རྔ་བ་ཁུལ་གྱིས་དམངས་ཡོངས་ཀྱི་དཔེ་ཀློག་གི་བྱེད་སྒོ་སྤེལ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-23


     ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་། དམངས་ཡོངས་ཀྱིས་དཔེ་ཆ་ཀློག་པའི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་ཆེད།  ཟླ་4པའི་ཚེས་21ཉིན་གྱི་སྔ་དྲོར། རྔ་བ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་སློབ་གསོ་ཅུས་སོགས་ཀྱིས་གཙོ་སྒྲུབ་མཛད་ཅིང་། ཁུལ་དཔེ་མཛོད་ཁང་དང་འབར་ཁམས་ས་ཁུལ་གྱི་སློབ་ཆུང་སློབ་གྲྭ་སོགས་ཀྱིས་འགན་སྒྲུབ་བྱས་པའི་2019ལོའི་རྔ་བ་ཁུལ་གྱི་དམངས་ཡོངས་ཀྱི་དཔེ་ཀློག་གི་བྱེད་སྒོ་སྤེལ་མགོ་འཛིན་པའི་མཛད་སྒོ་འབར་ཁམས་གྲོང་ཁྱེར་དུ་སྤེལ།
      མགོ་འཛིན་མཛད་སྒོ་རུ། ཁུལ་དཔེ་མཛོད་ཁང་དང་ཁུལ་བོད་ཡིག་དཔེ་མཛོད་ཁང་། འབར་ཁམས་གྲོང་ཁྱེར་གྱི་དཔེ་མཛོད་ཁང་བཅས་ཀྱི་ཚབ་བྱེད་མི་སྣས་མཉམ་དུ་དམངས་ཡོངས་ཀྱིས་དཔེ་ཀློག་གི་གྲོས་གཞིའི་ཡི་གེ་སྒྲོག་སྦྱངས་བྱས་ཤིང་། ཚང་མས་དཔེ་ཀློག་མང་པོ་བྱེད་པ་དང་དཔེ་ཆ་སྤུས་ལེགས་ཅན་ཀློག་པར་གྲོས་འགོ་བཏོན། འབར་ཁམས་གྲོང་ཁྱེར་གྱི་སློབ་ཆུང་དང་པོ་དང་གཉིས་པ་དང་། སློབ་ཆུང་གསུམ་པའི་སློབ་མ་རྣམས་ཀྱིས་གནའ་གཞུང་གྱེར་འདོན་སོགས་ཀྱི་ལེ་ཚན་མང་པོ་འཁྲབ་སྟོན་བྱས་ཤིང་། མེས་རྒྱལ་གྱི་མ་འོངས་པའི་བདག་པོ་དེ་དག་ལ་དཔེ་ཀློག་གི་སྤྲོ་སེམས་རབ་ཏུ་རྒྱས་ཡོད་པར་མངོན། གཞན་ད་དུང་དཔེ་ཆ་གནང་བའི་བྱ་འགུལ་སྤེལ་བ་དང་། རྔ་བ་ཁུལ་གྱི་དམངས་ཡོངས་ཀྱི་དཔེ་ཀློག་གི་བྱེད་སྒོའི་པར་རིས་འགྲེམ་སྟོན་དང་ས་གནས་ཀྱི་ཚད་ལྡན་ཡིག་ཆ་འགྲེམ་སྟོན་བྱས།
      རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དམངས་ཡོངས་ཀྱི་དཔེ་ཀློག་གི་བྱེད་སྒོ་སྤེལ་མགོ་འཛིན་པའི་མཛད་སྒོ་རུ། ཁུལ་དཔེ་མཛོད་ཁང་གིས་ཡུལ་དངོས་ཀྱི་རྒྱ་ཆེའི་དཔེ་ཀློག་པ་ཚོར་དཔེ་ཀློག་ཟིན་ཐོ་འབྲི་དེབ་200ལྷག་དང་། དཔེ་དེབ་300ལྷག་གནང་ཞིང་། ཁུལ་བོད་ཡིག་དཔེ་མཛོད་ཁང་གིས་ཡུལ་དངོས་ཀྱི་སློབ་མ་རྣམས་ལ་སློབ་གྲྭ་ཆུང་འབྲིང་དང་བྱིས་པའི་སྐད་གཉིས་ཀློག་དེབ་60ལྷག་གནང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1