ཞི་ཅིན་ཕིང་གིས་ཨ་རིའི་མཐོ་འབྲིང་སློབ་མར་འཕྲིན་ལན་བསྐུར་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-23



            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་དབྱི་ལོ་ནོ་དབྱི་མངའ་སྡེའི་ནར་སི་བྱང་མའི་མཐོ་འབྲིང་གི་སློབ་མར་འཕྲིན་ལན་བསྐུར་གནང་ནས། སློབ་གྲོགས་ཚོས་ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་པའི་སྐུལ་མ་གནང་ཡོད་པ་རེད། དེའི་གོང་། ནར་སི་བྱང་མའི་མཐོ་འབྲིང་གི་རྒྱ་ཡིག་འཛིན་གྲྭའི་སློབ་མ་༤༠ལྷག་གིས་རྒྱ་ཡིག་གི་ཐོག་ནས་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས། ཞི་ཅིན་ཕིང་གི་ཕྱག་ལས་དང་། འཚོ་བའི་གནས་ཚུལ། དེ་བཞིན་ཁོང་མི་སྒེར་གྱི་དགའ་ཕྱོགས་སོགས་བཀའ་འདྲི་ཞུས་ཡོད་པ་དང་། ཁོ་ཚོས་རྒྱ་ཡིག་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་རྒྱ་སྐད་དང་རྒྱ་ཡིག རོལ་དབྱངས་དང་རྒྱ་ཟས་ལ་དགའ་པོ་ཡོད་པས། ཀྲུང་གོར་ལྟ་སྐོར་དང་འཚམས་འདྲི་ཞུ་བར་ཡོང་རྒྱུའི་གོ་སྐབས་ཡོང་བའི་རེ་བ་ཡོད་ལུགས་འཁོད་ཡོད་པ་རེད།
            ཞི་ཅིན་ཕིང་གིས་ནར་སི་བྱང་མའི་མཐོ་འབྲིང་གི་སློབ་མ་རྣམས་ལ་འཕྲིན་ལན་བསྐུར་གནང་བ་དང་། ཁོང་གིས། ཁྱེད་ཚོས་འཕྲིན་ཡིག་བསྐུར་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ངས་འཕྲིན་ཡིག་གི་ནང་ནས་ཁྱེད་ཚོས་རྒྱ་ཡིག་ལ་དགའ་ཞེན་ཡོད་པ་དང་ཀྲུང་ཧྭ་རིག་གནས་ལ་དགའ་མོས་ཡོད་པའི་མྱོང་ཚོར་ཐུབ་བྱུང་། རྒྱ་ཡིག་སློབ་སྦྱོང་བྱས་ན་ཀྲུང་གོར་ཤེས་རྟོགས་དེ་བས་ཡག་པ་བྱེད་ཐུབ་པ་དང་། ཀྲུང་གོའི་གྲོགས་པོ་དེ་བས་མང་བ་སྒྲིག་ཐུབ་ལ། རྒྱ་ཡིག་བཤད་ཤེས་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོགས་པོ་དེ་བས་མང་བ་ངོ་ཤེས་ཐུབ། ཁྱེད་ཚོའི་རྒྱ་ཡིག་གི་ཡིག་གཟུགས་གྲལ་སྒྲིག་པ་དང་། མིང་ཚིག་བེད་སྤྱོད་འཚམ་པོ་བྱེད་འདུག་པས། དཔེ་ཡག་པོ་འདུག ངས་ཁྱེད་རང་ཚོས་མུ་མཐུད་ཤུགས་རྒྱབ་ནས། རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཐད་ཡར་རྒྱས་དེ་བས་ཆེ་བ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ངས་ཨ་རིར་འཚམས་འདྲི་ཐེངས་མང་ཞུས་མྱོང་། དེ་གའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དང་སྤྲོ་སེམས་འཁོལ་བའི་མི་དམངས། སྣེ་མང་ཅན་གྱི་རིག་གནས་བཅས་ཀྱིས་ང་རང་ལ་བག་ཆགས་གཏིང་ཟབ་བཞག་བྱུང་ལ། ཨ་རིའི་གཞོན་ནུའི་གྲོགས་པོ་ཚུད་པའི་ཨ་རིའི་གྲོགས་པོ་མང་པོ་ཞིག་ཀྱང་ངོས་ཤེས་བྱུང་། ངའི་ལས་ཀ་ནི་མི་དམངས་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་ཡིན། དཀའ་ལས་ཁག་པོ་འདུག འོན་ཀྱང་སེམས་པ་ཧ་ཅང་སྐྱིད་པོ་འདུག ང་རང་མཚན་ཉིད་རིག་པ་དང་། ལོ་རྒྱུས། རྩོམ་རིག རིག་གནས། རོལ་དབྱངས། ལུས་རྩལ་སོགས་ལ་དགའ་མོས་ཆེན་པོ་ཡོད། ངའི་དགའ་ཕྱོགས་མང་པོ་ཞིག་སློབ་འབྲིང་གི་དུས་སྐབས་སུ་ཆགས་པ་ཞིག་ཡིན་ཞིང་། ད་བར་རྒྱུན་འཁྱོངས་བྱས་ཡོད། གཞོན་ནུའི་མི་རབས་ནི་ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་ཀྱི་འབྱུང་འགྱུར་ཡིན། སློབ་གྲོགས་ཚོས་ལང་ཚོར་གཅེས་འཛིན་གྱིས་སློབ་སྦྱོང་ཧུར་ཐག་བྱས་ཏེ། ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད། ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་དཔེ་ལྟར། གོ་སྐབས་བྱུང་ན་ཁྱེད་ཚོས་ཀྲུང་གོར་ལྟ་བར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བྲིས་གནང་ཡོད་པ་རེད།
            ཞི་ཅིན་ཕིང་གི་འཕྲིན་ལན་ལ་ནར་སི་བྱང་མའི་མཐོ་འབྲིང་དུ་ལན་ཆ་ཆེན་པོ་བྱུང་ཡོད། དགེ་སློབ་རྣམས་ནས། འཕྲིན་ལན་དེའི་ནང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཤིབ་བདེ་བ་དང་། ཐུགས་རྒྱུད་བཟང་པོ་མྱོང་ཚོར་ཐུབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་དེས་དགེ་སློབ་ཚར་མར་སྙིང་ཉེ་བའི་ཚོར་སྣང་བྱུང་ཞིང་། སེམས་འགུལ་ཚད་མེད་ཐེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་གྱིས་ས་གནས་དེ་གའི་སློབ་མ་དེ་བས་མང་བས་རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་དང་། ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་བྱ་རྒྱུ་མ་ཟད་ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་སྤེལ་རེས་ནང་ཞུགས་རྒྱུའི་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད།
ནར་སེ་བྱང་མའི་མཐོ་འབྲིང་ནི་ཨ་རིའི་དབྱི་ལི་ནོ་དབྱི་མངའ་སྡེའི་གཞུང་བཙུགས་སློབ་གྲྭ་ཞིག་ཡིན་པ་དང་། སྤྱི་ལོ་༡༩༦༤ལོར་བསྐྲུན་ཞིང་། ད་ལྟ་སློབ་མ་ཉིས་སྟོང་ལྷག་ཡོད། སློབ་གྲྭ་དེས་རྒྱལ་སྤྱིའི་སྤེལ་རེས་ལ་མཐོང་ཆེན་བྱས་ཏེ། སློབ་མས་ཕྱི་རྒྱལ་གྱི་སྐད་ཡིག་སློབ་སྦྱོང་བྱ་རྒྱུར་སྐུལ་མ་གཏོང་གི་ཡོད་པ་དང་། སྤྱི་ལོ་༢༠༠༨ལོ་ནས་བཟུང་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཡོད་ཅིང་། སློབ་སྦྱོང་བྱེད་མཁན་མི་གྲངས་འཛིན་གྲྭ་༡༡བར་རྒྱ་སྐྱེད་ཕྱིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1