྗོད་པ་ལ་བརྟེན་ནས་ཕ་རོལ་གནོད་གཏོང་མཁན་དེ་ཉིད་དབང་དུ་འདུ་ཐབས་བྱེད་པ་དེ་ཡིན།  
            བྱུང་རིམ་གྱི་ཐད་ནས་བལྟས་ན། ཐོག་མར་བྱུང་རབས་ཀྱི་སྐོར་བཤད་པ་སྟེ། དེ་ལ་ལོ་རྒྱུས་སྟེང་སྒྲུང་ལྡེའུ་བོན་གསུམ་ཞེས་པའི་ནང་གི་སྒྲུང་ཞེས་པའི་སོ་དོན་ངེས་ཅན་ལྡན་པ་རྟོགས་སླ། 《མིའུ་རིགས་བཞི་ལྷ་སེལ་ལས་མཆོད་རྒྱས་པ་བཞུགས་པ་ལེགས་སོ་》ཞེས་པའི་གཞུང་ལྟར་ན། ཐོག་མར་དཔོན་གསས་ལྷའི་ལུང་། ཕཱ་དཔལ་གསས་ཀྱི་བཀའ། གཡུང་དྲུང་སྲིད་པའི་བོན། ཞེས་ཐོག་མར་གཏམ་རྒྱུད་ཀྱི་ཁུངས་བཙུན་ཚུལ་དང་། ཡབ་མེས་ཀྱི་བྱུང་རབས་ལ་སོགས་པ་བསྟན་པའི་སྒོ་ནས་དམིགས་བསལ་གྱི་དོན་སྙིང་ལྡན་པ་ཡབ་མེས་སམ་ལྷ་དེ་ཉིད་ཀྱི་བཞུགས་གནས་དང་། ལུས་ཀྱི་ཆ་བྱད། འོག་གི་ཞོན་རྟ་ལ་སོགས་པའི་གནས་ཚུལ་གསལ་བོར་བརྗོད་ཡོད།  
            རིམ་པ་གཉིས་པའི་སྐབས་སུ་སྤྱན་འདྲེན་བྱེད་པ་སྟེ།  དཔེར་ན། གོང་གི་གཏོ་ཡིག་དེ་ལས།  ཁུ་བྱུག་སྔོན་མོའི་གསུང་དབྱངས་བསྒྲགས།། ལྷའི་སྙན་དུ་འདོད་རྒུ་ཐོས།།   སྲིད་པ་གུང་སངས་སྐུ་བཞེངས་པ།། དམེའི་མནོལ་བ་འགྱོད་དེ་བཤགས།།  སྤོས་དཀར་དུད་པས་དམེ་བསང་ནས།།  ལྷ་ནི་སྤྱན་འདྲེན་གནས་འདིར་བྱོན།།  རྟེན་དུ་མདའ་བཟང་བྱ་རྒོད་དང་།།  གཡུ་ཤུག་སྔོན་པོ་རྟེན་དུ་བཙུགས།།  ལྷ་ཡིས་མགོན་སྐྱོབ་མི་ལ་བྱ།  དུང་གི་སྟེགས་བུ་ཁ་ལ་བྱོན།།  དེ་ལ་ལྷ་བོན་ཐོད་དཀར་གྱིས།།  ལྷ་བསང་མཆོད་དགུས་ལྷ་ཡང་གསོལ།།  ལྷ་ནི་སྤྱན་འདྲེན་གཤེགས་སུ་གསོལ།།  ཞེས་པ་ལ་སོགས།  
            རིམ་པ་གསུམ་པའི་ནང་དུ་ལས་བཅོལ་ཞུ་བའམ་རྟེན་འཛུགས་པ་སྟེ། གོང་གི་གཏོ་གཞུང་དེ་ལས། དེ་ལྟར་ལས་ལ་རྟེན་བཙུགས་པས།  ལྷའི་སྐུ་རྟེན་མཛོད། གསས་ཀྱི་འགྱིང་རྟེན་མཛོད།  ལེའུ་གུའི་ཚེ་རྟེན་མཛོད། སྐུའི་མཁར་པ་མཛོད། གསུང་གི་རྒྱལ་མཚན་མཛོད། ཐུགས་ཀྱི་རི་བོ་མཛོད།  གནམ་གྱི་ཀ་བ་མཛོད། ས་ཡི་ལྟེ་བ་མཛོད། རི་རབ་ལྷུན་པོའི་སྲོག་ཤིང་མཛོད། ཅེས་དང་།  
            རིམ་པ་བཞི་བར་མཆོད་གསོལ་བྱེད་པའམ་བསྐང་གསོལ་ཞུ་བ་སྟེ།  གོང་གི་གཏོ་གཞུང་ལས།  དུང་གི་འབྲང་རྒྱས་གསུམ། ཤེལ་ལུག་དུང་ར་ཅན། སྨན་བཤོས་ཉ་མིག་ཅན། འབྲས་ཀྱི་བསང་ལུག་རྟེན། གསས་རྗེ་རུ་བཞི་དབུས་དང་ལྔ་། རྩི་བཅུད་མར་གྱི་ཡ་གད་ཅན། དཀར་གསུམ་མངར་གསུམ་འབྲུ་བཅུད་བརྒྱན། ཐར་བཤོས་གྲུ་བཞི་ཉ་མིག་ལ། དཀར་མངར་བུ་རམ་ཕུད་ཀྱི་བརྒྱན།  ཡེ་ཤེས་ལྷ་ལ་གསོལ་དུ་འདྲེན། བལ་གྱི་བུ་རམ་དང་། མོན་གྱི་རྒུན་འབྲུམ་དང་།  རྒྱའི་ཇ་དང་། ཧོར་གྱི་ཁ་ཆང་དང་། སྟག་གཟིག་བདུད་རྩི་དང་། ཁ་ཆེའི་འབྲས་ཆང་དང་། ཞང་ཞུང་གི་གཡུ་འབྲང་དང་། བོད་ཀྱི་ནས་ཆང་དང་། དཀར་གསུམ་ཕུད་དང་མངར་གསུམ་རྩི།།  ཞིམ་བཅུད་སྨན་ཕུད་བདུད་རྩི་དང་།།  གསས་རྗེ་རུ་བཞི་དབུས་དང་ལྔ་།།  ལྕམ་དྲལ་རང་རང་འཁོལ་བཅས་དང་།།  སྟོང་གསུམ་མགོན་ལྷ་དཀར་པོ་དང་།།  སྲིད་གསུམ་གཤེན་ལྷ་འོད་དཀར་དང་།།ཁམས་གསུམ་འོད་ལྷ་སངས་པོ་དང་།།  ཡེ་སྲིད་སངས་པོ་འབུམ་ཁྲི་དང་།།   ཕོ་ལྷ་དུང་དཀར་ནང་བཞུགས་དང་།།མོ་ལྷ་མཆོང་དཀར་ནང་བཞུགས་དང་།། ཞང་ལྷ་གསེར་མཁར་ནང་བཞུགས་དང་།།  སྤྱི་ལྷ་དངུལ་མཁར་ནང་བཞུགས་དང་།།  དགྲ་ལྷ་ལྕགས་མཁར་ནང་བཞུགས་དང་།།ཕུ་ལྷ་ལྕམ་དྲལ་འཁོར་བཅས་ལ།། གཙང་མར་བཤམས་པའི་འབྲང་རྒྱས་ལ།།  བདུད་རྩི་སྨན་ཕུད་བཅུད་ཀྱིས་གསོལ།།སྔར་བཅོལ་ལས་ཀྱི་གཏང་རག་དང་།།  ད་བཅོལ་ལས་ཀྱི་བསྐུལ་མ་དང་།།  ཕྱི་བཅོལ་ལས་ཀྱི་ནན་ཏན་དང་།།གསོལ་ཅིང་མཆོད་པའི་མཉེས་སྐོང་ནས།།  ཅི་བསམས་ཐམས་ཅད་རེ་བ་བསྐོངས། ཞེས་པ་ལྟ་བུ་དང་།།  དེ་བཞིན་གྱི་བོན་གྱི་གཏོ་གཞུང་གཞན་ལས།། བསྟེན་ནི་དཀར་གསུམ་ཕུད་ཀྱིས་མཆོད།། གསོལ་ནི་དམར་གསུམ་དོན་གྱིས་གསོལ།། མཆོད་ནི་བདུད་རྩི་སྨན་གྱིས་མཆོད།། དགྲ་སྡང་འདུལ་བའི་གཉེན་པོར་མཆོད།། བསྟན་པ་སྲུང་བའི་སྲུང་མར་མཆོད།།མདའ་མདུང་རལ་གྲི་རྟེན་དུ་འཛུགས། གསེར་གཡུ་རིན་ཆེན་རྟེན་དུ་འཛུགས།།  སྒྲ་བླ་དཔའ་བའི་མངའ་ཡང་གསོལ།།  བྱ་བོན་བཅུ་གསུམ་འཕྲིན་ཡང་སྐྱོལ་ཞེས་བརྗོད་པ་བཞིན་ནོ།། བསྐང་གསོལ་གྱི་ཚན་པ་དེ་གཏོ་གཞུང་གང་ཡིན་ཡང་ཅུང་རྒྱས་ཙམ་ཡོད་པ་དང་།  ནང་དོན་ཡང་མང་ཤོས་སུ་གཏོགས་ཡོད།  
            རིམ་པར་ལྔ་བར་བཀྲ་ཤིས་གསོལ་བ་སྟེ།  ཡེ་ཤེས་སྔ་ཡི་དཀྱིལ་འཁོར་ནས།། མཁའ་འགྱིང་དཀར་བོའི་བཀྲ་ཤིས་གང་ལེགས་པ།། དེང་འདིར་གསལ་ཞིང་བཀྲ་ཤིས་བདེ་ལེགས་ཤོག། ཅེས་ལ་སོགས་པ་དང་།  
            རིམ་པ་དྲུག་པའི་ནང་ནས་སྨོན་ལམ་བྱ་བ་སྟེ། དགེ་བ་སྟོབས་ཆེ་སྨོན་ལམ་མཐའ་བཙན་པར་གྱུར་ཅིག  ཡུལ་ཕྱོགས་སུ་བཀྲ་ཤིས། ས་ཕྱོགས་སུ་བྱིན་ཆེ་བར་གྱུར་ཅིག    དུས་ཀྱི་འཁྲུག་པ་ཞི་ནས།  འཇིག་རྟེན་ལོངས་སྤྱོད་ལྡན་པར་ཤོག    བཀྲ་ཤིས་པར་ཤོག་ཞེས་མཇུག་བསྡུ་བ་ཡིན་ནོ།།  
            གཏོའི་ཆོ་ག་སྤེལ་བའི་སྐབས་སུ་རིམ་པ་བཞི་བརྒྱུད་དགོས་པ་སྟེ།  མོ་འདེབས་པ་དང་།  རྩིས་བྱེད་པ། གཏོ་སྒྲུབ་པ།  སླར་དཔྱད་འདེབས་པ་སྟེ། དེའི་སྐོར་གྱི་ནང་དོན་ཞིབ་ཕྲ་གོང་དུ་གླེང་ཟིན་པ་དེ་ལྟར་དང་། ལག་ལེན་གྱི་སོ་རིམ་ཁྲོད་དུ་ཡང་དང་པོ་དུག་ཕྱུང་བ་དང་།  དེ་ནས་ཚན་ཁྲུས་བྱེད་པ།  དེ་ནས་མནོལ་བསང་བྱེད་པ་སྟེ་རིམ་པ་བཞིན་ལག་ལེན་བྱེད་དགོས་པ་ཡིན།  
            མདོར་ན།   གཏོ་ཆོག་གམ་གཏོའི་གཞུང་ལུགས་དེ་དག་ནི་བོད་ཀྱི་ཆེས་སྔ་རབས་ཀྱི་རིག་གནས་སྣང་ཚུལ་མཚོན་བྱེད་ཡིན་ཞིང་།  དེའི་རིན་ཐང་སྔོག་འདོན་དང་།   འབྲེལ་ཡོད་ཡིག་ཆ་འགྲེལ་ཀློག་ཞིབ་མོ་བྱེད་རྒྱུ་ནི་དེང་གི་བོད་རིག་པ་ཞིབ་འཇུག་གི་འོས་འགན་དུ་གྲུབ་ཡོད་པ་མ་ཟད། དེ་བཞིན་བོན་གྱི་ཤེས་རིག་ཞིབ་འཇུག་པ་རྣམས་ཀྱིས་ངེས་པར་མཁྱེན་དགོས་པའི་གནད་གལ་ཆེན་ཞིག་ཏུ་ཆགས་ཟིན་ཞེས་སྐུལ་འབོད་ཡང་ཡང་བྱས་པ་ཡིན་ནོ།།
            མཆན་འགྲེལ།
            ① རྩོམ་ཡིག་འདི་ནི་རྒྱལ་ཁབ་སློབ་གསོ་པུའུ་ཡི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྣམ་གྲངས་《བོན་གྱི་གླེགས་བམ་འཚོལ་ཞིབ་དང་རིགས་དབྱེའི་སྐོར་གྱི་དཔྱད་ཞིབ་》 (ལས་གཞིའི་རྣམ་གྲངས་12YJC870007) དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྣམ་གྲངས་《བོན་གྱི་བཀའ་བརྟེན་འགྱུར་ལས་བྱུང་བའི་གནའ་བོའི་བརྡ་ཆད་དཔྱད་ཞིབ》 (ས་གཞིའི་རྣམ་གྲངས་12CTQ020) བཅས་ཀྱི་ལས་ཚན་ཡན་ལག་གཅིག་ཡིན།
            ② སྟོན་པ་རབས་དགུ་ཞེས་པ་ནི་བོན་ལུགས་ཀྱི་འངོད་སྟངས་ལྟར་བསྐལ་ཆེན་གཅིག་གི་ཁོངས་སུ་བྱོན་པའི་འགྲོ་བ་འདུལ་བའི་སྟོན་པ་བསྟན་པ་སྟེ། སྣང་བ་རང་འབྱུང་ཐུགས་རྗེ་ཅན་ཚེ་ལོ་འབུམ་གྱི་སྟོན་པ་ཡིན་པ་དང་། འཁོར་བ་ཀུན་འདྲེན་ནི་ཚེ་ལོ་བརྒྱད་ཁྲིའི་སྟོན་པ་ཡིན། ཀུན་ཤེས་ཉོན་མོངས་དུག་བསྲེག་ནི་ཚེ་ལོ་དྲུག་ཁྲིའི་སྟོན་པ་དང་། ལེགས་པ་ཚད་མེད་ཐུགས་རྗེ་ནི་ཚེ་ལོ་བཞི་ཁྲིའི་སྟོན་པ་ཡིན།  ཐམས་ཅད་མཁྱེན་གཟིགས་ཚེ་ལོ་ཉིས་ཁྲིའི་སྟོན་པ་དང་། བྱམས་པ་ཀུན་ཤེས་ཚེ་ལོ་གཅིག་ཁྲིའི་སྟོན་པ་ཡིན། གཏོ་རྒྱལ་ཡེ་མཁྱེན་ཚེ་ལོ་སྟོང་གི་སྟོན་པ་དང་། སྟོན་པ་གཤེན་རབ་ནི་ཚེ་ལོ་བརྒྱ་བའི་སྟོན་པ་སྟེ་དེང་གི་སྟོན་པ་ཡིན། འཆི་མེད་བྱམས་ལྡན་ནི་ཚེ་ལོ་བཅུ་བའི་སྟོན་པ་རུ་འདོད་པ་ཡིན་ནོ།།
            ③ སྟོན་པ་གཏོ་རྒྱལ་ཡེ་མཁྱེན་ཞེས་པ་ནི་སྟོན་པའི་གཙོ་འཁོར་ལྔ་ཡོད་པའི་ནང་གསེས་གཅིག་སྟེ། གཙོ་བོ་སྟོན་པ་གཤེན་རབ་མི་བོ་དང་། འཁོར་མཚན་ལྡན་ཁྱེའུ་བཞི་སྟེ། ཡིད་ཀྱི་ཁྱའུ་ཆུང་། གཏོ་བུ་འབུམ་སངས། གསས་བུ་རྨ་ལོ། གསས་བུ་གཡུ་ལོ་བཅས་ལ་ཟེར་བ་ཡིན།
            ④ Yasuhiko Nagano;1;samten G.Karmay  《A Lexicon of Zhangzhung and Bonpo Terms》2003ལོར་ཉི་ཧོང་རྒྱལ་ཁབ་ཏུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད་པའི་དཔེ་ཆའི་ནང་གཏོ་ཞེས་པའི་ཐ་སྙད་ལ་གོ་དོན་གཉིས་བཀོང་ཡོད་པ་ནི། 1.ཕན་བྱེད་ཀྱི་ཐབས་དང་ནུས་པ་ལེགས་ཆ་བཅས། 2.གནོད་པ་བཅོས་ཤིང་ལྷ་འདྲེ་ལ་བརྔན་ཡོན་འབུལ་བའི་ཆོ་ག་ཞིག་ཞེས་བཤད་ཡོད།
            ⑤ ནམ་མཁའི་ནོར་བུས་བརྩམས་པའི་《ཞང་བོད་ལོ་རྒྱུས་ཏི་སིའི་འོང་》ཞེས་པའི་ཤོག་ངོས་ l25ན་གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་ l996ལོར་དཔར་སྐྲུན་འགྲེམས་སྤེལ་བྱས། ཁོང་གི་དགོངས་པ་ལྟར་ན། མི་རྣམས་གཏོད་ཀྱི་གནས་ཚུལ་དེ་རིགས་ལ་རྨོངས་པའི་དབང་གིས་བྱ་བ་དང་སྤྱོད་ལམ་ཉེས་པའི་སྒོ་ནས་གཏོད་ཀྱི་རིགས་གང་རུང་ལ་ཕོག་ཐུག་ཤོར་རྐྱེན་གྱིས་གཏོད་གྱི་རིགས་རྣམས་ཁྲོས་ཤིང་འཁྲུགས་ཏེ་བྱད་ཁ་དང་རྦོད་གཏོང་སོགས་བྱུང་བ་ཟློག་ཐབས་ལ་གཏོའ་ཤེས་རིག་འདི་དར་བ་ཡིན་པར་བཤད་ཡོད།
            ⑥ ཡིག་རྙིང་དེ་བཞི་ནི་བོད་ལྗོངས་མཚོ་སྨད་རྫོང་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ཡི་མཆོང་རྟེན་ནས་ཐོན་པ་ཡིན་ཞིང་། དེའི་ནང་སྲིང་པ་རྒྱུད་ཀྱི་བོན་པོའི་ཁྱད་ཆོས་ཤིན་ཏུ་གསལ་བའི་མི་སྣ་བདུད་བོན་དྲེང་ནག་ཆུ་ལྕགས་ཞུ་བ་དང་།  ཐར་བོན་དྲུ་སྐྱོལ།  གླུང་བོན་ངག་སྙན། དྲི་བོན་ར་ལྗགས་སྐྱི་རྒྱལ་སོགས་བྱུང་བ་ལས།  སྔ་མ་གསུམ་གྱིས་གླུད་གཏོང་གི་ཆོ་ག་སྤེལ་བའི་ནང་དོན་རྣམས་སྟོན་བཞིན་ཡོད་པ་དང་།  ཕྱི་མ་དེ་ཡིས་མནོལ་དྲི་འདུལ་ཐབས་གྱི་ཆོ་གའི་རྣམ་བཤད་སྟོན་བཞིན་པ་ཡིན་ནོ། །
            ⑦ ཕུ་རིའི་ཡིག་རྙིང་ནི་2002ལོར་བོད་ལྗོངས་སྙེ་ལམ་ས་ཆ་ནས་གསར་རྙེད་བྱུང་ཞིང་། 2007ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཡིག་ཚགས་ཆེད་མཁས་པ་རྣམས་ཀྱིས་ཐོག་མར་དཔྱང་ཞིབ་དང་དབྱེ་བསྡུ་བྱས། ད་ཆ་བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་ཉར།
            ⑧ ཉིས་སྟོང་བཅུ་ལོའི་ཟླ་དྲུག་པར་ལན་ཀྲུའུ་སློབ་གྲྭ་ཆེན་མོའི་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་སློབ་དཔོན་ཆེན་མོ་འབྲུག་ཐར་ལགས་ཀྱིས་འགོ་ཁྲིད་གནང་ནས་མདའ་ཚང་ཡུལ་དུ་རིག་གནས་རྟོགས་ཞིབ་བྱས་པ་དང་། དེ་ཁུལ་གྱི་རྐ་ངོགས་ཁུང་ལུང་རིང་སྡེ་བ་ནས་བོན་གྱི་གཏོ་གཞུང་བཅུ་གསུམ་དང་། ལིས་ཇེ་སྡེ་བ་ནས་གླེགས་བམ་དྲུག  ཞིན་ཁྲིན་ཙི་ཞིན་ཕེན་སྡེ་བ་ནས་གླེགས་བམ་བརྒྱད། ལོའུ་སྒང་ཐིག་སྡེ་བ་ནས་གླེགས་བམ་གཅིག   ནན་ཧི་ཧྲང་ཀྲང་ལྦན་སྡེ་བ་ནས་གླེགས་བམ་གསུམ་རྙེད་ཡོད་ཅིང་། རྣམ་གྲངས་དང་རྣམ་པ་སྣ་ཚོགས་པའི་ཡིག་ཆ་དེ་དག་ནི་བྱུང་བ་སྔ་ཞིང་། འགྲེལ་ཀློག་བྱེད་ཁག་པོ་ཡོད་ན་ཡང་། ནང་དོན་རྣམས་ནི་བོན་གྱི་གཏོ་ཆོག་གི་གཞུང་ཡིན་པ་ཤིན་ཏུ་གསལ། 
            ⑨ ནམ་མཁའི་ནོར་བུས་བརྩམས་པའི་《ཞང་བོད་ལོ་རྒྱུས་ཏི་སིའི་འོད་》ཅེས་པའི་ཤོག་ངོས་124ན་གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་1996ལོར་དཔར་སྐྲུན་འགྲེམས་སྤེལ་བྱས།
            ⑩ བོན་ལུགས་ཀྱི་དཔེ་གཞུང་རྙིང་པ་སྣ་རིང་ཞིག་ཡིན་ཞིང་། སྡེ་དགེའི་དཔར་གཞི་དེའི་མིང་ཆ་ཚང་ལ་《གཙང་མ་ཀླུ་འབུམ་དཀར་པོ་》ཞེས་བཀོད་འདུག  དེའི་ཤོག་ངོས་66ན་གསལ།
            ⑾ ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་《གསང་སྔགས་ཁྲིད་དང་སྨོན་ལམ་རྣམ་གསུམ་སོགས་ཀྱི་འགྲེལ་བ་》ཡི་ནང་དུ་གསལ།
            ⑿ 《མཁར་རྨེའུ་བསམ་གཏན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས》 (སྨད་ཆ་) སོག་ངོས་163ན་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2007ལོར་དཔར་སྐྲུན་འགྲེམས་སྤེལ་བྱས།
            ⒀ 《འཇང་གླིང་གཡུལ་འགྱེད་》དུ་དེ་ལྟར་བྲིས་ཡོད་ཅིང་། མཁར་རྨེའུ་བསམ་གཏན་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། དུས་རབས་ཉི་ཤུ་བའི་དུས་འགོ་ཙམ་ལ་བྱོན་པའི་དམར་རོང་དབང་ཆེན་ཉི་མ་ཞེས་པ་དེས་མཛད་པའི་《སྨིན་ལིས་》ཞེས་པའི་ཡིག་ཆའི་ནང་དུ་ཡང་དེ་ལྟར་བྲིས་ཡོད་པར་བཤད།
            ⒁ ཕལ་ཆེར་དུས་རབས་བཅུ་བའི་བ་ཡས་མས་སུ་བྱོན་པའི་དྲེ་སྟོན་རྒྱལ་མཚན་དཔལ་ཞུ་བའི་ཡིག་ཆ་《བཀའ་ལུང་སྤྱིའི་འགྲེལ་བ་བོན་སྒོ་གསལ་བྱེད་》ཞེས་པ་དང་། 《མཁར་རྨེའུ་བསམ་གཏན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་》 (སྨད་ཆ་) ཤོག་ངོས་ 131སོགས་སུ་དེ་ལྟར་བཀོད་ཡོད།
            ⒂ 《མཁར་རྨེའུ་བསམ་གཏན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་》 (སྟོད་ཆ།) ཤོག་ངོས་l90ན་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2007ལོར་དཔར་སྐྲུན་འགྲེམས་སྤེལ་བྱས།
            ⒃ བྱ་བོན་འཕྲིན་པ་བཅུ་གསུམ་ནི་བོན་གྱི་འཕྲིན་སྐྱེལ་མཁན་གྱི་བྱ་རིགས་བཅུ་གསུམ་སྟེ། ཁུ་བྱུག་དང་། ཅོ་ག ཁྲུང་ཁྲུང་། ཐེ་བ།  ཁུག་རྟ། ཕ་ཝང་། ཁྱིམ་བྱ། བྱ་ཝང་། གོང་མོ། དུང་ཁྲ། པུ་ཤུང་། བྱ་མ་བྱིལ། ནེ་ཙོ་བཅས་ལ་ཟེར། འདི་དག་གི་སྐོར་མདོ་དྲི་མེད་གཟི་བརྗིད་ལས་མང་དུ་གསུང་ཡོད་ཅིང་།  སྔ་མའི་འདབ་ཆགས་བྱ་རིགས་ཀྱི་བྱུང་བ་བརྗོད་པའི་ཡིག་ཆ་སོགས་ན་ཡང་འདི་དག་གི་སྐོར་ཡོད།
            ⒄ སྐད་གཅོང་དགུ་ནི། གཡུ་འབྲུག་ངར་སྐད། ཁྱུང་མོའི་འཚེར་སྐད། ངང་མོའི་སྟོང་སྐད། རྨ་བྱའི་སྒྲོ་སྐད། ཁུ་བྱུག་གསུང་སྐད། ཅོ་གའི་འགྱུར་སྐད། ནེ་ཙོའི་གཅོང་སྐད། ཕོ་རོག་གི་ལྟོ་སྐད། སྟག་སྦྲང་གི་གཅོང་སྐད་དང་དགུའོ།།
            ⒅ རྫུ་འཕྲུལ་བཅུ་གསུམ་ཞེས་པ་ནི། གེ་ལ་དམིགས་པའི་རྫུ་འཕྲུལ་བདུན་ཏེ། བསད་གསོ་གཉིས། དབབ་སྤྱད་གཉིས། ལྟས་ངན་ཆོ་འཕྲུལ་གཉིས། ཇག་ཆིང་དང་བདུན། བགེགས་ལ་དམིགས་པ་བཞི་ནི། མནན་གཟིར་གཉིས། བཀར་བསྲེག་གཉིས་དང་བཞི། བོན་ཉིད་ལ་དམིགས་པ་གཉིས་ནི་བདག་དོན་གཉིས་དང་བཅས་མཉམ་དུ་རྫུ་འཕྲུལ་བཅུ་གསུམ་ཞེས་འབོད་པ་ཡིན་ནོ།།
            ⒆ བསྒྲལ་བའི་ཞིང་བཅུ་ནི། བསྟན་པའི་སྤྱི་དགྲ བླ་མའི་སྐུ་དགྲ སྒྲུབ་གཤེན་སྒོས་དགྲ བསྟན་པ་ཁྱད་དུ་གསོད་པ། བཀའ་དམ་ལས་འགལ་བ། གཤེན་གྱི་དཀོར་ལ་རློམ་པ། མ་ཉེས་སྟབས་ལ་གཅོད་པ། བྱང་ཆུབ་སྒྲུབ་པ་ལ་བར་ཆད་བྱེད་པ། སེམས་ཅན་ཡོངས་ལ་གནོད་པ། སྲིད་པའི་གཏོ་ལ་འགལ་བ་དང་བཅུའོ།།
            ⒇ དཔེ་རྙིང་འདི་ནི་བོན་ལུགས་སུ་གྲགས་པའི་རྒྱུད་འབུམ་གྱི་ནང་དོན་ཏེ། འདི་ལ་ད་བར་པར་གཞི་མི་འདྲ་བ་ཁག་གསུམ་བྱུང་བ་ལ། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་བོན་གྱི་ཤེས་རིག་ཞིབ་འཇུག་པ་རྒན་དོན་འགྲུབ་ལྷ་རྒྱལ་ལགས་ཀྱིས་དཔྱད་ཞིབ་བྱས་ཡོད་པས་ན་དེ་ལ་གཟིགས་པར་འཚར།
            (21) བརྗོད་སྟངས་གཞན་ལ། 1.དཔོན་གསས་མན་ངག་ལུང་གི་བོན་དང་མོ་རྩིས་གཏོ་དཔྱད་ཀྱི་བོན། 2.རྫོགས་ཆེན་གྱི་གཞུང་། 3.ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་དང་ཆབ་དཀར་དྲག་པོ་སྔགས་ཀྱི་བོན། 4.འཕན་ཡུལ་རྒྱས་པ་འབུམ་གྱི་བོན་དང་ཕར་ཕྱིན་ཐེག་པའི་གཞུང་། 5.མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་དང་སྣང་སྲིད་ཆགས་འཇིགས་སྟོན་པའི་བོན་དང་ལྔའོ།།
            (22) ཡིག་རྙིང་འདིའི་ཁ་བྱང་ཡོངས་ལ་《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ་》ཞེས་བཤད་ཅིང་། མཛད་པ་པོ་ནི་ཁོད་པོ་བློ་གྲོས་ཐོགས་མེད་དམ་མཚན་གཞན་གྱེར་ཐོགས་མེད་ཞུ་བ་དེ་ཡིས་1310ལོར་གཏེར་ནས་བཞེས་པའི་ཡིག་རྙིང་ཞིག་ཡིན། འདིར་ལག་སོན་བྱུང་བའི་དཔྱད་གཞི་ནི་སྣ་རིང་བསྐྱར་དཔར་མ་ཞིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1