གཙོ་ངོས།>> གནའ་ཤུལ།>>རྟོག་ཞིབ།

བསོད་ནམས་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༤ཚེས་༢༥ཉིན།

༄༅།། མཚོ་སྔོན་ས་ཁུལ་གྱི་ཟངས་ཆས་དུས་རབས་ཀྱི་ཁ་རུབ་རིག་གནས་སྐོར་རགས་ཙམ་གླེང་བ།

བསོད་ནམས་ཚེ་རིང་།
          མཚོ་སྔོན་ས་ཁུལ་ནི་གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་ས་ཁུལ་ཡིན་པ་མ་ཟད། དེ་ནི་ལོ་ངོ་མང་པོར་སྔོག་འདོན་བྱས་པ་བརྒྱུད་གཡུར་ཟའི་འབྲས་བུ་སྨིན་པའི་ས་ཁུལ་ཞིག་ཀྱང་ཡིན། གནས་འདིར་ས་ཆའི་ཁྱད་ཆོས་རང་བཞིན་ལྡན་པའི་དུས་རབས་ཀྱི་འཕེལ་རིམ་དང་བསྟུན། རིག་གནས་ཀྱི་འཕེལ་རྒྱས་ཐད་ལའང་གོ་རིམ་ངེས་ཅན་ཞིག་ཆགས་ཡོད་པ་ནི་ས་འོག་ནས་སྔོག་འདོན་བྱས་པའི་རིག་དངོས་ལས་ཤེས་ཐུབ། ལྷག་པར་མཚོ་སྔོན་ས་ཁུལ་གྱི་གནའ་བོའི་དུས་ཀྱི་རིག་གནས་འཕེལ་རིམ་སོགས་རྒྱ་བོད་ལོ་རྒྱུས་གང་དུའང་བཀོད་མེད་པས་གནས་འདིར་ཞིབ་འཇུག་བྱེད་པའི་བྱ་བར་གལ་ཆེའི་རང་བཞིན་ལྡན་ནོ།
          བདག་གིས་ལོ་འགར་གནའ་རྫས་སྔོག་འདོན་བྱས་པའི་ཉམས་མྱོང་ལྟར་ན། མིའི་རིགས་ཀྱི་རིག་གནས་ནི་རང་བྱུང་ཁམས་ཀྱི་མཐུན་རྐྱེན་དང་དཔལ་འབྱོར་གྱི་རྣམ་པ་མི་འདྲ་བ་ལས་རིག་གནས་ཀྱང་མི་འདྲ་བར་བྱུང་ལ། རྒྱུ་མཚན་དེའི་ཕྱིར་ན་ལོ་རབས་མང་པོར་རྒྱུན་མར་བྱུང་བའི་སྲོལ་རྒྱུན་གྱི་རིག་གནས་མི་འདྲ་བ་རྣམས་ནི་ཉེ་འཁོར་གྱི་ཁོར་ཡུག་དང་དཔལ་འབྱོར་རིག་གནས་མི་འདྲ་བ་ལས་བྱུང་བར་སྣང་། ཡང་དཔལ་འབྱོར་རིག་གནས་མི་འདྲ་བ་ལས་སྔོན་བྱུང་གནའ་ཤུལ་གྱི་ཁྱབ་ཁུངས་ལའང་མི་འདྲ་བའི་ཁྱད་པར་བྱུང་སྟེ་དཔེར་ན། མཚོ་སྔོན་ས་ཁུལ་དུ་སྔོག་འདོན་བྱས་པའི་རིག་གནས་མ་ཅཱ་ཡོ། པན་ཧྲན། མ་ཁྲང་། ཆི་ཀྱཱ། ཁ་རུབ་རིག་གནས་རྣམས་ཕལ་ཆེར་རིམ་བཞིན་འཕེལ་རྒྱས་བྱུང་བའི་རིག་གནས་ཡིན། དེ་དག་གི་རིག་གནས་སྤྱིའི་ཁྱབ་ཁུངས་གཅིག་ཡིན་མོད། བྱེ་བྲག་ཏུ་རང་བྱུང་ཁོར་ཡུག་དང་ས་ཆུའི་དྲོད་གྲང་མི་འདྲ་བ་ལས་དཔལ་འབྱོར་རིག་གནས་འཕེལ་རིམ་ལའང་འགྱུར་ལྡོག་ཆེན་པོ་བྱུང་བས། གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་རིག་གནས་ཀྱི་རིགས་དབྱེ་དགར་ཚུལ་ཡང་མི་འདྲ་བར་གྱུར། དེ་ཕྱིར་མི་རིགས་ཤིག་གི་གནའ་བོའི་རིག་གནས་ལ་ཞིབ་འཇུག་བྱེད་སྐབས་རང་བྱུང་ཁོར་ཡུག་དང་ཁྱད་པར་བའི་ཐོན་ཁུངས། མི་རིགས་དེའི་དཔལ་འབྱོར་དང་བསམ་བློའི་འདུ་ཤེས་བཅས་རྨང་གཞིར་བྱས་ཏེ་སྐབས་དེའི་སྤྱི་ཚོགས་ལ་བརྟག་ཚེ་སྤྱི་ཚོགས་དེའི་ནང་གི་དབུལ་ཕྱུག་གི་ཁྱད་པར་ལས་གྲལ་རིམ་གྱི་རང་བཞིན་དང་དཔལ་འབྱོར་གྱི་འཕེལ་རྒྱས་སོགས་ཤེས་ལ། གནའ་ཤུལ་དང་བང་སོ་སྔོག་འདོན་བྱས་པ་ལས་ཐོན་སྐྱེད་དང་འཚོ་རྟེན། སྤྱི་ཚོགས་ཀྱི་ཚོགས་པ། གདུང་རྒྱུད་དང་གཉེན་སྒྲིག ཆོས་ལུགས་ཀྱི་ལྟ་བ་དང་འདས་མཆོད་སྣ་ཚོགས་ཀྱི་ལྟ་ཚུལ་སོགས་གསལ་པོར་རྟོགས་ཐུབ་བོ། གཤམ་དུ་ཁོ་བོས་གནའ་རྫས་རྟོག་ཞིབ་རིག་པའི་ལམ་ནས་ལོ་ངོ་སྟོང་ཕྲག་གསུམ་དང་ལྔ་བརྒྱ་ཡས་མས་ཀྱི་ཁ་རུབ་རིག་གནས་རོབ་ཙམ་གླེང་བར་བྱའོ།
          དེ་ཡང་ཐོག་མར་1923ལོར་རོས་ཏན་གྱི་མཁས་པ་ཨན་ཐི་ཧྲིན་(瑞典学者安徒生 )མཚོ་སྔོན་ཧོང་ཀྲོན་རྫོང་ལི་ཅཱ་ཧྲན་ཞང་(སྐུ་འབུམ་གྱི་ཉེ་འདབས་)ཁ་རུབ་ཏུ་ཕེབས་ཏེ་བང་སོ་དགུ་ཙམ་སྔོག་འདོན་བྱས་རྗེས་ས་རྫ་དམར་སེར་ཅན་དང་རྟ་སྒའི་དབྱིབས་ཅན་གྱི་རྫ་ཆས་བཅས་ལ་དཔགས་ནས་ཧྲི་བཱ་རིག་གནས་①ཀྱི་ཁོངས་གཏོགས་སུ་བསྡུས་ཏེ་རིགས་གཅིག་ཏུ་འཆད་པའི་ལྟ་བ་བྱུང་། བཅིངས་འགྲོལ་བྱས་རྗེས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གནས་རྫས་སྔོག་འདོན་སྡེ་ཁག་གིས་ཙོང་ཆུའི་བཞུར་རྒྱུད་ལ་རྟོག་དཔྱོད་དང་སྔོག་འཚོལ་བྱེད་སྐབས་ཟི་ལིང་གི་(古城台和朱家寨)གནའ་ཤུལ་དང་བང་སོ་ལས་ཚོན་རིས་ཅན་གྱི་རྫ་ཆས་སྣ་ཚོགས་རྙེད་པར་བརྟེན། ཁ་རུབ་རིག་གནས་དེ་ཧྲི་བཱ་རིག་གནས་མིན་པའི་ལྟ་ཚུལ་གསར་པ་བཏོན་ཡོད། ཕྱིས་སུ་མཚོ་སྔོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་སྡེ་ཁག་གིས་ལོ་རབས་མང་པོར་རྩད་ཞིབ་དང་སྔོག་འདོན་བྱས་པ་བརྒྱུད་རིག་གནས་དེའི་ཁྱབ་ཁུངས་དང་ཤུལ་བཞག་རིག་གནས་ཀྱི་ནང་དོན་སོགས་གསལ་པོར་རྟོགས་ལ། དེ་ལས་ཀྱང་ཁ་རུབ་རིག་གནས་ནི་མཚོ་སྔོན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་དུ་དར་ཁྱབ་ཧ་ཅང་ཆེ་བའི་ཟངས་ཆས་དུས་རབས་ཀྱི་རིག་གནས་ཡིན་པ་ཤེས། 1988ལོའི་ལོ་མཇུག་བར་སྡོམ་རྩིས་བྱས་པ་ལྟར་ན་བརྟག་དཔྱད་མིང་འགོད་བྱས་པའི་ཁ་རུབ་རིག་གནས་ཀྱི་གནའ་ཤུལ་1700ཙམ་རྙེད་ལ། ད་དུང་དེའི་གྲས་སུ་ཚུད་མེད་པ་གྲངས་ཀྱིས་མི་ལང་ངོ་། དེ་དག་ལས་དངོས་སུ་སྔོག་འདོན་བྱས་པ་ནི། ཟི་ལིང་གི་ཀྲོའུ་ཀྱཱ་ཙེ། སྐུ་འབུམ་ཁ་རུབ། ཏ་ཐོན་རྫོང་གི་ཧྲང་སོན་ཀྱཱ་ཙེ། ཁྲི་ཀའི་ཧྲན་ཕེན་ཐེ། ཞིན་དཔའི་པན་བཱ་སྟོད་སྨད་དང་། ཨ་ཧཱི་ཐི་ལ་ཧྲན། སོ་གྲིས། ད་དཔའ་ཀྲིན་ཀྲོང་། མིན་ཧོ་ཧེ་ཐོ་ཀྲོང་། གུང་ཧོའི་ཧི་ལོ་དགོན། ཀོས་ནན་རྒྱ་ཐོག་སོགས་མཆིས་ལ། དེ་དག་ལས་ལོ་ངོ་སྟོང་ཕྲག་གསུམ་དང་ལྔ་བརྒྱ་ཡས་མས་ནས་ཧན་རྒྱལ་རབས་བར་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རིམ། བསམ་བློའི་འདུ་ཤེས་སོགས་ཀྱི་གནས་སྟངས་རགས་ཙམ་ཤེས་རྒྱུར་དགེ་མཚན་ལྡན་པས་ན་དེ་ནི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཡི་གེ་མ་བྱུང་བའི་སྔོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞི་བཟང་པོ་ཞིག་གོ། 
          གཅིག ཁ་རུབ་རིག་གནས་ཀྱི་ཁྱབ་ཁུངས།
          སྤྱིར་གནས་མིང་ཞིག་ལ་རིག་གནས་ཞེས་བརྗོད་པའི་རྒྱུ་མཚན་ནི་གནའ་རྫས་རྟོག་ཞིབ་སྨྲ་བ་རྣམས་ཀྱིས་ཐོག་མར་གནས་གང་དུ་རྙེད་པའི་གནའ་ཤུལ་དང་བང་སོ་དེར་ས་མིང་དེ་རང་འདོགས་ལ། དུས་དེ་ནས་ཕྱིས་སུ་བྱུང་བའི་རིག་གནས་དེའི་རིགས་དབྱེ་ཐམས་ཅད་ལའང་ས་མིང་དེ་འདོགས་པའི་སྲོལ་དར་རོ། དཔེར་ན། ཁ་རུབ་ཟེར་བ་ནི་མཚོ་སྔོན་ཞིང་ཆེན་ཧོང་ཀྲོན་རྫོང་(湟中县)ཁ་རུབ་སྡེ་པ་ལ་ཟེར་ཞིང་གནས་དེ་ནས་རྙེད་པའི་རིག་གནས་ལ་ཁ་རུབ་རིག་གནས་ཟེར་རོ། དེ་ཡང་ཁ་རུབ་རིག་གནས་ཀྱི་ཁྱབ་ཁུངས་མདོ་ཙམ་བརྗོད་ན། ཁ་རུབ་རིག་གནས་ནི་ཙོང་ཆུའི་བཞུར་རྒྱུན་གྱི་ས་དཀྱིལ་ཟི་ལིང་གཙོ་བྱས་ཕྱོགས་བཞིར་གྱེས་ཏེ། བྱང་ཆི་ལན་རི་བོའི་བར་དང་ལྷོ་ཨ་མྱེས་རྨ་ཆེན་གྱི་གངས་འདབས། ཤར་ཀན་སུའུ་དང་མཚོ་སྔོན་གྱི་སའི་མཚམས། ནུབ་མཚོ་སྔོན་པོའི་ཉེ་འགྲམ་གྱི་རྐང་ཚ་སོགས་སུ་ཁྱབ་ནས་གནས་སོ། ད་དུང་ཡུལ་ཤུལ་དང་མགོ་ལོག་སོགས་སུ་བྱེ་བསྲེས་རྫ་ཆས་དང་ཐལ་མདོག་ཅན་གྱི་རྫ་བུམ་བྱུང་བ་རྣམས་ཀྱང་ཁ་རུབ་རིག་གནས་ལོས་ཡིན་སེམས་ཀྱང་དཔྱད་པའི་སྐལ་བ་མ་བྱུང་བས་ཕྱིས་སུ་གླེང་བར་བྱའོ།   
          ཁྱབ་ཁུངས་དེ་ཙམ་ལ་གནས་པའི་རིག་གནས་དེ་མདོར་དྲིལ་ན། རིགས་གཉིས་སུ་བསྡུ་འོས་པར་སེམས་ཏེ། ཨ་ཧཱི་ཐི་ལ་ཧྲན་དང་ཧྲང་སོན་ཀྱུ་ཙེའོ།དེ་ལས་ཨ་ཧཱི་ཐི་ལ་ཧྲན་དང་ཧྲང་སོན་ཀྱཱ་ཙེའོ། དེ་ལས་ཨ་ཧཱི་ཐི་ལ་ཧྲན་ནི་རྨ་ཆུའི་བཞུར་རྒྱུན་གཙོ་བྱས་པའི་ཐུན་ཏེ་(同德)ཞིན་ཧེ། (兴海县| )ཀོས་ནན། (贵德县)གུང་ཧོའི་རྨ་ཆུའི་འགྲམ་རྒྱུད། ཁྲི་ཀ(贵德县)གཅན་ཚ(尖扎县)ཞིན་དཔའ། (循化县)ཧྭ་ལོན། (化隆县)རོང་བོ། ( 隆务)རྣམས་སུ་ཁྱབ་གདལ་དུ་གནས་སོ། ཧྲང་སོན་ཀྱཱ་ཙེ་ནི་ཙོང་ཆུའི་བཞུར་རྒྱུན་གཙོ་བྱས་ཧེ་ཡན་(海晏) ཧོང་ཡོན། ( 湟源)ཧོང་ཀྲོན། ( 湟中)ཏ་ཐོན། (大通)ཧོའུ་ཀྲུའུ། (互助)ཟི་ལང་།(西宁) ཕེན་ཨན། (平安)ལུང་བདུན། (乐都) མེ་འབུད། (民和)བཅས་སུ་བར་མ་ཆད་པར་གནས་སོ།
          1. ཨ་ཧཱི་ཐི་ལ་ཧྲན།
          ཨ་ཧཱི་ཐི་ལ་ཧྲན་ནི་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་ཟ་ལེར་རང་སྐྱོང་རྫོང་ཐོ་ལུང་སྡེ་པའི་ལྷོ་རྒྱུད་དུ་གནས་པའི་ཨ་ཧཱི་ཐི་ལ་ཧྲན་ཞེས་པའི་ས་མིང་དེར་ཐོགས་ཤིང་། (མིང་དེ་ཟ་ལེར་གྱི་སྐད་ཡིན་ཅིང་དོན་ནི་ས་དཀར་འབུར་བོ་ཞིག་གི་མིང་དུ་གྲགས་)གནའ་ཤུལ་དེ་གནས་བྱེ་བྲག་ཅིག་གི་མིང་ཡིན་མོད། འོན་ཀྱང་རིག་གནས་ཀྱི་ཁྱབ་ཁོངས་ནི་མགོ་ལོག་མན་དང་ཀན་སུའུ་ཡན་གྱི་རྨ་ཆུའི་འགྲམ་རྒྱུད་གཙོ་བོར་དར་ཡོད། དེ་ནི་གནའ་དུས་ནས་རང་ཅག་གི་མེས་པོའི་སྡོད་གནས་སུ་གྱུར་བ་མ་ཟད་ཡུན་རིང་གི་ལོ་རྒྱུས་ནང་རང་བྱུང་ཁམས་ལ་འཐབ་རྩོད་གང་མང་བྱས་པ་བརྒྱུད་ཐུན་མིན་གྱི་རིག་གནས་ཤིག་བསྐྲུན་ཡོད། 1980ལོར་ཞིང་ཆེན་གནའ་རྫས་སྡེ་ཁག་གིས་ཨ་ཧཱི་ཐི་ལ་ཧྲན་ནས་ཟླ་ལྔའི་རིང་། སའི་རྒྱ་ཁྱོན་རྨི་གྲུ་བཞི་མ་8840ཙམ་སྔོག་འདོན་བྱས་ཏེ་ཟངས་ཆས་དུས་རབས་ཀྱི་བང་སོ་217རྙེད་པ་རྣམས་ཀྱི་དུར་སྲོལ་མདོ་ཙམ་བརྗོད་ན། བང་སོ་ཉིས་བརྒྱ་དང་བཅོ་ལྔའི་དབྱིབས་ཟུར་སྒོར་གྲུ་བཞི་ནར་མོ་དང་བང་སོ་གཉིས་ས་བུམ་དུ་བཏབ་བོ། དེ་རྣམས་ཀྱི་པུར་སྒམ་ལ་ཤིང་ལེབ་མ་གཅིག་ནས་བཞི་གོང་བསྒྲིགས་ཏེ་སའི་སྐྱོར་མ་དང་བཅས་འཇོག་ལ་ཕུང་རྫས་ཅུང་བཟང་བའི་བང་སོར་ཞབས་ར་དང་སྟེང་འགེབས་བྱེད་ཀྱི་ཁེབས་གཅོད་ཀྱང་མཆིས། ད་དུང་ཕལ་ཆེ་བ་ལ་(熟土二重台)དང་དེའི་སྟེང་ལུག་རྭ། ཆུ་རྡོ་སྒོང་གཟུགས་མ་བཅས་ཕུང་རྫས་སུ་འཇོག་པའི་སྲོལ་ཡོད། བང་སོའི་སྒམ་མང་ཆེ་བའི་རིང་ཚད་ལ་རྨི་2.6དང་ཞེང་ལ་རྨི་1.4ཟབ་ཚད་རྨི་1.5བཅས་འདུག་པ་དང་། བེམ་ཟུང་མཉམ་སྦེད་ཀྱི་བང་སོ་རྣམས་རིང་ཚད་དང་ཞེང་ཚད་ཅུང་ཟད་ཆེ་བར་སྣང་། དེ་དག་གི་དུར་རྫས་ཕལ་ཆེ་བ་རྐང་པའི་གཡས་གཡོན་དང་ལུས་སྟེང་དུ་འཇོག འགའ་ཞིག་གི་བང་སོ་ལས་རྐང་མགོའི་ཐད་དུ་དོང་བརྐོས་ཏེ་ས་བུམ་སོགས་གཞན་པའི་དུར་རྫས་རྣམས་དེ་རུ་འཇུག་ལ། བང་སོའི་ཁ་ཕྱོགས་ཕལ་ཆེ་བ་ལྷོ་བྱང་མཚམས་སུ་གཏད། ད་དུང་དུར་སྲོལ་ལ་རིགས་མི་འདྲ་བ་མང་པོ་འདུག་སྟེ། རྐང་ལག་བརྐྱངས་ཏེ་གན་རྐྱལ་དུ་གནས་པ་དེའི་ནང་བུད་མེད་མཉམ་སྦེད། སྐྱེས་པ་མཉམ་སྦེད། ཕོ་མོ་མཉམ་སྦེད། མ་བུ་མཉམ་སྦེད། ཁེར་སྦེད། ཁྱིམ་མི་ཐམས་ཅད་མཉམ་དུ་སྦེད་པ་བཅས་སྣ་ཚོགས་ཤིག་མཆིས་སོ། དཀྲོག་རྐྱེན་གཏོང་བའི་དང་གནས་གཞན་ལ་སྤོར་བའི་བང་སོ་རྣམས་ཁྱབ་གདལ་དུ་གནས་ཤིང་དེ་དག་ལས་རུས་པ་རྣམས་ཕྱོགས་གཅིག་ཏུ་སྤུངས་པ་དང་། ཡན་ལག་ཁ་ཤས་ལས་རུས་པ་གཞན་མེད་པ། འགའ་ཞིག་གི་བང་སོར་རུས་པ་དང་རྫ་བུམ་གང་ཡང་མི་སྣང་བར་སྟོང་པའི་བང་སོ་མང་ངོ་། འདིར་ང་ཚོས་ཤེས་དགོས་པ་ཞིག་ནི་བང་སོ་ལ་ལའི་བང་རིམ་གཉིས་པའི་སྟེང་མིའི་མགོ་རུས་དང་རུས་པ་འགའ་ཤས་དུར་རྫས་སུ་སྦེད་པ་དང་། པུར་ལ་ལར་དུར་བདག་གི་རྐང་མགོའི་ཕྱོགས་སུ་ལུས་བཀུམ་ཞིང་དུད་པར་འཇུག་པའི་མི་རུས་མཐོང་ལ། མི་དུར་རྫས་སུ་སྦེད་པ་རྣམས་ཀྱི་དུར་བདག་ཕལ་ཆེར་ཕོ་ཡིན་ཞིང་དེ་ལ་དུར་རྫས་གཡུ་བྱུར་སོགས་ཀྱང་ཧ་ཅང་མང་བ་མ་ཟད་པུར་སྒམ་སྟེང་དང་པུར་གྱི་བང་རིམ་གཉིས་པའི་སྟེང་ལུག་རྭ་མང་པོ་ཕྱུག་པོའི་མཚོན་རྟགས་སུ་སྤུངས་འདུག
          དེ་དག་གི་ཕུང་རྫས་སུ་སྤྱོད་པ་ལ། བྱེ་བསྲེས་ས་བུམ་དམར་པོ་གཙོ་བྱས་ཐལ་མདོག་ཅན་གྱི་ས་བུམ་དང་། དེ་རྣམས་སུ་སྐོམ་འཐུང་བྱེད་ཀྱི་ས་བུམ། ཆུ་གསོག་ས་བུམ། ཟས་འཇོག་བྱེད་ཀྱི་ས་བུམ། དངོས་པོ་གཞན་གསོག་འཇོག་བྱེད་པའི་ས་བུམ་དང་། ཆེད་དུ་འདས་མཆོད་ལ་བཞེངས་པའི་ས་བུམ་བཅས་སྣ་ཚོགས་མཆིས་པའི་སྟེང་དུ། མཚོན་མདངས་ནག་པོའི་གཟུགས་རིས་གང་མང་དང་། ཐག་རིས། བརྐོས་རིས། ཟུར་འདེབས་སྤུངས་རིས་བཅས་འདུག་མོད། མང་ཆེ་བར་ཚོན་རིས་མི་མཐོང་ལ། ཟུར་འདེབས་སྤུངས་རིས་ཀྱིས་བརྒྱ་ཆའི་གྲངས་ཀ་ངེས་ཅན་ཞིག་ཟིན་པ་དང་། བརྐོས་རིས་ཧ་ཅང་ཉུང་། ཐག་རིས་མང་ཆེ་བ་ཐུར་དང་ཐུར་བསྲེག་གམ་བསྣོལ་མའི་ཚུལ་དུ་གནས་ཤིང་། གཟུགས་རིས་གཏིང་མི་ཟབ་ཀྱང་ཞིབ་ཚགས་མཆིས་པ་དེ་རྣམས་ས་བུམ་གྱི་ལྟོ་བར་བཀོད་འདུག བརྐོས་རིས་ལ་རིགས་མི་འདྲ་བ་བཞི་ཡོད་དེ། ཉིས་ཐིག་གམ་གསུམ་ཐིག་གཤིབ་ནས་བྲིས་པའི་རླབས་རིས། ཟུར་གསུམ་མ་རྒྱུན་མཐུད་ཀྱི་གཟུགས་རིས་དང་བརྐོས་རིས་མཚོན་རྟགས་ཀྱི་གཟུགས་རིས་བཅས་ཡོད། རྒྱུན་མཐུད་ཀྱོ་བའི་རིས་དང་ཟུར་གསུམ་མ་རྒྱུན་མཐུད་ཀྱི་རིས་གཉིས་ས་བུམ་རྣ་ལུང་ཅན་གྱི་མཆུའི་སྟེང་མཐོང་ཞིང་རླབས་རིས་རྣམས་ས་བུམ་རྣ་ལུང་ཅན་གྱི་ལྟོ་བའི་སྟོད་དང་མཆུའི་སྟེང་དུ་གནས། བརྐོས་རིས་མཚན་རྟགས་རྣམས་ས་བུམ་རྣ་ལུང་ཅན་གྱི་རྣ་ལུང་དང་ལྟོ་བའི་སྟོད་སྨད་གཉིས་སུ་གནས། ཟུར་འདེབས་སྤུངས་རིས་འདྲ་མིན་སྣ་ཚོགས་མཆིས་པས་མང་དོགས་ནས་གླེང་བར་མ་བྱས་སོ།
         མདོར་ན་ས་བུམ་སྟེང་གི་ཚོན་རིས་མང་ཆེ་བ་ཚོས་ནག་པོ་ཡིན་པ་དང་བྱུགས་སྟངས་ལ་ཐོག་མར་ས་བུམ་གྱི་ཕྱི་བརྡར་ནས་ངོས་འཇམ་པར་བཟོས་ཏེ་སྟེང་དུ་ཚོས་ནག་པོའི་གཟུགས་རིས་སྣ་ཚོགས་འབྲི་བ་དང་ཡང་འགའ་ཞིག་ལ་ས་བུམ་སྟེང་ཚོས་དམར་པོ་དང་སྨིག་པོ་དམར་སེར་གང་རུང་བྱུགས་རྗེས་ཚོས་ནག་པོའི་གཟུགས་རིས་སྣ་ཚོགས་འབྲི་བ། ལ་ལར་དམར་པོ་དང་སེར་པོ་ལ་སོགས་བྱུགས་པ་ལས་ཚོན་རིས་ནག་པོའི་གཟུགས་རིས་ཕབ་པ་མི་སྣང་ངོ་། འདིར་ཚོན་རིས་སྣ་ཚོགས་མཆིས་ཏེ། བརྩེགས་མའི་ཟུར་གསུམ་མའི་དབྱིབས་དང་དྲ་བ་དྲ་ཕྱེད། རྒྱུན་མཐུད་ཟུར་གསུམ་མ། བརྩེགས་མའི་རླབས་རིས། པ་ཏྲའི་རིས། འབུ་སྲིན་གྱི་རིས། སྐྱེ་དངོས་ཀྱི་རིས་དང་རི་དྭགས་སྣ་ཚོགས་པའི་རིས་ཏེ་ལུག  རྭ་ཆེན། ཤྭ་བ། ཉ། སྦལ་པ། སྦྲུལ། ལུག་མགོ་བཅས་སྣ་ཚོགས་ཀྱི་གཟུགས་བརྙན་རྣམས་མཆོངས་ལྡིང་དང་དུལ་བ་དྲག་པོ་སོགས་གསོན་ཉམས་དང་ལྡན་པ་སྣ་ཚོགས་བཀོད་འདུག་གོ  དེས་མ་ཚད་བང་སོ་ལས་ནོར་ལུག་ཤྭ་བ་ཁྱི་སོགས་ཀྱི་རུས་པའང་མི་ཉུང་བ་ཞིག་རྙེད་སོན་བྱུང་ངོ་།
          གོང་གི་ཁྱད་ཆོས་འདི་ཙམ་ལ་བལྟས་ན་ཨ་ཧཱི་ཐི་ལ་ཧྲན་ནས་རྙེད་པའི་བང་སོའི་རྣམ་པ་དང་། ཁ་གཏད་ཕྱོགས་དུར་སྲོལ་བཅས་ལས་དེ་དག་ཕན་ཚུན་ཁྱད་པར་ཆེན་པོ་མི་མཐོང་མོད། བང་སོ་ལས་ཕྱིར་བུད་པའི་ས་བུམ་དང་ཕུང་རྫས་སོགས་ལ་མི་འདྲ་བའི་རྣམ་པ་རེ་འགའ་མཆིས་སོ། འདི་ལ་སའི་རིམ་པ་དང་ས་བུམ་རིགས་དབྱེ་རིག་པའི་ལམ་ནས་དཔྱད་བསྡུར་བྱས་ཚེ་ཀ་པ་དང་ཁ་པའི་རྣམ་པ་གཉིས་སུ་རིགས་དབྱེ་དགོས་ལ། ཀ་པའི་སྡེ་ཁག་ལ་དུས་ཀྱི་འཕེལ་རིམ་ལྟར་སྡེ་ཚན་གསུམ་དུ་དབྱེ་བ་དང་ཁ་པ་ལའང་སྡེ་ཚན་གཉིས་སུ་དབྱེ་བའོ། དེ་ལས་ཀ་པའི་སྡེ་ཚན་གསུམ་ནི་ཁ་རུབ་རིག་གནས་ཤ་སྟག་ཡིན། ཁ་པའི་སྡེ་ཚན་དང་པོ་ལ་ས་བུམ་ཚོན་རིས་ཅན་མང་པོ་འབྱུང་བ་ཐང་བང་བཟོ་དབྱིབས་ཀྱི་རྫ་ཆས་དང་མི་འདྲ་བར་གཤིབ་ཐིག་གི་པ་ཏྲའི་རིས་དང་(菱格纹)གཙོ་བོ་ཡིན། འོན་ཀྱང་ཐང་བང་བཟོ་དབྱིབས་ཀྱི་རྫ་ཆས་ཀྱི་རླབས་རིས་དང་འབྲེལ་བ་དམ་པོ་ཡོད། ཁ་པའི་སྡེ་ཚན་གཉིས་པ་ལ་དུས་སྔ་ཕྱི་གཉིས་སུ་དགར་ཆོག་སྟེ་སྔ་མ་རྣམས་གཤིབ་ཐིག་པ་ཏྲའི་རིས་དང་(菱格纹)། གཉིས་པ་ཐང་བང་བཟོ་དབྱིབས་ཀྱི་རྫ་ཆས་ཀྱི་རླབས་རིས་དང་མཉམ་དུ་བང་སོ་ལས་བུད་ལ། ད་དུང་ཞིན་དན་རིག་གནས་ཀྱི་ཀྲང་ཀྱཱ་ཙེ་རིགས་དབྱེའི་ཁྱད་ཆོས་དང་ལྡན། ཕྱི་མ་ལ་ཐང་བང་བཟོ་དབྱིབས་ཀྱི་རྫ་ཆས་བྱུང་ལ་ཞིན་དན་རིག་གནས་ཀྱི་ས་བུམ་སོགས་གཏན་ནས་མེད་པ་འདིས་ཀྱང་ནང་ཁུལ་གྱི་འཕེལ་རིམ་དང་འབྲེལ་བ་ཕྲན་ཙམ་ཤེས་སོ།
          2. ཧྲང་སོན་ཀྱཱ་ཙེ། ཧྲང་སོན་ཀྱཱ་ཙེ་ནི་ཙོང་ཆུའི་བཞུར་རྒྱུན་གྱི་འགྲམ་རྒྱུད་གཙོ་བྱས་ཏེ་གཞིས་ཆགས་ལ། གདོད་མའི་དུས་ནས་མིའི་རིགས་འཚོ་སྡོད་བྱེད་པའི་ལྟེ་གནས་སུ་གྱུར་པས། གནའ་བོའི་རིག་གནས་ཀྱི་ཤུལ་བཞག་མི་ཉུང་བ་ཞིག་བསྟར་ཆགས་སུ་གནས་སོ། དེའི་གཡས་གཡོན་དུ་དར་བའི་རིག་གནས་ལ་གཞན་དང་མི་མཐུན་པའི་ཁྱད་ཆོས་ལྡན་ཡོད། 1973-1980ལོའི་བར་ཞིང་ཆེན་གནའ་རྫས་སྔོག་འདོན་སྡེ་ཁག་གིས་ཧྲང་སོན་ཀྱཱ་ཙེའི་གནའ་ཤུལ་རྒྱ་ཁྱོན་རྨི་གྲུ་བཞི་མ་ཁྲི་བཞི་དང་། བང་སོ་1111 སྔོག་འདོན་བྱས་པ་ལས་ཁ་རུབ་རིག་གནས་ཀྱི་བང་སོ་219དང་། ཐང་བང་བཟོ་དབྱིབས་ཀྱི་བང་སོ་188། ཞིན་དན་རིག་གནས་ཀྱི་ཀྲང་ཀྱཱ་ཙེའི་ རིགས་དབྱེ་ཡི་བང་སོ་14བཅས་སྔོག་འདོན་བྱས་པ་ལས་ཁ་རུབ་རིག་གནས་མདོ་ཙམ་བརྗོད་ན། ཕར་ཁོག་བརྐོས་ཀྱི་བང་སོ་དང་ཐད་ཀར་བརྐོས་པའི་བང་སོ་གཉིས་ཡོད། སྔ་མ་ལ་དུར་ལམ་ཡོད་པ་དང་བང་སོའི་དབྱིབས་གྲུ་བཞི་ནར་མོ་ཡིན། རིང་ཚད་རྨི་2 ཡས་མས་དང་། ཞེང་ལ་རྨི་1.6 བང་སོ་དང་དུར་ལམ་གྱི་མཚམས་སུ་ཤིང་ལེབ་མས་བཅད་འདུག་གོ ཐད་ཀར་བརྐོས་པའི་བང་སོ་ཕལ་ཆེ་བའི་རིང་ཚད་རྨི་1.5-2.5དང་། ཞེང་ལ་རྨི་1 -1.5 ཟབ་ཚད་ལ་མི་འདྲ་བ་སྣ་ཚོགས་ཡོད། འདི་དག་གི་དུར་སྲོལ་ལ་མི་མང་ཆེ་བའི་རྐང་ལག་བརྐྱངས་ཏེ་གན་རྐྱལ་དུ་གནས་ཤིང་། ལུས་ཀྱི་མགོ་བོ་དང་ཁོག་སྟོད་རང་གནས་སུ་མེད་པར་དཀྲོག་རྐྱེན་བཟོས་པ་དང་འགའ་ཞིག་གི་བང་སོ་གཞན་ལ་སྤོར་ཏེ་རུས་པ་འགའ་ཞིག་ཕྱོགས་གཅིག་ཏུ་སྤུངས་ཤིང་ཁ་ཐོར་ཙམ་སའི་རོ་མ་ལས་རྙེད། འདིའི་རིགས་ལ་ཁ་སྦུབ་ཏུ་འཇུག་པའི་བང་སོ་དང་བརྐུམ་ནས་འཇུག་པའི་བང་སོ་ཧ་ཅང་ཉུང་ཞིང་བང་སོ་ཕལ་ཆེར་གྱི་ཁ་ཕྱོགས་ནུབ་བྱང་མཚམས་སུ་གཏད། ད་དུང་མི་ཤིང་གི་པུར་སྒམ་ལ་འཇུག་པའི་སྲོལ་འདུག     དུར་དེ་དག་གི་ཕུང་རྫས་ལ། རྫ་ཆས་དང་། ཟངས་ཆས། རུས་ཆས། རྡོ་ཆས་བཅས་ཡོད། དེ་ལས་རྫ་ཆས་རིགས་ལ་ས་བུམ་གྱི་མཆུ་ཆེ་ཆུང་ཅན་དང་རྣ་ལུང་ཡ་དང་ཟུང་མི་འདྲ་བ་སྣ་ཚོགས་མཆིས། གཞན་ད་དུང་རྣ་ལུང་བཞི་ཅན་དང་ལྟོ་བའི་སྟེང་རྣ་ལུང་གཉིས་ཅན་སོགས་ཀྱང་ཡོད། ཟངས་ཆས་ལ་མཚོན་ཆའི་རིགས་ཟངས་མདེའུ། ཟངས་གྲི། ཟངས་འབིགས། ཟངས་ཀྱི་སྟར་བུ་སོགས་དང་། རྒྱན་ཆའི་རིགས་ཟངས་སྒྲོག   ཟངས་ཀྱི་མེ་ལོང་སོགས་ཡོད་པ་ལ་གཞན་དང་མི་མཐུན་པའི་ཁྱད་ཆོས་ལྡན་ནོ། རུས་ཆས་ལ་རུས་འབིགས། རུས་མདེའུ། རུས་པའི་འཕང་ལོ། རུས་ཁབ་རུས་སྦུག་སོགས་དང་། རྡོ་ཆས་ལ་རྡོ་སྟར་རྡོ་གྲི། རྡོའི་འཕང་ལོ་བཅས་ཡོད། གཞན་མཚོ་ནང་གི་སྒྲོན་བུ་དང་དེ་དང་དབྱིབས་མཚུངས་པའི་གསེར་གྱི་སྒྲོན་བུ་སོགས་ཚོང་ཟོང་གི་ཚད་འཇལ་བྱེད་དང་གཡུ་མ་ན་ཧོ། གླའི་མཆེ་བའི་རྒྱན་ཆ་སོགས་མཐའ་ཡས་སོ། བང་སོ་ལས་གླང་། ལུག་རྟ། ཁྱི། ཕག་སོགས་ཀྱི་རུས་པ་མང་པོ་བྱུང་། དེ་ལས་ས་རྫའི་རིགས་མང་ཆེ་བ་བེམ་པོའི་མགོའི་སྟེང་དང་རྐང་པའི་གཡས་གཡོན་དུ་འཇོག་ལ། ཟངས་གྲི་དང་རྡོ་སྟར་རྣའི་གཡས་གཡོན་དང་རྐེད་པ་གང་རུང་ལ་འཇོག་ཅིང་། རྒྱན་ཆའི་རིགས་རང་གང་བརྒྱན་སའི་གནས་སུ་འཇོག་པའི་སྲོལ་ཡོད། རྫ་ཆས་ཀྱི་བཀོལ་སྤྱོད་ཐད་ཞིབ་ཚགས་མིན་པའི་ས་རྫ་བྱེ་བསྲེས་ཅན་སྐོར་ཞིག་མཐུག་ལ་སྟེང་དུ་དུ་བའི་དྲེགས་པ་ཆགས་པས་གཡོལ་ཆས་ཡིན་པ་ཤེས་ཤིང་། མཆུ་ཆུང་བའི་ས་རྫ་རྣ་ལུང་ཅན་སྐོར་ཞིག་རྒྱུ་སྤུས་ཅུང་བཟང་ལ་རྫ་ཆས་ཀྱི་ནང་ངོས་འཇམ་པ་རྣམས་ཆུ་སྣོད་དང་། མཆུ་ཆེ་ཞིང་ཞིབ་ཚགས་ཡིན་པ། ཕྱི་ངོས་དམར་པོའི་མདངས་ཅན་གྱི་རྫ་ཆས་སྐོར་ཞིག་ཕྱིར་འདོན་སྐབས་ནང་དུ་ལུག་རུས་སོགས་ཡོད་པ་ལ་དཔག་ན་ཟས་སྣོད་ཡིན་པ་ཤེས། རྫ་ཆས་བཟོ་ཚུལ་ལ་འདམ་བརྫིས་རྗེས་ལག་བཟོ་བྱེད་ཅིང་མཆུ་དང་རྫ་ཆས་ཀྱི་སྟོད་སྨད་ཞབས་ར་བཅས་གོང་བུ་བཞིར་བགོས་ཏེ་ཞབས་ར་དང་རྫ་ཆས་ལ་སྟོད་སྨད་བར་གསུམ་བྱས་པའི་སྨད་དང་མཐུད་པ། དེ་ནས་རྫ་ཆས་ཀྱི་སྟོད་དང་མཐུད། མཐར་མཆུ་དང་སྦྱར་ཏེ་འགྲུབ་པར་བྱས་ཡོད་པ་འདིས་རྫ་ཆས་ཀྱི་གྲུབ་ལུས་མདོ་ཙམ་ཤེས། ས་བུམ་གྱི་རྣ་ལུང་དང་རྩེག་རིས་རྣམས་ཕྱིས་སུ་སྦྱོར། ས་བུམ་དེ་རྣམས་ཀྱི་སྟེང་དུ་ཚོན་རིས་ལ་དམར་ནག་གཉིས་ལས་མེད་ཅིང་ཚོས་མདངས་དམར་པོ་བཀོལ་སྤྱོད་བྱས་པ་ཧ་ཅང་ཉུང་། ཚོན་རིས་ནག་པོས་ས་བུམ་གྱི་མཆུ་དང་ལྟོ་བའི་སྟོད་དུ་གཟུགས་རིས་སྣ་ཚོགས་ཕབ་འདུག་སྟེ། དྲ་བ་དྲ་ཕྱེད་ཀྱི་གཟུགས་རིས་དང་། ཟུར་གསུམ་མའི་གཟུགས་རིས། རླབས་རིས། གྲུ་བཞི་མའི་གཟུགས་རིས། བྱ་རིས། ལུག་རྭའི་གཟུགས་རིས། “Z”ཡི་གཟུགས་རིས་“S”ཡི་གཟུགས་རིས། ཐིག་བསྣོལ་མའི་གཟུགས་རིས་བཅས་ཧ་ཅང་མང་ངོ་།
          བང་སོ་འདིའི་རིགས་ཀྱི་སའི་རིམ་པ་དང་ས་བུམ་གྱི་རིགས་དབྱེ་རིག་པའི་སྒོ་ནས་ཞིབ་ཏུ་བརྗོད་ཚེ་རྣམ་པ་གཉིས་སུ་མཆིས་ཏེ་དེའི་དང་པོ་ཀ་པའི་སྡེ་ཚན་བཞི་རུ་དབྱེ་བ་དེ། ཁ་རུབ་རིག་གནས་ཡིན་ཡང་དེའི་དང་པོའི་ཚོན་རིས་དང་ས་བུམ་གྱི་དབྱིབས་སོགས་ལ་ཆུ་ཀྱཱ་རིག་གནས་ཀྱི་ཁྱད་ཆོས་ལྡན། ཁ་པ་ལ་སྡེ་ཚན་གསུམ་དུ་དབྱེ་སྟེ། དང་པོ་དང་གཉིས་པ་ཐང་བང་བཟོ་དབྱིབས་ཀྱི་ཚོན་རིས་ཁྱད་ཆོས་ལྡན་ཞིང་། གསུམ་པ་ལ་ཞིན་དན་རིག་གནས་ཀྱི་ཀྲང་ཀྱ་ཙེ་རིགས་དབྱེའི་ཁྱད་ཆོས་ཡོད་དོ།
          གཉིས། རིགས་དབྱེ་གཉིས་ཀྱི་ཁྱད་ཆོས་ཞིབ་བསྡུར་བྱེད་པ།
          གོང་དུ་འཆད་ཟིན་པའི་ཁ་རུབ་རིག་གནས་ཀྱི་ཨ་ཧཱི་ཐི་ལ་ཧྲན་དང་ཧྲང་སོན་ཀྱཱ་ཙེའི་གནས་གཞི་ལ་དཔྱད་བསྡུར་བྱས་ཏེ་རིགས་གཉིས་ཀྱི་རྣམ་པ་དང་ཁྱད་ཆོས་ཕྲན་ཙམ་ངོ་སྤྲོད་བྱས་ཟིན་མོད། འོ་ན་ཁ་རུབ་རིག་གནས་ལ་རིགས་དབྱེ་གཉིས་སུ་དགར་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་ཅེ་ན་དེ་ནི་གཤམ་དུ་གོམ་གང་མདུན་སྤོས་ཀྱིས་འཆད་དགོས་པའི་དོན་ནོ།
          ཐོག་མར་འཚོ་སྐྱེལ་དཔལ་འབྱོར་ཐད་ཞིང་ཕྱུགས་ལས་མཉམ་དུ་གཉེར་བ་དང་སྐབས་དེའི་སྐྱེ་དངོས་ལས་ཆེས་གཙོ་བོའི་འབྲུ་རིགས་ནི་(粟)ཡིན་པ་རིགས་གཉིས་ཀྱི་བང་སོ་ལས་ཤེས། གནའ་ཤུལ་དག་ལས་ཟངས་ཆས་རིགས་ཧ་ཅང་མང་ལ་རྒྱུན་དུ་མཐོང་བ་ནི། ཟངས་གྲི། ཟངས་ཀྱི་ཟོར་བ། ཟངས་མདེའུ། ཟངས་འབིགས། ཟངས་ཀྱི་དྲིལ་བུ། ཟངས་སྒྲོག  ཟངས་ཀྱི་མེ་ལོང་། ཟངས་ཀྱི་མདའ་འགོག་བྱེད་དང་ཟངས་ཀྱི་འཐབ་ཆས། ཟངས་ཀྱི་རྒྱན་ཆའི་རིགས་བྱུང་བ་ལས་ཟངས་སྣོད་དང་ལྕགས་ཆས་རིགས་མང་པོ་མ་མཐོང་ངོ་། གནའ་ཤུལ་དང་བང་སོ་དེ་དག་ལས་བྱུང་བའི་རྒྱུ་རྡོ་ལས་གྲུབ་པའི་བུ་ག་ཅན་གྱི་སྟར་བུ་དང་ཟླ་ཕྱེད་དབྱིབས་ཀྱི་གྲི། དངོས་པོ་གཅོག་བྱེད་ཀྱི་རྡོ་འཇོང་སོགས་ཀྱི་རྡོ་ཆས་དང་ཟངས་ཆས་རྣམས་ཕྱུགས་ལས་དང་རི་དྭགས་བརྔོན་པར་མཁོ་བ་མ་ཟད་ཞིང་ལས་གཉེར་བ་ལའང་མཁོ། ད་དུང་བང་སོར་ལུག་དང་། གླང་། རྟ། ཕག ཁྱི། ཤྭ་བ་སོགས་རི་དྭགས་རྣམས་ཀྱི་ཡན་ལག་དུར་རྫས་སུ་སྤུངས་པ་མ་ཟད་ས་བུམ་ཚོན་རིས་ཅན་གྱི་སྟེང་ལུག་དང་ཤྭ་བ་སོགས་ཀྱི་གཟུགས་བརྙན་འབྲི་བའི་སྲོལ་དང་། མི་འདུག་སའི་གནའ་ཤུལ་གྱི་རིག་གནས་ཆགས་རིམ་ཧ་ཅང་སྲབ་པ་འདིས། ཁ་རུབ་རིག་གནས་ཀྱི་དཔལ་འབྱོར་གཙོ་བོ་ནི་ཕྱུགས་ལས་ཡིན་པ་དང་ཞོར་ལ་ཞིང་ལས་ཀྱང་གཉེར་བཞིན་ཡོད་པ་ཤེས་ཐུབ།
          ལག་བཟོའི་བཟོ་རྩལ་གྱི་འཕེལ་རྒྱས་ལ་རིགས་གཉིས་ཀ་འདྲ་བར་སྣང་སྟེ། རུས་ཁབ་དང་སྐུད་པ་འཁེལ་བྱེད་ཀྱི་འཕང་ལོ་སོགས་དར་བ་ལས་སྐུད་འཐག་ཆུ་ཚད་ངེས་ཅན་ལ་སླེབས་པ་དང་འཚེམ་བཟོ་དར་ཡོད་པ་ཤེས། རྫ་ཆས་བཟོ་ཚུལ་ལ་འདམ་བརྫིས་རྗེས་ལག་བཟོ་བྱེད་ཅིང་རྫ་ཆས་ཀྱི་རྒྱུ་དང་རྣམ་པ་ལ་མཚུངས་ཆོས་ཀྱི་རང་བཞིན་ལྡན་པ་མ་ཟད་གཉིས་ཀར་ས་བུམ་རྣ་ལུང་ཅན་མང་ངོ་། དུར་སྲོལ་གཉིས་ཀའི་གནས་ཚུལ་ལ་དཔག་ན་ཞིབ་འདམ་ས་བུམ་མེད་ལ་རེ་འགའ་སྣང་ཡང་ཞིབ་ཚགས་མིན་པ་དང་ས་བུམ་མང་ཆེ་བའི་མདོག་དམར་པོ་ཡིན་ཞིང་ཐལ་མདོག་ཅན་གྱི་ས་བུམ་ཡང་ཡོད། དེ་ལྟ་བུའི་ས་བུམ་མེར་སྲེག་སྐབས་མེ་དབལ་ཆེ་ཆུང་མི་འདྲ་བས་མདོག་ཀྱང་སྣ་ཚོགས་འབྱུང་ངོ་། བང་སོའི་གནས་གཉིས་ཀྱི་འབངས་རྣམས་གཡུ་དང་མ་ན་ཧོ། རྡོ་བྱུར། ལག་གདུབ། རྣ་ལུང་། རི་དྭགས་ཀྱི་མཆེ་བ། ཟངས་ཆས་སོགས་ལུས་ཀྱི་ཡན་ལག་གང་རུང་ལ་བརྒྱན་པའི་གོམས་གཤིས་ཡོད་པ་འདྲ་ལ། ད་དུང་སྒྲོན་བུ་དང་རྡོའི་སྒྲོན་བུ་རུས་སྒྲོན་རྣམས་ལུས་ཀྱི་ཡན་ལག་གང་རུང་ལ་རྒྱན་ཆས་སུ་སྤྲས་པ་མ་ཟད་ཚོང་ཟོང་བརྗེ་རེས་བྱེད་པར་ཡང་བཀོལ་སྤྱོད་བྱེད།
          དུར་སྲོལ་གྱི་ཆ་ལ་དཔག་ན་པུར་གནས་གཉིས་ཀྱི་འབངས་མིས་བང་སོ་ས་ལ་བཅོལ་ཞིང་དབྱིབས་གྲུ་བཞི་ནར་མོ་ལ་ཤིང་གི་པུར་སྒམ་ཡོད་མེད་གང་རུང་དང་། མི་རུས་ཕལ་ཆེ་བ་རྐང་ལག་བརྐྱངས་ཏེ་གན་རྐྱལ་དུ་འཇོག་པ། ད་རུང་བང་སོ་གནས་གཞན་ལ་སྤོར་བ་དང་བསམ་བཞིན་དཀྲོག་རྐྱེན་གཏོང་བའི་དུར་སྲོལ་སོགས་ཡོད། དུར་རྫས་ཀྱི་མང་ཉུང་དང་རིགས་དབྱེ་ལས་འབྱོར་པ་ཡོད་མེད་ཀྱི་ཁྱད་པར་ཤེས་པ་མ་ཟད་དབུལ་ཕྱུག་གཉིས་གྱེས་དང་མཐོ་དམན་ལས་གདོད་མའི་སྤྱི་ལ་དབང་བའི་སྤྱི་ཚོགས་ཁ་ཐོར་ཡིན་པའི་རྣམ་པ་ཤེས་སོ།
          གོང་དུ་རིགས་དབྱེ་གཉིས་ཀྱི་མཚུངས་ཆོས་རྣམས་བརྗོད་ཟིན་ཀྱང་མི་འདྲ་བའང་འགའ་ཞིག་མཆིས་པས་གཤམ་དུ་མདོ་ཙམ་འགོད་པར་བྱ་སྟེ། ཧྲང་སོན་ཀྱཱ་ཙེའི་བང་སོ་རྣམས་མར་ཐད་ཀར་བརྐོས་རྗེས་ད་གཟོད་ཕར་བརྐོས་ནས་བེམ་རོ་འཇུག་པའི་སྲོལ་ཆགས་ལ་མི་ཤིང་གི་པུར་སྒམ་དུ་འཇུག་པ་ཉུང་ཞིང་བང་སོའི་ཁ་ཤར་ཕྱོགས་སུ་གཏད། ཨ་ཧཱི་ཐི་ལ་ཧྲན་གྱི་པུར་འདེབས་སྐབས་མར་ཐད་ཀར་འཇུག་པའི་སྲོལ་མེད་ཅིང་ཁ་ཤར་ནུབ་ཕྱོགས་སུ་གཏད་དོ།
          བེམ་རོ་འཇུག་སྲོལ་ལའང་ཁྱད་པར་འདུག་སྟེ་ཧྲང་སོན་རིགས་དབྱེའི་བང་སོ་ཕལ་ཆེ་བ་མི་རུས་ཁ་སྦུབས་སུ་འཇུག་པའི་སྲོལ་མཐོང་ཞིང་ཨ་ཧཱི་ཐི་ལ་རིགས་དབྱེ་ལ་དེ་མི་སྣང་ངོ་། ཡང་ཨ་ཧཱི་ཐི་ལ་རིགས་དབྱེ་ལ་མི་གསོན་པོ་དུར་དུ་འཇུག་པ་མཐོང་བ་དེ་ཧྲང་སོན་ཀྱཱ་ཙེ་ལ་མི་སྣང་ངོ་། ཧྲང་སོན་ཀྱཱ་ཙེ་རིགས་ལ་བུད་མེད་ཀྱི་དུར་ལས་ཟངས་ཆས་ཀྱི་རྒྱན་ཆས་རིགས་མང་པོ་མཐོང་བ་དཔེར་ན། M723པུར་གྱི་ལུས་སྟེང་དུ་ཟངས་ཆས་(铜泡)བཞི་བརྒྱ་ལྷག་གིས་བརྒྱན་པ་འདིས་གསལ་པོར་མངོན་ཐུབ་པ་ནི་མ་རྒྱུད་དབང་འཛིན་བྱེད་པའི་ལམ་ལུགས་ཡིན་པ་གསལ་པོར་ཤེས།  འོན་ཀྱང་ཨ་ཧཱི་ཐི་ལ་ཧྲན་རིགས་དབྱེའི་པུར་རྣམས་སུ་སྐྱེས་པ་རྣམས་ཀྱི་དུར་རྫས་ཕུན་སུམ་ཚོགས་ཤིང་ཁྱད་དུ་འཕགས་པ་འདིས་ཁ་རུབ་རིག་གནས་སྤྱི་ཚོགས་ཀྱི་འཕེལ་རྒྱས་མི་འདྲ་བའི་རྣམ་པ་མཚོན།
          རིགས་གཉིས་ཀྱི་ས་བུམ་ལའང་ཁྱད་པར་འདུག་སྟེ། ཧྲང་སོན་རིགས་དབྱེའི་བང་སོ་རྣམས་སུ་ཞིབ་ཚགས་མིན་པའི་རྣ་ལུང་ཟུང་ཅན་གྱི་ས་བུམ་ཆེན་མོ་(ནང་དུ་粟米དང་ས་བུམ་གྱི་ཕྱི་རུ་དུ་བའི་དྲེགས་པ་ཆགས་འདུག)དང་མཆུ་ཕྱིར་གྱེས་པའི་རྣ་ལུང་ཟུང་ཅན་གྱི་ས་བུམ་ཆེན་མོ་(འདམ་དང་ཡང་ན་བྱེ་མ་བསྲེས་པའི་ས་བུམ་དམར་པོའམ་ཐལ་མདོག་ཅན་གྱི་ས་བུམ་)རྣ་ལུང་ཟུང་ཅན་གྱི་ས་བུམ་ཅུང་ཆུང་བ་(མང་ཆེ་བར་རི་དྭགས་ཀྱི་རུས་པ་ཡོད་)སོགས་གཙོ་བོ་ཡིན་ལ། ཨ་ཧཱི་ཐི་ལ་ཧྲན་རིགས་དབྱེ་རུ་རྣ་ལུང་ཟུང་ཅན་གྱི་ས་བུམ་དང་མཆུ་ཐད་ཀར་བཞེངས་པའི་ས་བུམ་སོགས་ཀྱི་རྣ་ལུང་ལྟོ་བའི་སྟེང་མཆིས་པ་རྒྱུན་དུ་མཐོང་བས་ས་བུམ་གྱི་གཟུགས་རིས་མི་འདྲ་བའི་ཁྱད་པར་ཤེས། མདོར་ན་ཧྲང་སོན་རིགས་དབྱེ་ལ་ཚོན་རིས་ས་བུམ་ཉུང་ཞིང་བྱེ་བསྲེས་ས་བུམ་མང་བ་དང་། ཨ་ཧཱི་ཐི་ལ་ཧྲན་རིགས་དབྱེ་ལ་བྱེ་བསྲེས་ས་བུམ་ཡོད་པ་མ་ཟད་ཚོན་རིས་ཕབ་འདུག་པའི་ས་བུམ་སྤྱི་ཁྱབ་དུ་དར་འདུག འདིར་འཆད་དགོས་པ་ནི་རིགས་དབྱེ་གཉིས་ལ་ཁྱད་པར་ཆེ་ཡང་རིག་གནས་ཀྱི་ཆ་རྐྱེན་གཙོ་བོ་གཅིག་ཏུ་ཕྱོགས་ཤིང་རིགས་དབྱེ་གཉིས་ལ་ཁྱད་པར་ལས་མཚུངས་ཆོས་མང་བས་ངོ་བོའི་སྒོ་ནས་རིག་གནས་ཀྱི་མ་ལག་གཅིག་ཏུ་བསྡུས་ཏེ་ཁ་རུབ་རིག་གནས་ཟེར་རོ།
          གསུམ། ཁ་རུབ་རིག་གནས་ཀྱི་དཔལ་འབྱོར།
          དུས་རབས་ཀྱི་སྔ་ཕྱི་དང་ས་གཤིས་ཀྱི་ཁྱད་པར་ལས་ཁ་རུབ་རིག་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྣམ་པའང་མི་འདྲ་བ་བྱུང་སྟེ། དཔལ་འབྱོར་གྱི་རྣམ་པ་ནི་ཞིང་ལས་དང་ཕྱུགས་ལས་མཉམ་དུ་གཉེར་ལ། གནའ་རྫས་རིག་པ་སྨྲ་བ་རྣམས་ཀྱིས་སྔོག་འདོན་བྱས་པའི་རིག་དངོས་དང་ཁྱབ་ཁུངས་ལ་དཔག་ན་སྐབས་དེར་རྨ་ཆུ་དང་ཙོང་ཆུའི་འགྲམ་རྒྱུད་དུ་གནམ་གཤིས་དྲོ་གྲང་སྙོམས་པས་རྩི་ཤིང་དང་ནགས་ཚལ་སྟུག་ལ། ནགས་གསེབ་དང་སྤང་ཐང་དུ་རི་དྭགས་སྣ་ཚོགས་མཆིས་པ་གཙོ་བོ་ནི་གླ་བ། དགོ་བ། ཤྭ་བ། འབྲོང་། ནོར། ལུག ཕག་རྒོད་སོགས་འབངས་ཀྱི་རྩོལ་བ་ལ་བརྟེན་ནས་རི་དྭགས་བརྔོན་པ་འཚོ་བའི་གཞི་རྟེན་དུ་གྱུར་ཡོད། བང་སོ་དང་གནའ་ཤུལ་དེ་དག་རྙེད་སའི་གནས་དེ་ནི་སྐབས་དེའི་མི་རྣམས་ཀྱི་སྡོད་གནས་ཡིན་ལ། ཁོང་ཚོ་ཞིང་ལས་དང་བྲལ་མི་རུང་བའི་ཚོ་པ་ཞིག་ཡིན་པ་ནི་ཏ་ཐོན་རྫོང་གི་ཧྲང་སོན་ཀྱཱ་ཙེ་དང་ཞིན་ཧྭ་རྫོང་གི་ཨ་ཧཱི་ཐི་ལ་ཧྲན་གྱི་ས་བུམ་ལས་རྒྱུན་པར་འབྲུ་རིགས་ཉར་བའི་ཤུལ་བཞག་དང་བང་སོ་ལས་སྲ་མཁྲེགས་ཅན་གྱི་ཞིང་ལས་རུས་ཆས་དང་རྭ་ཅོ་(手铲)སོགས་མང་པོ་ཐོན་པ་ལས་ར་སྤྲོད་ཐུབ།
          གནའ་རྫས་དེ་དག་ལས་ང་ཚོས་ཁ་རུབ་ཀྱི་འབངས་མིས་ཞིང་ལས་གཉེར་བའི་གནས་ཚུལ་ཤེས་ལ་དེ་དང་མཉམ་དུ་གནའ་ཤུལ་ལས་རི་དྭགས་སྣ་ཚོགས་ཀྱི་རུས་པའང་རྙེད་སོན་བྱུང་ཡོད། སྔོག་འདོན་བྱས་པའི་བང་སོར་ནོར་དང་ལུག་ཁྱི་ཕག་སོགས་ཀྱི་རུས་པ་ཕུང་རྫས་སུ་སྤྱོད་པ་དང་། ཨ་ཧཱི་ཐི་ལ་ཧྲན་གྱི་པུར་གཅིག་ལས་རྭ་ཅོ་བརྒྱ་ཕུང་རྫས་སུ་སྤྱོད་པའང་མཐོང་། གནའ་ཤུལ་དེ་དག་ལས་རྡོ་ཆས་སྐོར་རྡོ་གྲི་རྡོ་སྟར། རྡོའི་གཞོག་ཆས། རྡོ་འབིགས། རྡོའི་འཕང་ལོ་སོགས་དང་། རུས་ཆས་སྐོར། རུས་གྲི། རུས་འབིགས། རུས་ཁབ། རུས་མདེའུ་སོགས་ལ་དཔག་ན་ཞིང་ལས་དང་ཕྱུགས་ལས་རི་དྭགས་བརྔོན་པ་བཅས་ཤེས་ལ། གཙོ་བོ་ཕྱུགས་ལས་དང་རི་དྭགས་བརྔོན་ཞིང་ཞིང་ལས་ཞོར་ལ་གཉེར་བ་འདྲའོ། ཡང་མཚོ་སྔོན་གྱི་ནུབ་ཕྱོགས་ས་ཁུལ་དུ་ཞིང་ལས་དང་ཕྱུགས་ལས་མཉམ་དུ་གཉེར་བའི་ཁ་རུབ་རིག་གནས་ཀྱི་གནའ་ཤུལ་ལ་རུས་ཆས་མང་བ་མ་ཟད་ཉའི་རུས་པའང་མི་ཉུང་བ་གནས། གནས་དེར་མི་སྡོད་སའི་གནའ་ཤུལ་གྱི་སའི་ཆགས་རིམ་སྲབ་ལ་གནམ་གཤིས་དྲོ་གྲང་གི་དབང་གིས་གཏན་སྡོད་བྱེད་པ་ཉུང་ངོ་།
          ཁ་རུབ་ཀྱི་དུས་སྐབས་དེར་རང་གི་ལག་རྩལ་ལས་བསྐྲུན་པའི་ས་རྫ་དམར་པོ་བྱེ་བསྲེས་ཅན་དང་ཐལ་མདོག་ཅན། དེ་ལས་ངོས་འཇམ་པ་དང་རྒྱུ་སྤུས་ལེགས་པའི་ཚོན་རིས་ཅན་གྱི་ས་བུམ་སྣ་ཚོགས་དར་ནས་འཚོ་བའི་བཀོལ་སྤྱོད་ཐད་རམ་འདེགས་མང་པོ་བྱས་ཡོད་པ་མ་ཟད། མཛེས་དཔྱོད་ཐད་ནས་ཀྱང་ཆུ་ཚད་ངེས་ཅན་ལ་སླེབས་འདུག འོན་ཀྱང་སྔོན་གྱི་རྡོ་ཆས་གསར་མའི་དུས་རབས་ཀྱི་མ་ཅཱ་ཡོའི་ས་བུམ་གྱི་རྒྱུ་སྤུས་དང་ཚོན་རིས་ལ་བསྡུར་ན་རྒུད་པའི་རྣམ་པ་ཧ་ཅང་གསལ། རྒྱུ་མཚན་ནི་ཁ་རུབ་རིག་གནས་ཀྱི་སྐབས་སུ་ཟངས་གཏེར་སྔོག་འདོན་བྱས་ཏེ་མཚོན་ཆ་དང་གཡོལ་ཆས་སྣ་ཚོགས་བསྐྲུན་ནས་རྫ་ཆས་ཀྱི་ཚབ་ཏུ་ཟངས་ཆས་དར་རོ། དེ་ལས་ཀྱང་ངེས་དགོས་པ་ནི་གནའ་ཤུལ་དང་བང་སོ་སྔོག་འདོན་བྱས་པ་ལས་སྒྲོན་བུ་དང་རུས་བཟོས་སྒྲོན་བུ་གང་མང་རྙེད་པ་འདིས་སྐབས་དེའི་སྤྱི་ཚོགས་ནང་ཚོང་ཟོང་བརྗེ་རེས་ཀྱི་ཚད་གཞི་ཡོད་པ་ཤེས་ལ། བང་སོ་འགའ་ཞིག་ལས་གསེར་གྱི་སྒྲོན་བུ་འགའ་རྙེད་པ་དེ་དག་གིས་སྐབས་དེའི་དཔལ་འབྱོར་གྱི་འཕེལ་འགྲིབ་གསལ་པོར་ཤེས་ཤིང་གསེར་ལ་བསྲེགས་བཅད་བྱས་ཏེ་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ཤེས་ཐུབ་བོ།
          བཞི། ཁ་རུབ་རིག་གནས་ཀྱི་དུས་རབས།
          འོ་ན་ཁ་རུབ་རིག་གནས་དུས་རབས་ནམ་ཞིག་ལ་དར་བའི་རིག་གནས་ཡིན་ཞེ་ན་གཤམ་གསལ་གྱི་རེའུ་མིག་གིས་མཚོན་པར་བྱ་སྟེ།
          སྡེ་ཚན།            དུར་རྟགས།      ས་འོག་ནས་ཐོན་པའི་གཤིན་རྫས།      C14དུས་རབས།
          ཨ་ཧཱི་ཐི་ལ་ཧྲན།            M12      ཤིང་ལེབ།                                          3555+130
          ཨ་ཧཱི་ཐི་ལ་ཧྲན།            M12                                          2800+140
          ཀོས་ནས་རྒྱལ་ཐོག   རྩད་ཞིབ་གྲུ་བཞི་མའི་སའི་
                                        བང་རིམ་གསུམ་པ།      སོལ་བ།                                          3185+155
          ཁྲི་ཀ་ཧྲན་ཕེན་ཐང་།           M19      སོལ་བ།                                          2715+70
          ཁྲི་ཀ་ཧྲན་ཕེན་ཐང་།           M44      སོལ་བ།                                          2690+60
          ཧྲང་སོན་ཀྱཱ་ཙེ།            M333                                          3080+120
          C14དུས་རབས་ཐག་གཅོད་བྱས་པའི་མཇུག་འབྲས་ལྟར་ན། ཁ་རུབ་རིག་གནས་ནི་ད་ལྟའི་བར་ལོ་ངོ་2690ནས་3555བར་མཚོ་སྔོན་ས་ཁུལ་དུ་དར་ཁྱབ་ཆེ་བའི་བོད་ཀྱི་རིག་གནས་ཡིན་པ་རྒྱ་ནག་གི་གནའ་རྫས་སྨྲ་བ་ཐམས་ཅད་ཀྱིས་མགྲིན་པ་གཟེངས་སུ་བཏེགས་ནས་ཁས་ལེན་ནོ། ཡང་སྔོག་འདོན་བྱེད་སྐབས་ཧྲང་སོན་ཀྱཱ་ཙེའི་པུར་ལས་ཁ་རུབ་པས་ཆུ་ཀྱཱ་རིག་གནས་ཀྱི་སའི་ཆགས་རིམ་མནན་འདུག་པ་མ་ཟད་ཁ་རུབ་རིག་གནས་ཀྱིས་ཆུ་ཀྱཱ་རིག་གནས་ཀྱི་ཐལ་དོང་བརྟོལ་འདུག་པ་འདི་དག་གི་ཐོག་ནས་ཁ་རུབ་རིག་གནས་ཆུ་ཀྱཱ་རིག་གནས་ལས་མཆེད་པ་ཡིན་པ་ཤེས་སོ། ཆུ་ཀྱཱ་རིག་གནས་ནི་(中原)ས་ཁུལ་གྱི་(龙山)རིག་གནས་ཀྱི་མཇུག་མཐར་དར་ཞིང་( 夏)རྒྱལ་རབས་ཀྱི་མཇུག་ནས་(商)རྒྱལ་རབས་བར་དར་བས། ཁ་རུབ་རིག་གནས་(夏)རྒྱལ་རབས་ལས་སྔ་བར་མི་སྣང་ངོ་། རྒྱུ་མཚན་དེའི་ཕྱིར་ཁ་རུབ་རིག་གནས་དར་བའི་དུས་རབས་ནི་(夏 )རྒྱལ་རབས་ཀྱི་མཇུག་ནས་(西周)རྒྱལ་རབས་ཀྱི་དུས་འགོར་དར་ཞིང་རྒྱས་ལ་(汉)རྒྱལ་རབས་སྐབས་སུ་རིམ་བཞིན་རྒུད་པའི་རིག་གནས་ཤིག་ཡིན། མདོར་ན་ཁ་རུབ་རིག་གནས་ནི་རིག་གནས་དེའི་ཁྱབ་ཁོངས་དང་ལོ་ཚིགས་གང་གི་ཐད་ནས་བརྗོད་ནའང་། དེ་ནི་མཚོ་སྔོན་ས་ཁུལ་དུ་དར་རྒྱས་ཧ་ཅང་ཆེ་བའི་ཟངས་ཆས་དུས་རབས་ཀྱི་རིག་གནས་ཁྱད་དུ་འཕགས་པ་ཞིག་ཡིན་ནོ།
          ལྔ། ཁ་རུབ་རིག་གནས་རུས་ཁོངས་གང་ལ་གཏོགས་པ།
          རང་རེའི་རྒྱབ་ཁབ་ཀྱི་གནའ་རྫས་རྟོག་དཔྱོད་སྨྲ་བ་རྣམས་ཀྱིས་ཀན་སུའུ་དང་མཚོ་སྔོན་ས་ཁུལ་གྱི་རིག་གནས་ལ་བརྩི་མཐོང་ཆེན་པོ་བྱེད་ལ། དེ་ནི་གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ་ཞིང་ཕྱུགས་ལས་མཉམ་དར་གྱི་ས་ཁུལ་ཡིན་པས། དཔལ་འབྱོར་དང་རིག་གནས། མིའི་རིགས་ཀྱི་སྲོལ་རྒྱུན་སོགས་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ནོ་ཟེར། འོ་ན་དེ་ལྟ་བུའི་ཁྱད་ཆོས་ལྡན་པའི་རིག་གནས་དེ་མི་རིགས་གང་ཞིག་གིས་གསར་གཏོད་དང་རྒྱུན་འཛིན་བྱས་ཟེར་ན། གནའ་རྫས་རྟོག་ཞིབ་སྨྲ་བ་རྣམས་ཀྱིས་མགྲིན་གཅིག་ཏུ་བོད་མི་རིགས་ཡིན་ནོ་ཞེས་སྨྲ་བར་ནུས་ལ། རྒྱུ་མཚན་ནི་མཚོ་སྔོན་ས་ཁུལ་དུ་སྔོག་འདོན་བྱས་པའི་ཁ་རུབ་རིག་གནས་ཀྱི་གནའ་ཤུལ་དང་དུར་སྲོལ། ཆོས་ལུགས་ཀྱི་རྣམ་པ་སོགས་ལས་གསལ་པོར་ཤེས་ཐུབ་བོ། དེའི་ཐད་ལ་རྒྱའི་གནའ་བོའི་དེབ་ཐེར་དག་ལས་བོད་ལ་གནའ་སྔ་མོ་ཆང་ཞེས་འབོད་དེ། ཆང་རིགས་ནི་ནུབ་བྱང་ས་ཁུལ་གྱི་ཆེས་སྔ་བའི་གནའི་མི་རིགས་ཤིག་ཡིན་ཞིང་། མི་རིགས་དེའི་འགུལ་སྐྱོད་ཀྱི་མངའ་ཁོངས་ནི་ཤར་ཧྲན་ཞི་དང་ཀན་སུའུ་མཚོ་སྔོན་བཅས་ཡིན། འོན་ཀྱང་ཆང་རིགས་རྣམས་གཅིག་སྡུད་བྱས་ཏེ་སྡེ་ཤོག་མནའ་འབྲེལ་དང་གཅིག་གྱུར་བྱས་པའི་གནས་ཚུལ་ལོ་རྒྱུས་རྣམས་སུ་མི་གསལ་ཞིང་། རྒྱའི་དེབ་ཐེར་རྗེས་མ་ནུབ་ཆང་གི་གཏམ་རྒྱུད་ནང་། ཆང་རིགས་ལ་གནའ་ནས་རུས་སྣ་ཚོགས་མཆིས་ཤིང་རིག་གནས་དར་སྔ་ལ་ཆུ་ཚད་ཀྱང་ངེས་ཅན་སླེབས་ཡོད་ལུགས་དང་། ལྷག་པར་(商)རྒྱལ་རབས་ཀྱི་དུས་མཇུག་ཏུ་ཆང་རིགས་སྔོན་ཐོན་ཅན་མང་པོའི་འཚོ་སྡོད་བྱེད་གནས་ནི་(宝鸡)ཞེས་པའི་ས་ཁུལ་ཡིན་ལ། ཁོ་བོ་ཅག་(周)རྒྱལ་རབས་ཀྱི་ཀྲིག་མིའི་མེས་པོ་ཡིན་པས་(周)རྒྱལ་རབས་ཚུགས་པ་ལ་རམ་འདེགས་དང་རྒྱབ་སྐྱོར་གང་མང་བྱས་ཡོད་པ་མ་ཟད། ཕན་ཚུན་བར་གཉེན་འབྲེལ་ཡང་གང་མང་བྱུང་ཚུལ་བརྗོད་ཡོད། ཕྱིས་སུ་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་(周)རྒྱལ་རབས་དང་འདྲེས་པའི་རིགས་ལ་ཅང་ཞིན་(姜姓)སྡེ་ཤོག་ཅེས་བརྗོད། སྡེ་ཤོག་དེ་ཧྲན་ཞི་(陕西)དང་པའོ་ཅི་( 宝鸡)ས་ཁུལ་དུ་འཚོ་གནས་བྱས་ཡོད་པ་ནི་ས་ཆ་དེ་དག་ནས་སྔོག་འདོན་བྱས་པའི་གནའ་རྫས་དག་ལས་ཤེས་པ་མ་ཟད། སྐབས་དེར་དཔལ་འབྱོར་དང་རིག་གནས་ཕྱོགས་གང་ཐད་ནས་ཀྱང་(周)རྒྱལ་རབས་ལས་ལྷག་པ་ཡོད་པའི་གནས་ཚུལ་བཅས་གནའ་རྫས་སྨྲ་བ་རྣམས་ཀྱིས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་དོ།
          བོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་པོ་དམུ་དགེ་བསམ་གཏན་གྱིས་ཀྱང་ཟུང་ཆུའི་ས་འདི་ཡང་གནའ་དུས་མདོ་སྨད་སྤྱི་བོད་ཀྱིས་བཟུང་བ་ལྟར་བོད་མི་དག་གིས་བཟུང་བ་ཡིན་མོད། རྒྱའི་ལོ་རྒྱུས་འགའ་ཞིག་ཏུ་བོད་ལ་སྤྱང་དང་ནུབ་སྤྱང་(西羌)ཟེར་བ་སོགས་ནི་བོད་ཀྱི་རུས་ཆེན་སྤྱང་ཞེས་པ་ལས་བཏགས་པར་ཟད་དེ། བོད་ཀྱི་མིང་ལ་གནའ་སྔ་མོ་ནས་བོད་ཅེས་འདོད་རྒྱལ་གྱི་མིང་ནས་འབོད་པ་ནི་འཛམ་གླིང་ཀུན་གྱི་མཐོང་ཆོས་ལགས་སོ། གནའ་དུས་བོད་ཀྱི་རུས་ཆེན་བཞི་ལས་གྱེས་པའི་ཁམས་ཀྱི་མིང་འདོགས་ཚུལ་ནི། ཡེ་སངས་དཀར་པོ། ཡེ་སྨོན་ནག་པོ། མོན་རྫི་ནག་པོ། སྤྱང་ཁྲིག་ཡེ་ཤེས་ཏེ་བཞི་ཡོད་ལ། སྤྱང་ཁྲིག་གི་རིགས་ལ་སྤྱང་ཞེས་འབོད་པས་དེའི་སྒྲ་ལས་བོད་སྤྱི་ལ་དེ་ལྟར་བཏགས་པར་མངོན་ཞེས་དང་། རྒྱའི་ལོ་རྒྱུས་སྨྲ་བ་ཀོའུ་ཀྱེ་གང་དང་ཡོ་བེ་ཡོན་གཉིས་ཀྱིས་ཀྱང་དེང་སྐབས་ཀྱི་བོད་རིགས་ནི་གནའ་བོའི་སྤྱང་རིགས་ལས་མཆེད་པ་ཞིག་ཡིན་ཞེས་འདོད་ལ། རིན་ནེ་ཆང་ནས་ཐུ་བྷོད་ཀྱིས་སྔོན་ཕྱུགས་གཉེར་ལ་སྤྱང་གི་རིག་གནས་ཁྱབ་སྤེལ་དུ་བཏང་ཞེས་གསུངས། གོང་གི་ཡིག་ཚངས་འདི་དག་ལས་ཤེས་ཐུབ་པ་ནི་རྒྱས་ཐོག་མར་བོད་ཀྱི་རུས་ཆེན་བཞིའི་ནང་གི་སྤྱང་རིགས་ལ་འབྲེལ་འདྲིས་བྱས་ཏེ་བོད་ཀྱི་སྤྱི་མིང་ལ་བྱེ་བྲག་རུས་ཤིག་གི་མིང་བཏགས་པར་མངོན་པ་མ་ཟད། ཧན་རྒྱལ་རབས་ཡར་སྔོན་ལའང་ཧྲན་ཞི་དང་ཀན་སུའུ་མཚོ་སྔོན་ས་ཁུལ་དུ་བོད་རིགས་འཚོ་སྡོད་བྱས་ཡོད་པ་ས་འོག་ནས་རྙེད་པའི་གནའ་རྫས་སོགས་ཀྱིས་བདེན་དཔང་བྱས་ཡོད།
          ཁ་རུབ་རིག་གནས་ནི་མཚོ་སྔོན་ས་ཁུལ་དུ་དར་ལ་སྤྱང་མི་འདུག་སའི་ས་དཀྱིལ་དང་གནས་གཙོ་བོ་ཡིན། 《汉书地理志》ནང་གི་“ 湟中 ”ནི་ཙོང་ཆུའི་བཞུར་རྒྱུད་ལ་ཟེར་བ་དང་། “羌中 ”ནི་མཚོ་སྔོན་ནུབ་ཕྱོགས་ཀྱི་ས་རྒྱ་ཆེན་པོ་དེ་དག་ལ་གོ་ཞིང་། དེ་སྤྱང་མིའི་སྡོད་གནས་ཡིན་ནོ་ཟེར། ད་དུང་ཁ་རུབ་ཀྱི་མི་རིགས་དེ་ཡང་སྙིང་རུས་གང་ལ་གཏོགས་པ་རྩད་གཅོད་གསལ་པོ་བྱེད་དགོས་ན་ཐོག་མར་རུས་པའི་གྲུབ་ལུགས་དང་སྐྱེ་མཆེད་གསལ་པོར་བསྡུར་ནས་མིའི་ལུས་ཁམས་རིག་པའི་ལམ་ནས་ཞིབ་འཇུག་བྱེད་དགོས། སྔོན་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་སྡེ་ཁག་གི་ཕན་ཆི་ཧྥིན་གྱིས་ཁ་རུབ་ཀྱི་ལུས་ཁམས་ཆགས་ཚུལ་དང་བྱང་ཕྱོགས་ཀྱི་སོག་པོའི་ལུས་ཁམས་གཉིས་དབར་མཚུངས་ཆོས་མང་པོ་ལྡན་པར་བསྟན། གང་ལྟར་མིའི་རིགས་ཀྱི་རིག་པ་(人类学 )སྨྲ་བ་རྣམས་ཀྱིས་བོད་ཀྱི་མི་རྒྱུད་འདི་སོག་པོའི་མི་རྒྱུད་དང་འདྲ་ཞེས་གླེང་བ་དང་། དགེ་ལེགས་ནས་ཀྱང་མི་མང་པོའི་ལུས་ཕུང་གི་ཁྱད་ཆོས་ལ་བརྟག་དཔྱད་བྱས་མཐར་སོག་པོའི་མི་རྒྱུད་ནང་གི་(东亚)ལུས་ཁམས་ཀྱི་ཁོངས་སུ་བཞག་ཚུལ་སོགས་ལྟ་ཚུལ་སྣ་ཚོགས་ཡོད་པས། སླད་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་མཚོ་སྔོན་ས་ཁུལ་གྱི་གནའ་བོའི་ལོ་རྒྱུས་ལ་ཞིབ་འཇུག་དཔྱིས་ཕྱིན་པ་ཞིག་བྱེད་རྒྱུ་དེ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཡིན་པར་སྙམ་མོ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1