གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

སྙན་བཟང་པ་ཀུན་བཟང་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༤ཚེས་༣༠ཉིན།

༄༅།། གནའ་བོའི་ཡིག་རྙིང་ལས་འཕྲོས་ཏེ་ཕྲད་སྦྱོར་འགའི་གནད་དོན་ལ་ཅུང་ཙམ་དཔྱད་པ།

 སྙན་བཟང་པ་ཀུན་བཟང་རྒྱལ།
          བོད་བཙན་པོའི་རྒྱལ་རབས་ཀྱི་རྗེས་སུ་བྱུང་བའི་མདོ་སྔགས་རིག་གཞུང་དང་ལོ་རྒྱུས་དེབ་ཐེར་སོགས་དཔེ་གཞུང་མང་པོ་ཞིག་ན་བརྡ་སྤྲོད་རིག་པའི་རྣམ་གཞག་ལྟར་ཕྲད་ཀྱི་སྦྱོར་ལུགས་དང་ཡི་གེའི་འཇུག་ཚུལ་གཅིག་མཐུན་དུ་གྱུར་ཡོད་ནའང་། བོད་གནའ་རབས་ཀྱི་ཡིག་ཆ་སྟེ་སྤུ་རྒྱལ་བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དང་། དྲིལ་བུའི་ཁ་བྱང་། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཤོག་དྲིལ། དེ་མིན་སྤྱི་ལོ་༢༠༠༩ལོར་གསར་དུ་རྙེད་པའི་《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་》ཞེས་པའི་ནང་སྤུ་རྒྱལ་བཙན་པོའི་དུས་སུ་གཏོགས་པའི་རྩ་ཆེན་དཔེ་རྙིང་ཁག་བཞི་ཙམ་བདམས་སྒྲིག་བྱས་ཡོད་པ་དང་། ཡིག་རྙིང་དེ་རིགས་ཁྲོད་ཀྱི་བོན་དཔེའི་བརྗོད་དོན་གཙོ་བོ་ནི་ལོ་ངོ་ཆིག་སྟོང་གི་བོན་གྱི་ཤེས་རིག་སྐོར་ཡིན་པ་དང་། རྗོད་བྱེད་ཀྱི་ཚིག་ནི་ཏུན་ཧོང་ཡིག་རྙིང་གི་ཁྱད་ཆོས་དང་འདྲ་མཚུངས་སུ་ཡོད་ལ་བྲིས་གཟུགས་ཀྱང་རྙིང་ཉམས་ལྡན་པ་ཞིག་འདུག་པ་བཅས་ཀྱི་ཡིག་རྙིང་དག་དཔྱད་གཞིར་བཟུང་སྟེ། འདིར་རྩ་གཞུང་དང་མི་མཐུན་པའི་ཕྲད་ཀྱི་སྦྱོར་ལུགས་དང་འཕུལ་རྟེན་ཡི་གེའི་འཇུག་ཚུལ་སྐོར་གྱི་གནད་དོན་འགའ་ཞིག་གླེང་བར་འདོད་པ་ལ།
          དང་པོ། བྱེད་འབྲེལ་ལས་བྱུང་བའི་ཕྲད་ཀྱི་སྦྱོར་ཚུལ།
          དེ་ཡང་རྗེས་འཇུག་གང་དག་གི་རྗེས་སུ་བྱེད་འབྲེལ་གྱི་ཕྲད་གང་ཞིག་སྦྱོར་དགོས་མིན་སྐོར་རྩ་གཞུང་དུ་དངོས་སུ་བསྟན་འདུག་པ་འདི་ལྟ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །དེ་ཉིད་ལ་ནི་བཅུ་པ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། །ཞེས་རྗེས་འཇུག་བཅུའི་དང་པོ་ག་དང་ང་གཉིས་ཀྱི་རྗེས་སུ་བྱེད་འབྲེལ་གྱི་ཕྲད་གི་དང་གིས་སྦྱོར་དགོས་ཤིང་། རྗེས་འཇུག་གསུམ་ལྔ་བཅུ་སྟེ་ད་བ་ས་གསུམ་དང་ཡང་འཇུག་ད་སའི་རྗེས་སུ་ཀྱི་དང་ཀྱིས་སྦྱོར་དགོས་པ་དང་། རྗེས་འཇུག་བདུན་པ་འ་ཡིག་རྗེས་སུ་འི་དང་འིས་སྦྱོར་བ་དང་། དེ་དག་ལས་གཞན་ལྷག་མ་ན་མ་ར་ལ་བཞི་པོའི་མཐའ་ཅན་རྣམས་ལ་གྱི་དང་གྱིས་འཇུག་དགོས་པ་གསལ་པོར་བསྟན་མོད། འོན་ཀྱང་P. T. 1082ཏེང་རེ་ཧྱེ་པུར་ཁ་གན་གྱི་བཀའ་ཡིག་(P. T. ནི་པཱ་ལི་དཔེ་མཛོད་ཁང་དུ་ཡོད་པའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ཡིག་ཆའི་བསྡུས་མིང་དང་། 1082ནི་ཡིག་ཆའི་ཨང་གྲངས་ཡིན་) (1)ལས་བྱེད་འབྲེལ་གྱི་ཕྲད་༢༢བྱུང་ཡོད་པ་ཐམས་ཅད་འདིར་དྲངས་ན། པུར་ཁ་གན་གྀ། དབྱར་གྀ། ཆབ་སྲྀད་གྀ། བདག་གྀ། ཀེང་ཤི་འྀ། གོག་ཆུ་མ་གྲོམ་གྀ། བོད་གྀ། ཁྱེད་གྀ། བོད་གྀ། སྟོན་གྀ། གྱུར་པ་འྀ། གསེར་མགར་གྀ། ཀུན་གྀ། བདག་གྀས། སྡུན་གྀ། འདྲུལ་བ་འྀ། གསོལ་པ་འྀ། རྒྱ་རྗེ་འྀ། བདག་གྀས། སྟོན་གྀ། མཆིས་པ་འྀ། བདག་གྀ། ཞེས་བྱུང་བའི་ཕྲད་འདི་དག་ནང་འབྲེལ་སྒྲའི་ཕྲད་“ཀྱི་གྱི་”གཉིས་ཀྱི་འཇུག་ཚབ་ཏུ་“གི་” སྦྱར་ཡོད་པས་རྩ་གཞུང་དང་མི་མཐུན་པའི་ཕྲད་ཀྱི་སྦྱོར་ཚུལ་༡༢བྱུང་ཡོད།
          སྤྱི་ལོ་༧༦༣ཙམ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བློན་པོ་སྟག་སྒྲ་ཀླུ་ཁོང་གི་བྱས་རྗེས་ལ་བསྟོད་སླད་བསླངས་པའི་རྩེ་པོ་ཏ་ལའི་མདུན་གྱི་ཞོལ་རྡོ་རིང་(2)ཡི་གེའི་ནང་བྱེད་འབྲེལ་གྱི་ཕྲད་༨༥བྱུང་ཡང་རྩ་གཞུང་དང་མི་མཐུན་པའི་ཕྲད་ནི་རིམ་པ་ལྟར། རྗེ་བླས་གྱྀ། བུ་ཚ་རྒྱུད་གྱིས། བཀའ་གྱོད་གྱི། རབས་ཆད་གྱྀ། བུ་ཚ་རྒྱུད་འཕེལད་གྱི། སླེབས་གྱི། བུ་ཚ་རྒྱུད་འཕེལད་གྱི། སླེབས་གྱི། བུ་ཚ་རྒྱུད་ཕེལད་གྱྀས། གཉྀས་གྱི། འཕེལད་གྱྀ། ཁྲྀ་སྲོང་ལྡེ་བརྩན་ཀྱི། སྲིད་གྱི། བཀའ་སྩལད་གྱིས། གྲོས་གྱིས། བཀའ་གྲོས་གྱྀ། བོད་གྱྀས། བཀའ་གྲོས་གྱྀ། བོད་གྱྀས། ཞེས་ཕྲད་༡༩བྱུང་ཡོད། དེ་ཡང་“གྱི་” འཇུག་ཚབ་ཏུ་ཀྱི་” སྦྱར་བ་གཅིག་མ་གཏོགས་གཞན་ཚང་མ་“ཀྱི་ཀྱིས་” འཇུག་ཚབ་ཏུ་“གྱི་གྱིས་”གཉིས་སྦྱར་ཡོད།
          《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》(3)ལས་རྨ་ཐེམ་པ་དགུ་རྒལ་བའི་སྐོར་ཞེས་པའི་ཚན་པ་དེ་ན་ཡང་། ཁྲག་གྱྀ། ལྕགས་གྱྀ། ཟངས་གྱྀ། ཁོང་གྱིས། ལུག་གྱྀ། རང་གྱྀ། ཡན་ཅད་གྱི། ནད་གྱྀ། ཟངས་གྱྀ། རྩི་སྨན་གྱྀ། ཐང་གྱྀ། བྱང་གྱྀ། བོད་གྱི། ཤད་གྱྀས། བྱང་གྱྀ། བོད་གྱི། ཅིག་གྱྀས། ཚལ་གྱྀས། མོན་གྱྀ། གསུམ་གྱྀ། ཟངས་གྱྀ། སྣམ་གྱྀས། ཙམ་གྱྀ།  ཡ་ངལ་གྱྀ། ཙམ་གྱྀ། བྱང་གྱྀ། ལྕགས་གྱྀ། ཟངས་གྱྀ། ཁྱོད་གྱྀ། ལྕགས་གྱྀ། ཁྲོད་གྱྀ། དུང་གྱྀ། རྔུལ་གྱྀ། ཟངས་གྱྀ། ཁྲག་གྱྀ། ཟངས་གྱྀ། ཁྱོད་གྱྀ། ཟངས་ཀྱྀ། ལྕཊ་ཀྱི། ཤེལ་གྱི། གསེར་གྱྀ། ཤེལ་གྱི།   གསེར་གྱྀ། གཙོ་སྣམ་གྱྀ། སྐྱྀ་རྒྱལ་གྱྀས། ཟངས་ཀྱྀ། སྐྱྀ་རྒྱལ་གྱྀས། དུང་གྱྀ། སྐྱྀ་རྒྱལ་གྱྀས། ཡབ་གྱྀ། ཞེས་བྱེད་འབྲེལ་གྱི་ཕྲད་༥༠ཡོད་པ་ལས་“ག་ང་ད་ས་”རྣམས་ཀྱི་རྗེས་སུ་“གྱི་གྱིས་”གཉིས་ཀྱི་ཕྲད་སྦྱར་བས་རྩ་གཞུང་དང་མི་མཐུན་པའི་ཕྲད་སྦྱོར་༣༣བྱུང་ཡོད།
          སི་ཏུའི་སུམ་འགྲེལ་ལས། “འདིར་རྗེས་འཇུག་གི་ཡི་གེའི་བྱ་བ་གཙོ་བོར་བསྟན་པས་དངོས་སུ་མི་འབྱུང་ཡང་འ་ཡིག་གི་མཐར་རྐང་པ་ཁ་སྐོང་དགོས་པའི་ཚེ་ཡ་ཡིག་སྦྱར་བ་དང་།…… དེ་དག་ཐམས་ཅད་ལ་རིམ་པ་བཞིན་ཨི་ཡིག་སྟེ་གི་གུ་སྦྱར་” (4)ཞེས་གསུངས་པ་ལྟར། སུམ་འགྲེལ་གྱི་གཞུང་སོགས་ན་“ཡི་ཡིས་”གཉིས་ནི་རྩ་བའི་ལུང་གིས་མ་ཟིན་པའི་ཕྲད་ཀྱི་གྲས་སུ་བཞག་ཡོད་མོད། རྐྱེན་གྱི་ཡི་གེ་“ཡི་”དང་“ཡིས་” གཉིས་ཡིག་རྙིང་ཁྲོད་གཏན་ནས་མི་མཐོང་བ་ཞིག་ཀྱང་མ་ཡིན་ཏེ། བཙན་པོ་ཁྲི་རལ་གྱི་རིང་ལ་(སྤྱི་ལོ་༨༢༣)བཞེངས་པའི་ཁྲང་ཆིན་མཐུན་འབྲེལ་རྡོ་རིང་ཤར་ངོས་ཀྱི་ཡིག་ཕྲེང་དྲུག་ཅུའི་སྟེང་“རྒྱ་ཡིས་གཙིགས་བཟུང་ངོ་”(5)ཞེས་བྱེད་པའི་ཕྲད་སྦྱོར་ཞིག་དང་། དེ་མིན་《དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་》ལས་རྣེལ་དྲྀ་འདུལ་བའི་ཐབས་སོགས་ཞེས་པའི་ཚན་པ་དེའི་ཨང་རིམ་བཅུ་གཉིས་པའི་ཡིག་ཕྲེང་བདུན་པ་ན་“བས་ཀྱི་ར་རྫ་ཡྀས་”ཞེས་དང་། ཨང་རིམ་ཉེར་གཅིག་པའི་ཡིག་ཕྲེང་བཅུ་གཅིག་པ་ན་“སྐྱི་སྲིན་འགོ་ར་ཡྀས་” ཞེས་དང་། ཨང་རིམ་ཉེར་གཉིས་པའི་ཡིག་ཕྲེང་གསུམ་པ་ན་“སྐྱི་ཕྱུག་ལྗོན་པ་ཡྀས་”ཞེས་དང་། ཡིག་ཕྲེང་བཞི་པ་ན་“སླུག་གུ་རྒུ་ཡྀས་”ཞེས་དང་། ཡིག་ཕྲེང་དྲུག་པ་ན་“ཤུ་གུ་འབུམ་དགུ་ཡྀས་”ཞེས་དང་། ཨང་རིམ་སོ་གཉིས་པའི་ཡིག་ཕྲེང་ལྔ་པ་ན་“དབྱེ་གཤེན་མཁར་བུ་ཡིས་”ཞེས་བྱེད་པའི་ཕྲད་དྲུག་དང་། ཤ་རུ་ཤུལ་སྟོན་གྱི་རབས་ལ་སོགས་པ་ཞེས་པའི་ཚན་པ་དེའི་ཨང་རིམ་གསུམ་པའི་ཡིག་ཕྲེང་བདུན་པ་ན་“གདོ་ཕོ་མོ་ངའ་ཡྀ་འཕྱྀར་གདོང་རྒོས་སུ་གསུང་། །”ཞེས་དང་། ཨང་རིམ་བཞི་པའི་ཡིག་ཕྲེང་གཉིས་པ་ན་“དྲི་བོན་ངའ་ཡི་ཞའ་འབྲིང་དུ་འདོང་གྱིས་གསུང་”ཞེས་དང་། ཡིག་ཕྲེང་དགུ་པ་ན་“ཤ་བ་མཆིད་ནས་ང་སྐྱེངས་སུ་འཇུག་པ་ལྟད་མོ་བའ་ཡྀ་྾྾྾ ”ཞེས་དང་། ཨང་རིམ་ལྔ་པའི་ཡིག་ཕྲེང་དང་པོ་ན་“྾྾ཡི་འི་གླུད་དུ་མདའ་བཀྲའ་ཉྀ་མག་མ་འབུལ། །”ཞེས་དང་། ཡིག་ཕྲེང་གཉིས་པ་ན་“ལའ་ཡྀ་མིང་བའ་ནྀ་མཆོང་”ཞེས་དང་། ཡིག་ཕྲེང་བདུན་པ་ན་གཡུ་ཡྀ་སྐས་བཙུགས་ཕའ་དེར་གཤགས་ཤྀག །”ཅེས་དང་། ཨང་རིམ་བཅུ་གཉིས་པའི་ཡིག་ཕྲེང་དང་པོ་ན་“དི་མྀ་མེན་དྲེའ་ཡྀ་བུ། །”ཞེས་དང་། ཡིག་ཕྲེང་གསུམ་པ་ན་“ལྗརྨང་བྱ་ཡྀ་བུ་ཆུང་དུ་མ་བསངས་ནའ། །”ཞེས་དང་། ཡིག་ཕྲེང་བཞི་པ་ན་“ དེ་ཡི་གཆུང་པོ་བའ། །”ཞེས་དང་། ཡིག་ཕྲེང་བདུན་པ་ན་“ཆུ་ཡྀ་ཟུངས་པའ་བཞྀ། །”ཞེས་དང་། ཡིག་ཕྲེང་དགུ་པ་ན་“ཆུ་ཡྀ་ཟུངས་བཞྀ་ཡང་། །” ཞེས་དང་། ཨང་རིམ་བཅུ་གསུམ་པའི་ཡིག་ཕྲེང་གཉིས་པ་ན་ས་དེ་དེ་ཡི་གཅུང་པོ་བའ་”ཞེས་དང་། ཡིག་ཕྲེང་གསུམ་པ་ན་“དེ་དེ་ཡི་གཅུང་པོ་བ་ཆུ་བཙན་བརྒྱལ་བས་བྱའ། །”ཞེས་དང་། ཡིག་ཕྲེང་བཞི་པ་ན་“ས་ཆུ་ཡྀ་བཙན་བཞྀ་ཡང་དེ་ལྟར་ལགས”ཞེས་དང་། ཡིག་ཕྲེང་ལྔ་པ་ན་“ཆུ་ཡྀ་སྒོ་བཞི་ལའ། །”ཞེས་དང་། ཡིག་ཕྲེང་དྲུག་པ་ན་ཆུ་ཡི་ལག་པའ་ཞི་ལ་སྒོ་གཅིག །”ཅེས་དང་། ཨང་རིམ་བཅུ་དྲུག་པའི་ཡིག་ཕྲེང་ལྔ་པ་ན་“པོ་ཡི་མདུན་བཙུགས་སྟེའ་”ཞེས་དང་། ཨང་རིམ་བཅུ་བདུན་པའི་ཡིག་ཕྲེང་ལྔ་པ་ན་“ཆུ་བདུད་ཆེན་པོ་བཞྀ་ཡྀ་ལེའ་ལའ། །”ཞེས་དང་། ཨང་རིམ་ཉི་ཤུ་པའི་ཡིག་ཕྲེང་གཉིས་པ་ན་“དཀར་པོ་ཡི་མེ་མ་བུས། །” ཞེས་དང་། ཡིག་ཕྲེང་བདུན་པ་ན་“མརྫོ་ཡི་སྣ་འཕོལ་ཏེའ། །”ཞེས་དང་། ཨང་རིམ་ཉེར་གཉིས་པའི་ཡིག་ཕྲེང་དྲུག་པ་ན་ཆུ་ལྕགས་འདྲོའ་བོ་ལ་རྣོ་ཡི་མཚོན་བརྟུངས་ཉ་ཡི་ལུས་ལ་དབྱེ་བླངས་”ཞེས་དང་། ཨང་རིམ་ཉེར་བཞི་པའི་ཡིག་ཕྲེང་གསུམ་པ་ན་“ཕ་ནྀ་ཆུ་ཡི་ཁ་དོག་དུ་བསྲིད་དོའ། །”(6)ཞེས་དྲུག་སྒྲའི་ཕྲད་ཉེར་གསུམ་བྱུང་ཡོད་པ་བཅས། དེ་དག་བསྡོམས་ན་“ཡི་ཡིས”ཕྲད་ཉེར་དགུ་ཡོད། དེ་དག་ཐོག་ནས་ཕྲད་“ཡི་”དང“ཡིས་” གཉིས་བཙན་པོའི་དུས་སུ་བྱུང་ཡོད་པ་རྟོགས་ཐུབ། དེ་ལས་རྨ་ཐེམ་པ་དགུ་རྒལ་བའི་སྐོར་ཞེས་པའི་ཚན་པ་དེ་ན་“ངའ་ཡྀ། ངའ་ཡྀ། བའ་ཡྀ། དྲེའ་ཡྀ་”ཞེས་མཐའ་རྟེན་འ་མཐའ་མ་དོར་བ་བཞི་དང་། གཞན་“མིང་བའ་ནྀ། བཙུགས་ཕའ། བསངས་ནའ། གཆུང་པོ་བའ། ཟུངས་པའ། བས་བྱའ། བཞི་ལའ། ལག་པའ། བཙུགས་སྟེའ། ལེའ་ལའ། འཕོལ་ཏེའ། བསྲིད་དོའ་”ཞེས་མཐའ་རྟེན་འ་མཐའ་མ་དོར་བ་བཅུ་གཉིས་ཡོད་པ་འདི་དག་ལ་དཔགས་ན་བཀས་བཅད་མ་བྱས་པའི་ཡར་སྔོན་གྱི་ཡིག་རྙིང་ཡིན་པ་མཚོན་ཐུབ་པར་མ་ཟད། “ཡི་ཡིས”གཉིས་དུས་སྐབས་ནམ་ཞིག་ནས་གསར་དུ་བྱུང་བའང་ཤེས་ཐུབ།
          ཨི་ལྡན་གྱི་ཕྲད་གི་གྱི་འི་གིས་གྱིས་འིས་བཅས་དྲུག་ནི་ཡིག་རྙིང་དུ་རྒྱུགས་ཆེ་བར་མངོན་ཞིང་། ཕྲད་སྦྱོར་གྱི་ངོས་ནས་དེང་གི་བརྡ་སྤྲོད་ཀྱི་ལུགས་དང་བསྡུར་ཚེ་ནོར་སྐྱོན་འདུག་པ་དང་། ལྷག་པར་དུ་རྗེས་འཇུག་ད་བ་ས་གསུམ་གྱི་རྗེས་སུ་“གྱི་གྱིས་”གཉིས་གང་ཐོབ་ཀྱིས་སྦྱར་ཡོད་པ་ཀgaཞེས་དམ་པ་དང་། ཨ་ཡིག་གི་སྒྲའི་ཆ་དང་ལྡན་པར་མགྲིན་པ་བཙུམ་ཞིང་དབུགས་སྟོབས་ཆུང་ལ་སྟོད་དུ་གྲིམ་པས་སྒྲ་དྲག་པའི་ཚུལ་གྱིས་འདོན་པས་ན། རྟགས་འཇུག་གི་རྩ་གཞུང་དུ་ཕོ་ནི་དྲག་པའི་ཚུལ་གྱིས་ཏེ་”ཞེས་པ་དང་། སྡེ་པ་དང་པོའི་ཡི་གེ་གསུམ་པ་གkhaཞེས་ལྷོད་པ་དང་། འ་ཡིག་གི་སྒྲའི་ཆ་དང་ལྡན་པར་མགྲིན་པ་ཕྱེ་ཞིང་དབུགས་སྟོབས་ཆུང་ལ་སྒྲ་ཅུང་ཟད་ཞན་པའི་ཚུལ་གྱིས་འདོན་པས་ན་“མོ་ནི་ཞན་པའི་ཚུལ་གྱིས་ཏེ་”ཞེས་སྒྲ་གདངས་ཀྱི་ང་རོའི་ཆ་ནས་དྲག་ཞན་གྱི་དབྱེ་བའི་རྣམ་གཞག་གསལ་བར་བསྟན་ཡོད་པ་དང་། དེ་ལས་ཀྱང་གནད་ཆེ་བ་ཞིག་ནི། སུམ་ཅུ་པའི་གཞུང་དུ་སྦྱོར་ལུགས་གསལ་པོར་གསུངས་པ་ནི་བྱེད་འབྲེལ་གྱི་ཕྲད་སྦྱོར་དེ་ཁོ་ན་རེད། དེ་ནི་ཤོ་ལོ་ཀ་དགུ་པ་ནས་བཅུ་པའི་བར་གསལ་ཞིང་། དུས་ད་ལྟའི་བར་དུ་སྦྱོར་ལུགས་དེ་ལྟར་འབྲི་བཞིན་ཡོད། རྩ་བ་ལས་“གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །…… བྱེད་པ་པོ་རུ་ཤེས་པར་བྱ། །”ཞེས་བྱུང་བས་བྱེད་འབྲེལ་གྱི་ཕྲད་“ཀྱི་ཀྱིས་” སོགས་ཇི་ལྟར་སྦྱོར་བའི་ལུགས་གསལ་པོར་བསྟན་ཡོད་ནའང་། ཏུན་ཧོང་ཡིག་རྙིང་དང་དགའ་ཐང་འབུམ་པ་ཆེའི་བོན་གྱི་གནའ་དཔེ་བདམས་བསྒྲིགས། དེ་མིན་བཙན་པོའི་བཀའ་ལྟར་རྡོ་རིང་དུ་བརྐོས་པའི་ཡི་གེ་སོགས་སུ་རྗེས་འཇུག་ད་བ་ས་དང་ད་དྲག་གི་རྗེས་སུ་བྱེད་འབྲེལ་གྱི་ཕྲད་གྱི་དང་གྱིས་གཉིས་འཇུག་པ་ཁྱབ་ཆེ་བར་མངོན་པས། རྩ་བའི་ཐོབ་ཐང་ལྟར་ད་བ་ས་གསུམ་གྱི་རྗེས་སུ་ཀྱི་དང་ཀྱིས་སྦྱོར་དགོས་པའི་ཚུལ་ལས་འདའ་བར་གྱུར་ཡོད།
          གོང་དུ་བསྟན་པའི་ཡིག་རྙིང་དག་གི་ཡི་གེའི་ཁྱད་ཆོས་ཤིག་གསལ་ལེར་མངོན་པ་ནི་གུག་གུ་ཕྱིར་ལོག་ཅན་དེ་ཡིན་ལ། དེ་ནི་ཡིག་རྙིང་ཁྲོད་ཧ་ཅང་རྒྱུགས་ཆེ་བ་སྟེ། ཤིན་ཅང་ནས་ཐོན་པའི་ཤིང་ཁྲམ་བཅུ་དྲུག་ལས་RMFམ་ཡིག་ན། གུག་གུ་༡༥ཡོད་པ་མཐའ་དག་ཕྱིར་ལོག་དང་། ཁྲ་འབྲུག་དགོན་པའི་དྲིལ་བུའི་འབུལ་བྱང་སྨོན་ཚིག་ཏུ། གུག་གུ་ཕྱིར་ལོག་༨དང་། ཕྱིར་མ་ལོག་པ་༣ཡོད། ཀོང་པོ་དེ་མོ་ས་ཁུལ་གྱི་བྲག་བརྐོས་ཡི་གེ་ན། གུག་གུ་ཕྱིར་ལོག་༦༧དང་། ཕྱིར་མ་ལོག་པ་༡༤ཡོད། སྟོད་ལུང་མཚུར་ཕུ་དགོན་གྱི་རྡོ་རིང་སྟེང་དུ། གུག་གུ་ཕྱིར་ལོག་༤༤དང་། ཕྱིར་མ་ལོག་པ་༣༥ཡོད་པ་དང་། བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་དུ། གུག་གུ་ཕྱིར་ལོག་༡༨དང་། ཕྱིར་མ་ལོག་པ་༡༢ཡོད་པ་བཅས། དེ་དག་ལ་བལྟས་ནའང་གུག་གུ་ཕྱིར་ལོག་པ་དེ་མ་ལོག་པ་ལས་མང་བ་ཡིན། སྨྲ་སྒོ་ལས། “ཨི་ཉིད་བསྒྲིམས་ཤིང་ཚེག་དྲག་དང་སྦྱར་བ་ནི་རྀ་དང་། ཨི་ཉིད་གློད་དེ་འདྲེན་པའི་དོན་ནི་ལྀ་ཡིན་”(7)ཞེས་གུག་གུ་ཕྱིར་ལོག་པ་རྀ་དང་ལྀ་གཉིས་ཀྱི་མཚོན་དོན་གཙོ་བོ་བསྒྲིམས་དང་གློད་པའི་དབྱངས་ཀྱི་ང་རོ་ཡིན་པ་གསལ་བ་ལྟར། ཡིག་རྙིང་ལས་ཐ་སྙད་གཅིག་ལ་གུག་གུ་ཕྱིར་ལོག་མིན་གཉིས་ཀ་བྲིས་ཡོད་པ་དེ་ཡང་གང་འདོད་དུ་བྲིས་པ་ཞིག་མ་ཡིན་ཏེ། བརྗོད་བྱའི་དོན་དང་འབྲེལ་ནས་དབྱངས་འགྲོས་ཤིག་མཚོན་པའི་རྟགས་སུ་ངེས་ལ། ཞི་དྲག་དང་དགེ་སྐྱོན་གང་གི་སྐབས་དོན་ལྟར་ང་རོའི་གདངས་ཀྱི་གྲིམས་ལྷོད་དེ་བྱེད་པ་ངག་ལ་འབྱིན་པར་བྱས་ཏེ་ཡིད་ཀྱི་འགྱུར་བ་ཞིག་མཚོན་ཡོད་པར་སྙམ།
          ད་ལྟ་ང་ཚོས་གནའ་བོའི་གདངས་ཇི་བཞིན་ཀློག་ཐབས་མེད་པས། གུག་གུ་ཕྱིར་ལོག་པ་དང་མ་ལོག་པའི་ཁྱད་པར་དང་དགོས་པ་གང་ཡིན་གསལ་པོ་ཞིག་བརྗོད་ཐབས་བྲལ་བ་རེད། དེའི་ཕྱིར་ཡིག་རྙིང་ཞིབ་འཇུག་པ་རྣམས་ཀྱིས་ཐ་སྙད་ཀྱི་བརྗོད་དོན་ཙམ་གཞིར་བཟུང་ནས་དཔྱད་ཞིབ་གནང་ཡོད་པ་དཔེར་ན། མྱྀ་དང་མྱི། གཆྀག་དང་གཆིག འཇྀག་རྟེན་དང་འཇིག་རྟེན། བཀའ་དྲྀན་དང་བཀའ་དྲིན། གཞྀ་འཛྀན་དང་གཞི་འཛིན། གཙྀགས་ཀྱྀ་ཡྀ་གེ་ཞིབ་མོར་བྲིས་དང་གཙིགས་ཀྱི་ཡི་གེ་ཞིབ་མོར་བྲིས་ལ་སོགས་རྣམ་པ་ཐ་དད་ཀྱང་ཐ་སྙད་ཁོ་ནའི་བརྗོད་དོན་གཅིག་ཏུ་གྱུར་པ་འདི་དག་གིས་མཚོན་པ་དང་། བོད་བཙན་པོའི་དུས་སུ་དབྱངས་ཀྱི་ང་རོ་རྀ་ལྀ་གཉིས་ཀྱིས་མཚོན་པའི་གུག་གུ་ཕྱིར་ལོག་འབྲི་བ་དེ་དགོས་དབང་གིས་དར་ཆེ་ནའང་། སྐད་ཆའི་འགྱུར་བ་དང་བསྟུན་ནས་རིམ་བཞིན་གུག་གུ་ཕྱིར་ལོག་འབྲི་བའི་སྲོལ་དེ་ཉམས་སོང་བར་སྣང་།
          གཉིས་པ། འཕུལ་རྟེན་གྱི་ཡི་གེའི་འཇུག་ཚུལ།
          རྟགས་འཇུག་གི་རྩ་བ་ལས། “མི་འཇུག་པ་ནི་འདི་ལྟ་སྟེ། །ཕོ་ནི་མ་ནིང་ལ་མི་འཇུག །མོ་ཡང་ཕོ་ལ་འཇུག་མི་འགྱུར། །མ་ནིང་རང་ལ་རང་མི་འཇུག །རང་གི་སྡེ་དང་ཕྲད་པ་ན།  །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །”ཞེས་སྔོན་འཇུག་གི་ཕོ་བ་ཡིག་ནི།  མིང་གཞིའི་མ་ནིང་ཡི་གེ་ཁ་ཆ་ཐ་ཕ་ཚ་ལྔ་ལ་མི་འཇུག་ཅིང་།   སྔོན་འཇུག་གི་མོ་འ་ཡིག་དང་དེའི་ཤུགས་བསྟན་ཤིན་ཏུ་མོ་མ་ཡིག་གཉིས་ནི། མིང་གཞི་ཕོ་ཡིག་ཀ་ཅ་ཏ་པ་ཙ་ལྔ་ལ་འཇུག་པར་མི་འགྱུར་ལ།  མིང་གཞིའི་མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་ལྔ་པོ་ལ།  སྔོན་འཇུག་གི་མ་ནིང་ག་ད་གཉིས་པོ་མི་འཇུག་པ་ཡིན། སྔོན་འཇུག་ལྔ་པོ་དེ་དག་རང་གི་སྡེ་ཚན་གཅིག་པའི་མིང་གཞིའི་ཡི་གེ་དང་ཕྲད་གྱུར་ན། སྔོན་འཇུག་གི་ཕོ་བ་ཡིག་ནི། མིང་གཞིའི་རང་སྡེའི་མོ་ཡིག་བ་མ་གཉིས་དང་། ཡང་སྒྲས་ཕོ་པ་ཡིག་ལ་མི་འཇུག་པར་བསྟན་པ་དང་། སྔོན་འཇུག་མ་ནིང་ག་ད་གཉིས་ལས། ག་ཡིག་ནི། མིང་གཞི་རང་སྡེའི་ཕོ་ཡིག་ཀ་དང་། མོ་ཡིག་ག་ང་སྟེ་གསུམ་ལ་མི་འཇུག་ཅིང་། ད་ཡིག་ནི། མིང་གཞི་རང་སྡེའི་ཕོ་ཡིག་ཏ་དང་། མོ་ཡིག་ད་ན་བཅས་གསུམ་ལ་མི་འཇུག་པ་ཡིན།  སྔོན་འཇུག་གི་མོ་འ་ཡིག་ནི།   མིང་གཞི་རང་སྡེའི་མོ་ཡིག་ཞ་ཟ་འ་ཡ་བཞི་ལ་མི་འཇུག་པ་དང་། ཡང་སྒྲས་སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི།  མིང་གཞི་རང་སྡེའི་ཕོ་ཡིག་པ་དང་། མ་ནིང་ཕ། མོ་ཡིག་བ་མ་བཅས་བཞི་ལ་འཇུག་པ་མ་ཡིན་ནོ། (8)ཞེས་སོགས་སྔོན་འཇུག་ལྔ་པོའི་འཇུག་ཚུལ་དེང་དུས་ཀྱི་ཡི་གེ་དང་འདྲ་བར་མིང་གཞིའི་ཡི་གེ་མང་པོ་ཞིག་ལ་མི་འཇུག་པ་གསལ་པོར་བསྟན་ཡོད་ནའང་།   P. T. 107རི་དྭགས་རྒྱག་པའི་སྐོར་གྱི་ཁྲིམས་ཡིག་ཅེས་པའི་ཡིག་ཕྲེང་༡༦༠ན། “དཀར: མྱི་:བཆུ་:གཉིས་:ཁོ་:ན: བདག:དང:བཆུ:གསུམ:བྲོ:སྩལ་ཏོ” (9)ཞེས་དང་P. T. 1283བྱང་ངོས་སུ་ཡོད་པའི་གྲུ་གུའི་གནས་ཚུལ་ཞེས་པའི་ཡིག་ཕྲེང་༨༠ན་“བུ་མོ་གཆིག་བརྐུསྟེ་”(10);ཞེས་དང་། P. T. 1287མ་ཡིག་གི་ལེའུ་བཅུ་པ་ན་“ལུང་པ་གཆིག་གི་མདའ་ནས་མྱེ་ཕར་ཆྀག་མཆེད་ན”(11)ཞེས་དང་། P. T. 1287མ་ཡིག་ན་“སྐྱེས་ཕ་གཆིག་ལ་མྱི་ག་དང་ཁ་གདོན་ཕའི་ངོ་” (12) དང་། ཤིན་ཅང་ནས་ཐོན་པའི་ཤིང་ཁྲམ་བཅུ་དྲུག་གི་H272མ་ཡིག་དེ་ན་“བྲང་ནའ་གླང་ར་གཆིག་དང་གྲོ་ཤུབས་གཆིག་ཀྱང་རྙེདེ་” (13) ཞེས་དང་།《དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནས་དཔེ་བདམས་བསྒྲིགས་》ན་“ གནམ་རྀམ་པ་བཆུ་གསུམ་གྱི་སྟེངས་ན་”(14)ཞེས་དང་P.T. 1287མ་ཡིག་གི་ལེའུ་བཞི་པ་ན་“གསེར་ཁུང་རེ་འུ་རྒལ་མྱི་དང་འབྲོག་དུ་བཆས་ཏེ་སྩལ་ཏོ” (15)ཞེས་སོགས་ཧ་ལམ་“ཅ” འཇུག་ཚབ་ཡོད་ཚད་ལས་སྦྱར་ཡོད་པས་རྟགས་འཇུག་གི་རྩ་གཞུང་དུ་བསྟན་པའི་“ཕོ་ནི་མ་ནིང་ལ་མི་འཇུག ། ”ཅེས་པ་དང་། “ མ་ནིང་རང་ལ་རང་མི་འཇུག །”ཅེས་པའི་དོན་དང་འགལ་ཡོད། སྤྱིར་ཡིག་རྙིང་དེ་རྣམས་སུ་མིང་གཞི་ཅ་ཡིག་གི་འཇུག་ཚབ་ཏུ་ཆ་ཡིག་སྦྱར་བ་མང་བ་མ་ཟད། མིང་གཞི་ཆ་ཡིག་གི་འཇུག་ཚབ་ཏུ་ཅ་ཡིག་བྲིས་པའང་ཡོད་དེ། I. o. 750མ་ཡིག་ན་“བློན་ཆེ་ཁྲི་འབྲིང་འ་ཞ་ཡུལ་དུ་མ་ཅྀས་ཤིང་” (16)ཞེས་དང་། P. T. 194མ་ཡིག་ན་“སེམས་ཅན་དཀོན་མཅོག་དེ་ལ་སུ་ཞིག་མཅོད་མྱྀ་བྱེད”(17)ཅེས་དང་། ཁྲ་འབྲུག་དགོན་པའི་དྲིལ་བུའི་འབུལ་བྱང་སྨོན་ཚིག་ན་དགེ་སློང་རིན་ཅེན་གྱིས་བླུགས་སོ་” (18 ཞེས་དང་། རྣེལ་དྲྀ་འདུལ་བའི་ཐབས་སོགས་ཞེས་པའི་ཚན་པ་དེའི་ཨང་རིམ་སོ་དགུ་པའི་ཡིག་ཕྲེང་གསུམ་པ་ན་“ རིན་པོ་ཅེའི་གདར་བུ་ཅྀག”(19)ཅེས་དང་། བྲག་ཡེར་པ་དགོན་པའི་དྲིལ་བུའི་འབུལ་བྱང་སྨོན་ཚིག་གི་མ་ཡིག་ན་“བྱང་ཅུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད་” (20) ཅེས་དང་། P. T. 1073ཁྱི་རྦོད་ནས་མི་བསད་པའི་སྐོར་གྱི་ཁྲིམས་ཡིག་ན་“པ:མ:མཅྀས:ན:པུ:ནུ:པོ:དྲུང:མཅྀས: གྱང:མྱྀ:སྩལད་དོ”(21)ཞེས་དང་། ཏུན་ཧོང་ཡིག་རྙིང་གི་བོད་ཡིག་མ་ཕྱིའི་བསྐྱར་དཔར་ཕྱོགས་བསྒྲིགས་ན་“བུ: མྱེད:ཁྱོ:མ:མཅིས:པའ:ཞིག:ཁྱི: སྦོད:དེ: བཀུམ:ན:”(22)ཞེས་པ་སོགས་བྲིས་ཡོད་པ་ལས། བྱང་ཅུབ་ཅེས་པ་ནི་བྱང་ཆུབ་ཀྱི་བརྡ་རྙིང་དང་། རིན་ཅེན་ནི་རིན་ཆེན་གྱི་བརྡ་རྙིང་། རིན་པོ་ཅེ་ནི་རིན་པོ་ཆེའི་བརྡ་རྙིང་ཡིན་མོད། “ མཅྀས་”དང་“མཅོག་”དང་“མཅོད་”ཅེས་པའི་མིང་གཞི་ཅ་ཡིག་ལ་སྔོན་འཇུག་མ་ཡིག་སྦྱར་བ་ནི་རྟགས་འཇུག་གི་རྩ་གཞུང་ན་“མོ་ཡང་ཕོ་ལ་འཇུག་མི་འགྱུར། །”ཞེས་པའི་དོན་དང་འགལ་ཡོད།
          གཞན་ད་དུང་ཡིག་རྙིང་ཁྲོད་ན། ལྷོ་ཕྱོགས་ལ་ལྷོ་པྱོགས། རྒྱལ་ཕྲན་ལ་རྒྱལ་པྲན། ཕྱག་འཚལ་ལ་ཕྱག་འཙལད། སྟོད་ཕྱོགས་ལ་སྟོད་པྱོགས། དཔང་དུ་གསོལ་ལ་དཕང་དུ་གསོལ། ཕབ་ལ་པབ། དཔྱིད་ལ་དཕྱྀད། ཕྱུག་ལ་པྱུག  གཏོགས་ལ་གཐོགས། བཏགས་ལ་བཐགས། གཏད་ལ་གཐད།  དཔྱ་ཁྲལ་ལ་དཕྱའ། གཏུམ་ལ་གཐུམ། བཏབ་པ་ལ་བཐབ་ཕ། གཏན་ལ་གཐན། བཏབ་ལ་འཐབ། ནང་འཁོར་ལ་ནང་ཀོར། ཁལ་ལ་ཀལ། མཁོས་ལ་མཀོས། དཀོན་མཆོག་ལ་དཀོན་མཅོག  རྩི་ལ་ཚི།   བཙལ་ལ་བཚལ། བཙོན་ལ་བཚོན་ཞེས་བྲིས་མང་བ་དེ་དག་ནི། ཕོ་ཡིག་ཀ་ཅ་ཏ་པ་ཙ་རྣམས་ཀྱི་འཇུག་ཡུལ་དུ་རིམ་པ་བཞིན་མ་ནིང་ཁ་ཆ་ཐ་ཕ་ཚ་མས་སྦྱར་བ་དང་། དེ་ལས་མིང་གཞི་ཐ་དང་ཚ་ཡིག་ལ་སྔོན་འཇུག་བ་ཡིག་སྦྱར་བ་ནི་རྟགས་འཇུག་གི་རྩ་གཞུང་དུ་“ཕོ་ནི་མ་ནིང་ལ་མི་འཇུག །” ཅེས་པའི་དོན་ལས་ལོག་པ། མིང་གཞི་ཕ་དང་ཐ་ཡིག་ལ་སྔོན་འཇུག་ད་དང་ག་ཡིག་གཉིས་སྦྱར་བ་ནི་“མ་ནིང་རང་ལ་རང་མི་འཇུག ། ”ཅེས་པ་ལས་ལོག་པ་དང་། མིང་གཞི་ཀ་དང་ཅ་ཡིག་ལ་སྔོན་འཇུག་མ་དང་འ་ཡིག་གཉིས་རིམ་པར་སྦྱར་བ་ནི་ས་མོ་ཡང་ཕོ་ལ་འཇུག་མི་འགྱུར། །”ཞེས་པའི་དོན་དང་མི་མཐུན་ནོ།
          《དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་》ལས་སྨན་དཔྱད་ཀྱི་ཚན་པའི་མཇུག་ན་རྫོགས་སྷོ། །།སྦྱོགས་སྷོ།། །། །།” (23)ཞེས་དང་། དེ་མིན་ད་དུང་མི་གསན་ལ་མི་གསྩན་དང་བསངས་ལ་བསྩངས་ཞེས་བྲིས་ཡོད། ཏུན་ཧོང་གི་ཤོག་དྲིལ་ན་“རྐྱེན་དང་འདུ་བ་ཚོགསུ་ཡན་ལག་བཆུ་གཉྀས་གྱྀ་མཚན་མ་སྟེ་རྫོགས་སྷོ་” (24)ཞེས་དང་། S. T. 8212མ་ཡིག་ན་“རྒྱའི་ཕོ་ཉ་ཡང་འདོ་ཤྀ་ལས་སྩོགས་པ་” (25)ཞེས་དང་། I. o750མ་ཡིག་ན་“བློན་ཆེན་པོར་བཀའ་སྩལད་” (26)ཞེས་དང་། P. T. 1071 རི་དྭགས་རྒྱག་པའི་སྐོར་གྱི་ཁྲིམས་ཡིག་གི་ཡིག་ཕྲེང་བརྒྱ་དང་གྱ་བདུན་ན་“རི་དགས་ལ་སྩོགས་པ་” (27)ཞེས་ཙ་ལ་ས་མགོ་སྦྱར་བའི་སྒྲ་གདངས་བོད་གནའ་སྐད་ཁྲོད་ཡོད་ཕྱིར་ཡིག་རྙིང་ཁྲོད་སའི་འོག་ཙ་སྦྱར་བ་མང་ཞིང་། བརྗོད་འབྲེལ་དབང་གིས་སྐབས་འགར་སའི་འོག་ཧ་སྦྱར་བའང་ཡོད། ཐ་སྙད་གྲུབ་ཚུལ་གྱི་སྒྲ་གཟུགས་དེར་བལྟས་ན། “རྫོགས་སྩོ་དང་ལ་སྩོགས་”ལྟ་བུ་བྱེད་པ་ངག་ལ་འདྲེན་དུས་“སྩལད་”ཀྱི་སྒྲ་དང་མི་འདྲ་ནའང་། མིང་གཞི་ས་དང་ཙ་གཉིས་ཀྱི་སྐྱེ་གནས་གཅིག་པ་དང་བྱེད་པ་དམ་ལྷོད་ཀྱི་ཁྱད་པར་མ་གཏོགས་སྒྲའི་ང་རོ་ལ་ཐུན་མོང་གི་མཐུན་ཆ་ཞིག་ཡོད་པའི་རྐྱེན་གྱིས་སའི་འོག་ཙ་སྦྱར་བ་ཡིན་ཞིང་། བཀས་བཅད་སྐབས་ཡིག་ཟོར་ཡང་བའི་ཆེད་“སྩལད་”ཀྱི་ད་དྲག་བསྡུས་པ་ཙམ་ལས་གཞན་ཕལ་མོ་ཆེའི་ཙ་ཡིག་དོར། ད་དུང་ལག་པའ་དང་གསོལ་བའ་སོགས་ཀྱི་མཐའ་རྟེན་འ་ཡིག་དང་། མི་ལ་མྱི་དང་མེ་ལ་མྱེ་སོགས་ཀྱི་ཡ་བཏགས་དོར་བ་ནི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་“ཡི་གེ་ཉུང་བའི་ཆེད་དུ་མ་མྱ་ད་དྲག་རྐྱང་པའི་འ་མཐའ་སོགས་དོར་” (28) ཞེས་གསུངས་པ་ལྟར་རོ།
          གསུམ་པ། རྩ་གཞུང་གི་དོགས་དཔྱོད།
          བོད་བཙན་པོའི་དུས་སྐབས་སུ་བསྒྱུར་བཤུ་བྱས་པའི་ཏུན་ཧོང་གཏེར་ཡིག་དང་རྡོ་རིང་ཡི་གེ དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་དཔེ་སོགས་བསྡུར་ན་ཕན་ཚུན་སྔོན་མིང་བརྩེགས་གསུམ་གྱི་ཡི་གེའི་གྲུབ་སྟངས་དང་ཕྲད་སྦྱོར་ཚུལ་གྱི་རྣམ་པ་འདྲ་ནའང་། སུམ་རྟགས་གཉིས་ཀྱི་རྩ་གཞུང་གི་བསྟན་དོན་དང་མི་མཐུན་པ་རེད། ཡིན་ནའང་ཡིག་རྙིང་ཁྲོད་ཀྱི་ཕྲད་སྦྱོར་མཐའ་དག་གཅིག་མཚུངས་དང་ངེས་གཏན་ཡོད་པ་ཞིག་མ་ཡིན་ལ། ལྷག་པར་དུ་ཡིག་རྙིང་དག་ལས་རྩོམ་རིག་ལོ་རྒྱུས་(སྲིད་གཞུང་གི་བཀའ་ཡིག་འཕྲིན་བརྡའི་སྐོར་དང་། རྒྱུ་ནོར་དཔྱ་ཁྲལ་སོགས་ཀྱི་ཁྲིམས་ཡིག་ཀྱང་འདུས་)སྐོར་གྱི་ཡིག་ཆ་དང་ཆོས་དཔེ་གཉིས་བསྡུར་ན། ཆོས་དཔེ་དག་གི་ཡི་གེའི་གྲུབ་སྟངས་དང་ཕྲད་སྦྱོར་གྱི་ཐད་ནས་བརྡ་གསར་རྙིང་གི་ཁྱད་པར་ཅུང་མངོན་གསལ་རེད། དེ་ནི་《ལི་ཤིའི་གུར་ཁང་》ལས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་དང་པོར་བྱས་པའི་འགྱུར་རྣམས་ནི། དང་པོའི་བཀས་བཅད་ཀྱིས་བསྒྱུར་བ་སྟེ། སངས་རྒྱས་ཕལ་པོ་ཆེ་དང་། ལུང་སྡེ་བཞི་དང་། མདོ་སྡེ་ཁ་ཅིག་དང་ཤེར་ཕྱིན་མདོ་ཁ་ཅིག་སྟེ། སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པ་རྣམས་སོ་ཞེས་མདོ་སྡེ་ལས་རྒྱུད་ཀྱི་སྐོར་བསྒྱུར་མེད་ཚུལ་བསྟན་པ་ལས་གཞན། བཀས་བཅད་དང་པོ་ནི་ཆོས་དཔེ་གཞིར་བཟུང་ནས་ལག་ལེན་དུ་བསྟར་བའང་ཤེས་ཐུབ།
          བོད་བཙན་པོས་ཏུན་ཧོང་བདག་གིར་བཟུང་བ་ནས། ཏུན་ཧོང་ནི་བོད་ཀྱི་ཆོས་གཞུང་འབྲི་ས་དང་སྒྱུར་ས་གལ་ཆེན་ཞིག་ཏུ་གྱུར་པས། “ཁྲི་རལ་པ་ཅན་གྱི་བཙུན་མོ་དཔལ་གྱི་ངང་ཚུལ་དང་། བློན་པོ་དཔལ་གྱི་ཡོན་ཏན་” (29)སོགས་བཙུན་མོ་དང་བློན་པོ་ཁག་གཅིག་ཏུན་ཧོང་དུ་རྒྱུན་སྡོད་བྱས་ནས་ཆོས་གཞུང་འབྲི་ཞུས་ཀྱི་བྱ་བར་དབུ་མཛད་གནང་། སྐུ་ཞབས་ཀྲིན་པ་ན་ལིན་གྱིས་དཔྱད་ཞིབ་གནང་ནས་ཐུ་བྷོད་དུས་སྐབས་སུ་ཏུན་ཧོང་ས་ཆར་བོད་མི་འབོར་ཆེན་ཞིག་གནས་སྤོས་བྱས་ཡོད་པ་དང་། དེའི་ཁྲོད་གཞུང་ཞབས་པ་དང་དམག་མི་ཡོད་ལ། འབངས་མི་དཀྱུས་མའང་ཡོད། དེ་དང་ལྷན་དུ་བོད་པའི་གྲྭ་བཙུན་མང་པོ་ཞིག་ཏུན་ཧོང་ལ་གནས་སྤོས་བྱས་ཡོད་པ་རེད་” (30)ཅེས་གསུངས་པར་བལྟས་ན། གནས་སྤོ་མཁན་དེ་དག་གི་ཁྲོད་དུ་ཡིག་མཁན་མང་པོ་ཞིག་ཡོད་ངེས་ལ། དེ་དག་ནི་ཏུན་ཧོང་བོད་ཡིག་གི་ཆོས་གཞུང་དང་རྩོམ་རིག་ལོ་རྒྱུས་སྐོར་གྱི་ཡིག་ཆ་འབྲི་བཤུ་གནང་མཁན་གཙོ་བོ་ཡིན་སྲིད་པ་རེད། ཏུན་ཧོང་གཏེར་ཡིག་གི་ཆོས་དཔེ་རྒྱ་འགྱུར་མ་དང་བོད་འགྱུར་མ་གང་ཡིན་ཡང་འབྲི་བཤུའི་སྐབས་སུ་ཡི་གེ་ཆད་ལྷག་དང་། ཐིག་ཕྲེང་ནོར་བ། ཐིག་ཕྲེང་ཆད་སྐྱོན་སོགས་ཀྱི་གནས་ཚུལ་བྱུང་ན། འབྲི་མཁན་གྱིས་དོ་དམ་གཉེར་པ་ལ་སྤྲད་ནས་མེད་པར་བྱས་རྗེས་ད་གཟོད་ཤོག་བུ་གསར་པ་ལེན་ཆོག་” (31)པ་དང་། སྤྱིར་བཏང་དུ་“ཆོས་དཔེ་འབྲི་བཤུ་ཚར་རྗེས་ཐེངས་གསུམ་ལ་ཞུས་དག་བྱེད་པ་དང་། ད་དུང་ཡིག་སྐྱོན་སོགས་ཡོད་ན་འབྲི་མཁན་གྱི་མིང་ཟུར་དུ་བཀོད་ནས་མེད་པར་གཏོང་དགོས་” (32) པ་སོགས་ཞིབ་ཚགས་གཟབ་ནན་གྱི་སྒྲིག་ལམ་དམ་པོ་ཞིག་ཡོད་པས་གང་འདོད་དུ་འབྲི་བཤུ་ཆོག་པའི་བྱ་བ་ཞིག་མ་ཡིན་ཏེ། བོད་རྒྱལ་ཁྲི་སྲོང་ཡབ་སྲས་ནས་ཆོས་ཕྱོགས་ཀྱི་བྱ་གཞག་དང་སྒོས་སུ་རྒྱལ་བའི་གསུང་རབ་བསྒྱུར་བཤུ་བྱེད་པར་བཀའ་ཁྲིམས་བཙན་པོ་ཡོད་པས་ཏུན་ཧོང་བྲག་ཕུག་ནས་རྙེད་པའི་ཆོས་དཔེ་མཐའ་དག་ཀྱང་ཡིག་སྐྱོན་གྱིས་ཕྱུག་པའི་ཆོས་ཕུང་ཞིག་ཡིན་མི་སྲིད། དེས་ན་ཏུན་ཧོང་གདུགས་དཀར་མོའི་འགྱུར་ཡིག་ཁྲོད་ན་“ད་དྲག་ཅན་གྱི་སྐོར། བྱོནད་པ། མངོནད་མཚན། སྲུལད་པོ། རྣལད་འབྱོར་ལྟ་བུ་དང་། འ་མཐའ་ཅན་ལ། ཞིག་པའ། དགྲའ་བཅོམ་པ། འཕྲེང་བའ། དགྲའས་འཇྀགས་པ། དགྲའ་འཁོར་ལྟ་བུ། སྡེ་པ་གཅིག་གི་མིང་གཞི་ཕན་ཚུན་བརྗེ་བ་དཔེར་ན། མཚོན་ཅ། རྀན་ཅེན། སྣ་ཙོགས། ཐེ་ཙོམ་ལྟ་བུ་” (33)སོགས་དང་། ཏུན་ཧོང་ཡིག་རྙིང་གི་བོད་ཡིག་མ་ཕྱིའི་བསྐྱར་དཔར་ཕྱོགས་བསྒྲིགས་ཀྱི་ཆོས་དཔེའི་སྐོར་ན་“ཁྱོད་ནྀ་སྐྱེ་རྒ་ན་འཅྀ་མཐར་འབྱྀན་སྨན་པའི་མཅོག །ཡོན་ཏན་རྒྱ་མཙོ་དཔག་ཏུ་མྱེད་ལ་མགོས་ཕྱག་འཙལ། །”ཞེས་དང་། “སེམས་ཅན་དཀོན་མཅོག་དེ་ལ་སུ་ཞྀག་མཅོད་མྱྀ་བྱེད་”ཅེས་མིང་གཞི་སྡེ་པ་གཅིག་གི་དང་པོ་དང་གཉིས་པ་ཕན་ཚུན་བརྗེས་པ་དང་། བཙན་པོ་ཁྲི་རལ་གྱི་དུས་སུ་ཚེ་དཔག་མེད་ཀྱི་མདོ་བཞེངས་པའི་ཐོ་ཡིག་ན། “ དབྱར་སླ་ཐ་ཅུངས་ཚེས་བརྒྱད་ལ་”ཞེས་“ཟླ་”དང་“སླ”གཉིས་ཕན་ཚུན་བརྗེས་ནས་བྲིས་ཡོད། ཆོས་དཔེ་དེའི་ནང་“དཔྱིད་སླ། དབྱར་སླ། སྟོན་སླ། དགུན་སླ་”ཞེས་དུས་ཀྱི་ཐ་སྙད་རྣམས་དེ་ལྟར་བྲིས་ཡོད་པ་ནི་བཀས་བཅད་མ་མཛད་པའི་སྔོན་གྱི་ཐ་སྙད་གྲུབ་སྟངས་ཤིག་ཡིན་པ་ལས་འབྲི་ཞུས་མཁན་གྱི་ཡིག་སྐྱོན་ནི་མ་ཡིན།
          སྤྱི་ལོའི་དུས་རབས་བདུན་པའི་སྐབས་སུ་བོད་པ་བྱིངས་ཀྱི་སྐད་གདངས་གཅིག་མཚུངས་ཀྱི་རྣམ་པར་མཐོང་ལ། རྒྱུ་མཚན་ནི་བཙན་པོའི་སྐབས་སུ་བཞེངས་པའི་རྡོ་རིང་ཡི་གེ་དང་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་། དེ་མིན་མདོ་དབུས་མཐོ་སྒང་གི་ཤར་ནུབ་ཏུ་ཡོད་པའི་སྦལ་ཏིའི་སྐད། ལ་དྭགས་ཀྱི་སྐད། ཨ་མདོའི་འབྲོག་སྐད་ལ་སོགས་པའི་སྟེང་ནས་བཙན་པོའི་སྐབས་ཀྱི་སྐད་གདངས་མང་པོ་ཞིག་ད་དུང་མ་ཉམས་པར་སོར་གནས་སུ་ཡོད་པ་དེ་དག་ལས་ཤེས་ཐུབ་ཅེས་སྐད་བརྡ་སྨྲ་བའི་མཁས་པ་རྣམས་ཀྱིས་བརྗོད་ཡོད། དེ་ཡང་ཨ་མདོའི་ཁ་སྐད་ཁྲོད་ཀྱི་ཐ་སྙད་མང་དག་ཅིག་ནི་བརྡ་རྙིང་མའི་ཁྲོད་རྒྱུན་བཀོལ་དུ་ཡོད་པ་དཔེར་ན། མི་ལ་མྱི། མིག་ལ་དམྱིག རྨི་ལམ་ལ་རྨི་ལམ། མེ་ལ་མྱེ། གྲི་ལ་གྱི། གྲོལ་གྱོ། གྲོས་ལ་གྱོས། གྲང་ལ་གྱང་། གྲགས་ལ་གྱགས། སྒྲོ་ལ་སྐྱོ། སྒྲིམ་ལ་སྦྱིམ། འགྲོ་ལ་འགྱོ་། གྲིབ་མ་ལགྱི་བ་མ། སླ་ལ་སྩ། བསླངས་ལ་བསྩངས། སྐྲག་ལ་སྐྱག སྐྲང་ལ་སྐྱང་། སློག་པ་ལ་སྩོག་པ། རྨ་བྱ་ལ་རྨ་ཡ་སོགས་བརྗོད་པ་ལས་ངེས་ཤེས་འདྲོངས་ཐུབ་པ་ཞིག་དང་། ཡིག་ཐོག་ཏུ་བཀོད་པའི་མགུར་ཆེས་སྔ་བ་སྤུ་དེ་གུང་རྒྱལ་གྱིས་བླངས་པའི་མགུར་ཚིག་ན་“འ་བ་ཉི་ཉེ་བ་ཉིད། བྱ་རོ་རོ་ན་མདུང་གི་རྩེ་རང་ནིག ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག བརླའ་བརྡུངས། སྤུར་བཏབ། འྭོ་དེ་མྱེད་སྤུ་དེ་མྱེད་”ཅེས་དང་། ཏུན་ཧོང་ཡིག་རྙིང་དུ་མགར་སྟོང་བཙན་གྱིས་བླངས་པའི་མགུར་ཞིག་ནའང་“མོལ་མོལ་ནྀ་འཆམ་འཆམ་ན། །བཀའ་མཆྀད་ནི་མྱྀས་མྱྀ་མཉན། །འཚམ་འཆམ་ནྀ་འདྲུལ་འདྲུལ་ན། །ཆགས་ལམ་ནྀ་ཆུས་མི་སྦང་། །”(34)ཞེས་བྱུང་། གོང་དུ་བརྗོད་པའི་ཡིག་རྙིང་དེ་རྣམས་ཀྱང་སྐབས་དེའི་སྐད་ཆ་གཞིར་བཟུང་ནས་སྒྲ་གདངས་ལྟར་བྲིས་པ་ཡིན་པས་དེས་སྐད་ཆ་མཚོན་ཡོད་པ་དང་། སྐད་ཆ་ནི་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་འཕེལ་འགྱུར་འགྲོ་བ་ཞིག་ཡིན་པས། བཙན་པོ་ཁྲི་རལ་གྱི་དུས་སུ་བརྡ་གསར་རྙིང་གི་ཁྱད་པར་ཕྱེ་ཞེས་《ལི་ཤིའི་གུར་ཁང་》དུ་གསུངས་ཡོད། དེས་ན་ཁྲི་སྲོང་ཡབ་སྲས་ཀྱི་དུས་སུ་བོད་བྱིངས་ཀྱི་སྐད་བརྡ་ལ་འགྱུར་ལྡོག་བྱུང་ཡོད་པ་དང་། འགྱུར་ལྡོག་དེ་དག་གི་དབང་གིས་བཀས་བཅད་སྔ་མ་གཉིས་མཛད་པ་ཡང་《སྒྲ་སྦྱོར་བམ་པོ་གཉིས་པ་》 ལས། “སྔོན་ལྷ་ཡབ་སྲས་ཀྱི་རིང་ལ་ཨཱ་ཙརྱ་བོ་དྷི་སཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ཉ་བཟང་དང་། བློན་ཁྲི་བཞེར་སང་ཤི་དང་། ལོ་ཙྪ་བ་ཛྙཱ་ན་དེ་བཀོ་ཥ་དང་། ཅེ་(ལྕེ་)ཁྱི་འབྲུག་དང་། བྲམ་ཟེ་ཨཱ་ནནྟ་ལ་སོགས་པས་ཆོས་ཀྱི་སྐད་བོད་སྐད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་སྒྲའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས་”(35)ཏེ་ཞེས་གསུངས་པ་དེ་ལས་ཁྲི་སྲོང་ཡབ་སྲས་ཀྱི་དུས་སུ་བྱཱ་ཀ་ར་ཎ་སྟེ་བརྡ་སྤྲོད་པའི་བསྟན་བཅོས་ཤིག་ཡོད་པར་མ་ཟད་། བསྟན་བཅོས་དེ་ཉིད་གཞིར་བཟུང་ནས་བཀས་བཅད་མཛད་པའང་གསལ་པོར་ཤེས་ཐུབ། དེ་ནས་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་མངའ་རིས་རྒྱལ་པོ་ལྷ་བླ་མ་བྱང་ཆུབ་འོད་ཀྱི་དུས་ལོ་ཙཱ་བ་རིན་ཆེན་བཟང་པོས་གཙོ་འགན་བཞེས་ཏེ་བཀས་བཅད་གསུམ་པ་མཛད། སྐབས་དེར་བཅོས་པའི་བརྡ་ཆད་གཙོ་བོ་དཔེར་ན། སྐྱིལ་འཁོར་ལ་དཀྱིལ་འཁོར། འོད་གཟེར་ལ་འོད་ཟེར། འཁོར་ཡུག་ལ་ཁོར་ཡུག འཛེར་ལ་ཟེར། རྒྱ་ཁྲམ་ལ་རྒྱ་གྲམ། གཉི་ཟླ་ལ་ཉི་ཟླ། བསྟན་ཆོས་ལ་བསྟན་བཅོས། བཅའ་ལག་ལ་ཅ་ལག་སོགས་སུ་བཅོས་པར་མཛད་པ་དང་། སྐད་གསར་བཅད་རེ་རེའི་སྐབས་སུ་གནའི་བརྡ་ཆད་ལས་ཡུལ་དུས་དང་མི་མཐུན་པ་རྣམས་རིམ་བཞིན་གོ་སླ་ཞིང་ཀློག་བདེ་བར་བཅོས་པས་མཚོན་བྱེད་ཡི་གེའི་སྒྲ་གཟུགས་ལ་འགྱུར་ལྡོག་ཅུང་བྱུང་བ་རེད།
          དྲན་པའི་ཡེ་ཤེས་གྲགས་པས་མཛད་པའི་《སྨྲ་སྒོ་མཚོན་ཆ》ལས། “ཅིང་ལ་སོགས་པ་བསྡུ་བ་དང་། །མཚམས་སྦྱོར་དག་ཏུ་བྱེད་པ་ཡིན། །” (36)ཞེས་གསུངས་པའི་རང་འགྲེལ་དུ་“ཅིང་ཞིང་ཤིང་”གསུམ་གྱི་ཕྲད་ཀྱི་རྣམ་གྲངས་དང་འཇུག་ཡུལ་ཡང་གཞུང་དེར་གསལ་བར་བསྟན་ཡོད་ནའང་། སུམ་ཅུ་པའི་རྩ་གཞུང་དངོས་ན་“ཅིང་ཞིང་”སོགས་ཀྱི་ཕྲད་སྦྱོར་འདི་བསྟན་མེད། དེས་ན་རྩ་བའི་གཞུང་དུ་མ་བསྟན་པའི་ཚིག་ཕྲད་རྣམས་གནའ་བོའི་བརྡ་སྐད་དུ་མ་བྱུང་བ་ཞིག་མ་ཡིན་ཏེ། ཞོལ་རྡོ་རིང་ཕྱི་མའི་ཡིག་ཕྲེང་ཉེར་དྲུག་པ་ན་“ན་གཅྀག་གིས་སྨད་ཅྀང་བསྐྱང་བར་”ཞེས་དང་། ཀོང་པོ་དེ་མོ་ས་ཁུལ་གྱི་བྲག་བརྐོས་ཡི་གེའི་ཡིག་ཕྲེང་བཅུ་པ་ན་“གཙེས་ཤིང་མཆིས་ན། ནམ་དུའང་བདེ་བར་ཐུགས་པག་མཛད་པའྀ། གཙིགས་ཙཾ་ཞིག་ཅྀ་གནང་ཞེས་གསོལད་ནས་”ཞེས་དང་།  ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེའི་ངོ་བཤུས་དང་པོའི་ཡིག་ཕྲེང་ཞེ་དྲུག་པ་ན་“སྲྀད་བདེ་ཞྔྀ་བརྟན་”ཞེས་བརྡ་རྙིང་པའི་འབྲི་ལུགས་ཀྱི་ཁྱད་པར་ཙམ་མ་ཟད། “ཅིང་ཞིང་ཤིང་ཞིག་ཞེས་”སོགས་ཀྱི་ཚིག་ཕྲད་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དང་། གཞན་ཡང་《སྨྲ་སྒོ་མཚོན་ཆ་》ལས་“ཚད་འཛིན་ལྷག་པ་འགོག་པ་ཡི། །ཙམ་ཞེས་བྱ་བ་རྣམ་པ་གཉིས། །” (37)ཞེས་“ཙམ་”སྒྲའི་ཕྲད་ཀྱི་འཇུག་དོན་དང་ཁྱད་པར་གསལ་བར་གསུངས་ཡོད་ནའང་། ཕྱིས་བྱུང་གི་མཁས་པ་རྣམས་ཀྱིས་བརྩམས་པའི་སུམ་འགྲེལ་གྱི་གཞུང་སོགས་ན་“ཙམ་”ཞེས་པ་འདི་ཕྲད་ཀྱི་རྣམ་གྲངས་སུ་བཀོད་མེད། ཡིན་ནའང་ཤིན་ཅང་ནས་ཐོན་པའི་ཤིང་ཁྲམ་བཅུ་དྲུག་གི་II272མ་ཡིག་ན་“བྲང་རྡལ་ལྔ་ཙམ་མཆིསྟེ་” (38)ཞེས་དང་། P. T. 1057ཕྱི་ནང་གི་ནད་བཅོས་ཐབས་སྣ་ཚོགས་ཞེས་པའི་ཡིག་ཕྲེང་བཅུ་གཅིག་པ་ན་“མ་ཕན་ཏེ་རྣག་དུ་འཁྱྀམས་ན་ཁྲག་རླང་ཙམ་དུ་ཁར་ཚགས་གྱིས་དྲོལ་ལ་” (39)ཞེས་ཙམ་སྒྲའི་ཕྲད་སྦྱོར་འདི་ཡིག་རྙིང་དུ་དངོས་སུ་བྱུང་ཡོད། 《སྨྲ་སྒོ་མཚོན་ཆ》ལས། “དག་དང་རྣམས་ནི་མང་པོའི་ཚིག །”ཅེས་གསུངས་པ་འདི་ཡང་། P. T. 1250གཡུ་རྨང་བརྩན་གྱིས་རྗེ་བོ་བློན་བཙན་བཟང་ལ་མཆིད་གསོལ་བའི་ཡིག་ཕྲེང་གཉིས་པ་ན་ས་བདག་ཅན་འདྀ་ན་མཆིས་པ་རྣམས་ལ་ཡང་བྲོ་འཚལ་བ་”ཞེས་དང་། P. T. 1101དཔྱ་ཆད་པའི་མིང་ཐོ་ན་“དཕྱ་ཆད་གྱྀ་རྣམས་མྱིང་སྨྲར་བྲིས་ཕ་”ཞེས་མང་པོ་སྟོན་པའི་ཚིག་ཕྲད་“རྣམས་”ཞེས་པ་འདི་བྲིས་ཡོད། P. T. 1124སྟོན་དུས་ཕྱུགས་འཚོ་བའི་སྐོར་གྱི་བརྡ་ཡིག་ན་“ཇུ་ཅང་གྱི་ཏོ་འགའ་དང་”ཞེས་དུ་མ་སྟོན་པའི་ཕྲད་ས་“འགའ་”ཞེས་པ་དང་། བཙན་པོ་རིམ་བྱུང་གི་ལོ་རྒྱུས་ཚན་བཤུས་ཀྱི་P. T. 1289མ་ཡིག་ན་“ཁོ་ན་འྀ་པུ་ནུ་པོ་མནོན་ལ་སྩོགས་པ་བྲན་ཁྱིམ་སྟོང་དང་ལྔ་བརྒྱའ་སྩལ་ཏོ”ཞེས་མཐའ་དག་སྡུད་པའི་ཕྲད་“སྩོགས་”ཞེས་པ་བརྡ་རྙིང་པའི་འབྲི་ལུགས་ལྟར་བྲིས་ཡོད། རྩ་གཞུང་ན་མེད་པའི་ཕྲད་སྦྱོར་གྱི་འཕོ་འགྱུར་ཐོག་མ་ནི་དུས་རབས་བཅུ་པའི་ནང་བརྩམས་པའི་《སྨྲ་སྒོ་མཚོན་ཆ་》ཡིན་ལ། དེ་ཉིད་ལས་བསྟན་པའི་ཕྲད་སྦྱོར་གྱི་རིགས་ལམ་ཁྱད་ཆོས་ལ་བསྟེན་ནས་སུམ་འགྲེལ་གྱི་གཞུང་སོགས་སུ་རིམ་བཞིན་སྐད་བརྡའི་ཐ་སྙད་ཀྱི་འགྱུར་བ་ལྟར་ཕྲད་སྦྱོར་ཀྱི་རྣམ་གྲངས་ཇེ་མང་དུ་ཕྱིན་པ་རྣམས་ཕྱོགས་བསྡུས་ཙམ་བྱས་ན་བཞི་བཅུ་ལྷག་ཡོད། དེ་དག་ལ་སུམ་འགྲེལ་གྱི་གཞུང་སོགས་ན་རྩ་བའི་ལུང་གིས་མ་ཟིན་པའམ་ཁ་ཅིག་ལ་ཤུགས་བསྟན་གྱི་ཕྲད་ཅེས་བརྗོད། དེའི་ཁྲོད་ཀྱི་ཚིག་ཕྲད་ཁག་གཅིག་ཡིག་རྙིང་དུ་དངོས་སུ་མཐོང་རྒྱུ་ཡོད་པ་གོང་དུ་དྲངས་པའི་དཔེ་མཚོན་ཙམ་ལས་རེ་རེ་བཞིན་ཡིག་ཚོགས་ལ་འཇིགས་ནས་འདིར་མ་བཀོད། རྩ་གཞུང་ལས་མ་བསྟན་པའི་ཕྲད་སྦྱོར་འགའ་ཞིག་དང་སུམ་འགྲེལ་གྱི་གཞུང་མང་པོའི་ནང་མེད་པའི་ཚིག་ཕྲད་ཁག་གཅིག་ཡིག་རྙིང་དུ་དངོས་སུ་མཐོང་བ་དེ་ལ་བལྟས་ན། དེ་དག་གི་སྦྱོར་བ་གསལ་བའི་བརྡ་སྤྲོད་ཀྱི་གཞུང་ཞིག་ཡོད་ངེས་པ་དང་། བོད་ཀྱི་ལོ་རྒྱུས་དེབ་ཐེར་སོགས་སུ་བརྡ་སྤྲོད་པའི་བསྟན་བཅོས་གཞན་དྲུག་ནི་བསྟན་པ་འཕེལ་འགྲིབ་ཀྱི་སྐབས་སུ་འཇིག་སོང་ཞེས་པའི་བཞེད་དགོངས་དེ་ཡང་དོན་ལ་གནས་པར་སྙམ། ཡི་གེའི་བརྡ་སྤྲོད་པ་ནི་སྐད་ཆའི་བརྡ་སྤྲོད་པའི་རྨང་གཞིའི་སྟེང་བྱུང་བ་ཡིན་ལ། ཡིག་རྙིང་དེ་རྣམས་ཀྱང་སྐབས་དེའི་སྐད་ཆ་གཞིར་བཟུང་ནས་སྒྲ་གདངས་ལྟར་བྲིས་པ་ཡིན་པས་སྐད་ཆ་མཚོན་ཡོད་པ་དང་ཡི་གེའི་ཆོས་ཉིད་ཀྱང་མཚོན་ཡོད་སྟབས། ཕྲད་ཀྱི་སྦྱོར་ལུགས་དང་འཕུལ་རྟེན་ཡི་གེའི་གྲུབ་ཚུལ་ལ་གནའ་བོའི་བརྡ་རྙིང་གི་ཁྱད་ཆོས་ལྡན་པ་རེད། རྒྱུ་མཚན་དེ་དག་གིས་ད་ལྟ་ང་ཚོས་སྤྱོད་བཞིན་པའི་སུམ་རྟགས་གཉིས་ཀྱི་རྩ་གཞུང་འདི་སྔར་ཡོད་བརྡ་སྤྲོད་གཞུང་གི་རྨང་གཞིའི་སྟེང་རིམ་བྱོན་བརྡ་སྤྲོད་མཁན་པོ་རྣམས་ཀྱིས་སྐད་བརྡའི་འགྱུར་བའི་ཆོས་ཉིད་ལ་གཞིགས་ནས་ཕྲད་དང་རྣམ་དབྱེ་སོགས་ལ་འཕྲི་སྣོན་དང་། འཕུལ་རྟེན་ཡི་གེའི་འཇུག་ཚུལ་ཁག་གཅིག་ལ་ལེགས་བཅོས་གང་མང་མཛད་པ་ཞིག་ཡིན་པ་རྟོགས་ཐུབ། དེ་ནི་བརྡ་སྤྲོད་པའི་འཕེལ་རིམ་གྱི་ལོ་རྒྱུས་ཆོས་ཉིད་དང་མཐུན་པར་སྙམ་མོ། །
          མཆན་འགྲེལ་དང་ཞུང་འདྲེན་དཔྱད་ཡིག
          (1)(9)(10)(21)(27)(39)《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་》 མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༣ལོར་དཔར་དུ་བཏབ། དེབ་ངོས་98 - 100.25. 285.58. 27. 292སྟེང་གསལ།
          (2)(5)(11)(13)(15)(16)(18) (20)(25)(26)(38)《 བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》 སི་ཁྲོན་དཔེ་སྐྲུན་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠ ༠༣ལོར་དཔར་དུ་བཏབ། དེབ་ངོས་45-52. 14. 161. 190. 125. 109. 96. 94. 119. 113. 190སྟེང་གསལ།
          (3)(6)(14)(19)(23)《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༠༧ལོར་དཔར་དུ་བཏབ། དེབ་ངོས་33 -38.40 - 71.59.53. 83སྟེང་གསལ། 
          (4)《ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་》ཀརྨ་སི་ཏུས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༢ལོར་དཔར་དུ་བཏབ། དེབ་ངོས་66སྟེང་གསལ། 
          (7)(36)(37)《སྨྲ་སྒོ་མཚོན་ཆ་》དྲན་པའི་ཡེ་ཤེས་གྲགས་པས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༠ལོར་དཔར་དུ་བཏབ། དེབ་ངོས་15. 63.61སྟེང་གསལ། 
          (8) སི་ཏུའི་སུམ་འགྲེལ་དང་གསེར་ཏོག་སུམ་རྟགས། སི་ཏུའི་ཞལ་ལུང་བཅས་གཞིར་བཟུང་ནས་རྩ་འགྲེལ་བྱས་པ་ཡིན།
          (12)(17)(22) (24) (34)《敦煌卷子》( ཏུན་ཧོང་ཡིག་རྙིང་གི་བོད་ཡིག་མ་ཕྱིའི་བསྐྱར་དཔར་ཕྱོགས་བསྒྲིགས་) དེབ་ངོས་337. 194. 414. 79.517 སྟེང་གསལ།
          (28)《ཆོས་འབྱུང་མཁས་པའི་དགའ་སྟོན་》དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༦ལོར་དཔར་དུ་བཏབ། དེབ་ངོས་417སྟེང་གསལ།   
          (29)《བོད་ལྗོངས་ཞིབ་འཇུག》༢༠༠༩ལོའི་དེབ་གྲངས་བཞི་པ། དེབ་ངོས་127སྟེང་གསལ།
          (30)郑炳林.《晚唐五代敦煌地区的吐蕃居民初探》《中国藏学》2005,(2)P4
          (31)(32)越青山.《吐蕃统治敦煌时期的写经制度》《西藏研究》2009, (3)P48
          (33)《བོད་ལྗོངས་ཞིབ་འཇུག》༢༠༠༩ལོའི་དེབ་གྲངས་གསུམ་པ། དེབ་ངོས་126སྟེང་གསལ།
          (35)《དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ》མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ལོར་དཔར་དུ་བཏབ། དེབ་ངོས་70སྟེང་གསལ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1