མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་ནི་ཁྱེད་དང་ང་ཡི་གཅེས་ནོར་ཡིན།

ཚུལ་ཁྲིམས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-25


      འཛམ་ཐང་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོ་དང་ཁྲོན་ནུབ་མཐོ་སྒང་གི་ཁོངས་སུ་གཏོགས་ཤིང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་དུ་ཡོད།
     ཉེ་ཆར།  འཛམ་ཐང་རྫོང་མི་རིགས་ཆོས་ལུགས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་གཞི་མཚོ་བོད་མཐོ་སྒང་གི་སྣོད་བཅུད་དང་རི་ཆུའི་རིག་གནས་རྔ་བའི་གླེགས་བམ་གྱི་འཛམ་ཐང་ལེ་ཚན་ལེགས་པར་བྲིས་གྲུབ་འདུག 

      2017ལོའི་ཟླ6པ་ནས་བཟུང་། འཛམ་ཐང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཚད་མཐོ་གདེང་འཇོག་དང་ཡང་དག་པའི་དབུ་ཁྲིད་འོག་ཏུ། འཛམ་ཐང་རྫོང་གི་མཚོ་བོད་མཐོ་སྒང་གི་སྣོད་བཅུད་དང་རི་ཆུའི་རིག་གནས་ཞིབ་འཇུག་ཚན་ཆུང་གི་ལས་བྱེད་མི་སྣ་རྣམས་ལོ་གཉིས་དང་ཟླ་གསུམ་བཞི་ལྷག་ལ་གངས་དང་གྲང་ངར་གང་ལའང་མ་འཛེམ་པར། དཀའ་ངལ་ཁྱད་དུ་བསད་ནས་འཛམ་ཐང་གི་ཡུལ་ཚོ་དང་གྲོང་རྡལ12དང་སྡེ་བ༦༢བཅས་ཀྱི་ཡུལ་དངོས་སོ་སོར་ཆེད་ཕེབས་ཀྱིས་ལོ་རྒྱུས་ལ་འགན་ཁུར་དང་རྗེས་རབས་པ་དག་གི་ཁེ་ཕན་ལ་དམིགས་ནས། རང་རེའི་བོད་པའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་གནས་བསྟོད་དང་ཆུ་བསྟོད་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་བར་གྱི་འཆམ་མཐུན་མཉམ་གནས་ཀྱི་རི་ཆུའི་རིག་གནས་སྔོག་འདོན་གང་ཐུབ་བྱས་པས། ཡིག་འབྲུ་འབུམ་ཕྲག་གསུམ་ལྷག་གིས་གྲུབ་པའི་འཛམ་ཐང་གི་རི་ཆུའི་རིག་གནས་ཀྱི་ཆེད་དེབ་ལེགས་པར་གྲུབ་འདུག  


      འཛམ་ཐང་རྫོང་གི་སྐྱེ་ཁམས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས། ངག་རྒྱུན་དུ་མདོ་སྨད་རྩེ་བླ་བཅུ་གསུམ་གྱི་ཡ་གྱལ་རྡོ་རྒྱལ་སྐུ་བླ་ལྕགས་རྩེ་གཙོར་བྱས་པའི་ཡུལ་ལྷ་གཞི་བདག་ཉིས་བརྒྱར་ཉེ་བ་དང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགོ་ཁུངས་རྡོ་ཆུ་དང་འཛི་ཆུ་གཙོར་བྱས་པའི་ཆུ་རྒྱུད་ཆེན་པོ་གཉིས་ལ་ཆུ་ཕྲན་422ལྷག་མཆིས་པས། གནས་འདི་ནི་རང་རེའི་ཁུལ་ཡོངས་ཀྱི་ཆུའི་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་རྫོང་ཁག་ཅིག་ཀྱང་ཡིན་པར་མ་ཟད། དམངས་ཁྲོད་ཀྱི་ངག་རྒྱུན་དུ། སྨར་མ་ལག་དྲུག་གི་ཡ་གྱལ་རྡོ་རི་ཐང་ཕྱུག་མོ་སྨར་གྱི་ལག འཛི་ཀའི་ལྷ་མོ་དར་ཐང་སྨར་གྱི་ལག རྩང་ཁོག་འདོ་བ་ཁལ་བཀལ་སྨར་གྱི་ལག་ཅེས་བརྗོད་པའི་རྡོ་འཛི་རྩང་གསུམ་ཁྱབ་ཁོངས་སུ་འདུས་པའི་འཛམ་ཐང་རྫོང་ནི། སྟོད་ན་གངས་དཀར་གྱི་ན་བཟའ་བསྣམས་ཤིང་། བར་ན་ལྗང་མདོག་གི་གཡུ་ལོ་ཚང་ཚིང་དུ་འཁྲིགས་པ། སྨད་ན་ཆུ་མོ་ཤག་ཤག་ཏུ་འབབ་པའི་ཡུལ་ལྗོངས་ཕུན་སུམ་ཚོགས་པ་ཞིག་ན། གནས་འདིར་སྡོད་པའི་མི་རྣམས་གནའ་ནས་ད་བར་དུ། རི་སྟེ་གནས་རི་དང་ཡུལ་ལྷ་གཞི་བདག་ཏུ་བརྩི་ཤིང་། ཆུ་སྟེ་གནས་ཆུ་དང་གྲུབ་ཆུར་བརྩི་ནས་གནས་བསྟོད་དང་ཆུ་བསྟོད་ཀྱིས་མཚོན་པའི་རི་ཆུའི་རིག་གནས་ཀྱང་གྱ་ནོམ་པ་ཞིག་མཆིས།
     མདོར་ན། འཛམ་ཐང་རྫོང་ནི་ཕྱི་སྣོད་ཡུལ་གྱི་བཀོད་པ་སུམ་རྩེན་ལྡིང་ཁང་ལ་འགྲན་པ་དང་ཆབས་ཅིག་ཏུ་ནང་བཅུད་མིའི་རིགས་ཀྱི་ཤེས་རབ་རྩལ་ཏུ་བཏོན་པའི་ཤེས་རིག་གི་བང་མཛོད་ས་འཛིན་ལྷུན་པོ་སྤུངས་དང་སྤུངས་འདྲས་བརྩེགས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་བར་ལ་འཆམ་མཐུན་མཉམ་གནས་ཀྱི་གོམས་སྲོལ་བཟང་པོའི་ལྷ་མཆོད། ཀླུ་བསྟོད། ཆུ་བསྟོད། རི་ལ་གནས་པའི་ཀླུ་བདུད་བཙན་གསུམ། ས་ལ་གནས་པའི་ས་བདག་གཞི་བདག ཡུལ་ལ་གནས་པའི་ལྷ་ཀླུ་གཉན་གསུམ་བཅས་ལ་བརྩི་མཐོང་གུས་ལུགས་མཆོད་བསྟོད་ཀྱི་ཤེས་ཡོན་བཟང་པོ་དར་བའི་གནས་ཡིག་དང་བསང་མཆོད། ད་རུང་། ངོ་མཚར་བའི་སྒྲུང་དང་གཏམ་རྒྱུད་རིང་མོ་བགྲང་གིས་མི་ལང་བ་ཞིག་ཡོད་པ་སོགས་ནི་ས་ཡི་འཛིན་མའི་ཁྱོན་ཡོངས་སུ་གནམ་ས་བླ་འོག་ཏུ་བསྒྱུར་བའི་འབྱུང་བཞིའི་གནོད་པས་རབ་ཏུ་འཚེ་ཚེ། གནས་འདིར་ད་དུང་ཕྱི་སྣོད་འཇིག་རྟེན་གྱི་བཀོད་པ་གདོད་མའི་གཉུག་གནས་རང་མདངས་ཀྱི་གཟི་འོད་མ་ཉམས་པར་གནས་པའི་རྐྱེན་དུ་ཟད་པ་ལགས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1