བོད་བརྒྱུད་ནང་བསྟན་རིམ་གསུམ་ཡོན་གནས་ཀྱི་སྤྱི་པའི་སློབ་ཚན་གྱི་སློབ་དེབ་རྩོམ་སྒྲིག་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོན།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-26




ཚོགས་འདུའི་ཡུལ་དངོས།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན། བོད་བརྒྱུད་ནང་བསྟན་རིམ་གསུམ་ཡོན་གནས་སློབ་དེབ་རྩོམ་སྒྲིག་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས། ཚོགས་འདུའི་སྟེང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་གནམ་ལྷ་བཀྲ་ཤིས་ཀྱིས། བོད་བརྒྱུད་ནང་བསྟན་རིམ་གསུམ་ཡོན་གནས་སློབ་དེབ་མ་ལག་འཛུགས་སྐྲུན་གྱི་འབྲེལ་ཡོད་བྱ་བའི་གནས་ཚུལ་སྐོར་སྙན་སེང་ཞུས་པ་དང་། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཀྱི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འབྲེལ་ཡོད་འགན་འཛིན་པས་སོ་སོས་འགན་འཁུར་བའི་སྤྱི་པའི་སློབ་ཚན་གྱི་སློབ་དེབ་རྩོམ་སྒྲིག་གྱི་གནས་ཚུལ་སྙན་སེང་ཞུས།
ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་གནམ་ལྷ་བཀྲ་ཤིས་ཀྱིས་སྙན་སེང་ཞུ་བཞིན་པ།
          གནམ་ལྷ་བཀྲ་ཤིས་ཀྱིས་སྙན་སེང་ལས་བརྗོད་དོན། 《བོད་བརྒྱུད་ནང་བསྟན་ཡོན་གནས་སྤྲོད་ཐབས།(ཚོད་ལྟ།)》གཞིར་བཟུང་ནས།  2016ལོར་བོད་བརྒྱུད་ནང་བསྟན་རིམ་གསུམ་ཡོན་གནས་སློབ་དེབ་རྩོམ་སྒྲིག་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་ནས་བཟུང་།  སློབ་དེབ་རྩོམ་སྒྲིག་ཨུ་ལྷན་གྱིས་ཚོགས་འདུའི་དགོངས་དོན་ལྟར་ནན་ཏན་སྒོས་ལས་དོན་སོ་སོ་ལག་ལེན་དུ་བསྟར་ནས། ལོ་3གྱི་རིང་ལ་རིམ་གསུམ་ཡོན་གནས་ཀྱི་སློབ་ཚན་སོ་སོའི་སློབ་དེབ་རྩོམ་སྒྲིག་གི་ལས་དོན་ཕལ་ཆེར་ལེགས་འགྲུབ་བྱུང་བ་དང་།  དགེ་ལུགས་པའི་སྒོ་མང་སློབ་དེབ་དངོས་སུ་པར་དུ་བསྐྲུན་པ་མ་ཟད།  དེ་ལས་སློབ་དེབ་ཁག་ཅིག་ད་ལྟ་དངོས་སུ་བཀོལ་སྤྱོད་བྱེད་བཞིན་ཡོད་ཟེར། 
          སྤྱི་པའི་སློབ་ཚན་གྱི་རྨང་གཞིའི་སློབ་དེབ་དེ་ས་གནས་མཐོ་སློབ་ཀྱི་སྤྱི་པའི་སློབ་ཚན་སློབ་དེབ་ཀྱི་ནང་དོན་ལ་ཟུར་བལྟ་བྱས་པ་དང་།  ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་བོད་ལྗོངས་དང་བོད་ཁུལ་ཞིང་ཆེན་བཞིའི་ནང་བསྟན་སློབ་གླིང་ཁག་གིས་མཉམ་དུ་ཞིབ་འཇུག་སྒོས《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་སྤྱི་བཤད》དང་།《རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་རྨང་གཞི》དང《ཀྲུང་གོའི་ཉེ་རབས་ལོ་རྒྱུས》བཅས་དམའ་འབྲིང་དང་མཐོ་འབྲིང་གི་རྨང་གཞིའི་སློབ་དེབ་གསུམ་པོ་དེ་དང《དུས་སྐབས་ཆབ་སྲིད་ཀྱི་སློབ་གསོའི་ཀློག་དེབ》ཀྱི་དེབ་ཕྲེང་བཅས་གཏན་ལ་ཕབ། 2015ལོར་རྩོམ་སྒྲིག་གི་བྱ་བའི་འགོ་ཚུགས་ནས་ཚོགས་པ་གཞན་དག་གི་སྟོབས་ཤུགས་ལ་བརྟེན་ནས་རྩོམ་སྒྲིག་བྱས་པ་སྟེ།  སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་།  ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་མཐོ་སློབ་དང་ཞིབ་འཇུག་པར་མངགས་བཅོལ་སྒོས་རྩོམ་སྒྲིག་བྱས་པ་རེད།  མཐོ་རིམ་ཡོན་གནས་འཛིན་གྲྭའི་ཚོད་ལྟའི་སློབ་དེབ་“3+1”ཞེས་པ་དེ་2016ལོའི་ཟླ་9པར་ཚོད་ལྟའི་བཀོལ་སྤྱོད་བྱས་པ་དང་།  དེ་དང་ཆབས་ཅིག《རྒྱ་ཡིག་གི་རྨང་གཞིའི་སློབ་ཚན》དེབ་1ནས་3པ་བར་གྱི་རྩོམ་སྒྲིག་ལེགས་པར་གྲུབ།  《དུས་སྐབས་ཆབ་སྲིད་སློབ་གསོའི་ཀློག་དེབ》དེ་ལོ་ཕྱེད་ལ་རྩོམ་སྒྲིག་ཐེངས་གཅིག་བྱེད་བཞིན་ཡོད་པ་དང་།  གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཙོ་གནད་དུ་བཟུང་ནས་བདམས་སྒྲིག་བྱས།  《རྩིས་འཁོར་རྨང་གཞི》དང《བོད་ལྗོངས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས》སོགས་ཟུར་ཁྲིད་སློབ་དེབ་9དེ་བོད་ལྗོངས་དང་བོད་ཁུལ་ཞིང་ཆེན་བཞིའི་ནང་བསྟན་སློབ་གླིང་གིས་འགན་བཟུང་ནས་རྩོམ་སྒྲིག་བྱས་པ་དང་།  ཧ་ཅང་མཐོང་ཆེན་པོ་བྱས་ཏེ།  ཆེད་མངགས་མི་སྣས་འགན་བཟུང་བ་དང་།  དེ་ཡོད་སའི་ཞིང་ཆེན་སོ་སོའི་མཐོ་སློབ་དང་ཞིབ་འཇུག་སྡེ་ཁག་ལ་ཧུར་ཐག་སྒོས་རམ་འདེགས་བྱས་ཏེ།  སློབ་དེབ་རྩོམ་སྒྲིག་དང་ཞུ་དག་ཚོ་ཆུང་རྩ་འཛུགས་བྱས་ནས་ལས་དོན་གོང་དུ་སྤེལ།
          གནམ་ལྷ་བཀྲ་ཤིས་ཀྱིས་བསྟན་དོན།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མཛུབ་སྟོན་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཀྲུང་དབྱང་གི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་ཁ་ཕྱོགས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་གཏིང་ཟབ་དང་། ཞི་ཅིན་ཕིང་གི་མཐོ་སློབ་བསམ་བློའི་ཆབ་སྲིད་གཞུང་ལུགས་སློབ་ཚན་ལ་ཤུགས་སྣོན་པའི་སྐོར་གྱི་གལ་ཆེན་བཀའ་སློབ་ལྟར་སློབ་དེབ་ཀྱི་ནང་དོན་འཐུས་ཚང་དུ་བཏང་ནས། ཡོན་གནས་ལམ་ལུགས་གསར་པའི་འཁོར་སྐྱོད་ལ་ཁག་ཐེག་ཡོང་བ་དང་།  བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་བསྡུས། རྨང་གཞི་སྲ་བརྟན་ཡོང་བར་བྱས་ཏེ།  རིམ་གསུམ་ཡོན་གནས་སློབ་དེབ་ཀྱི་འཛུགས་སྐྲུན་ཀྱི་བྱ་བ་སོ་སོ་སྲ་བརྟན་ངང་སྐུལ་སྤེལ་བ་དང་།  མུ་མཐུད་ནས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་ཆེ་རུ་བཏང་སྟེ། བོད་ལྗོངས་དང་བོད་ཁུལ་ཞིང་ཆེན་བཞིའི་གཏན་འཇགས་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས་ཞེས་བསྟན། 

བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་བློ་བཟང་དབང་འདུས་ཀྱིས་སྙན་སེང་ཞུ་བཞིན་པ།
          བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་བློ་བཟང་དབང་འདུས་ཀྱིས《བོད་ལྗོངས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས》དང《རྩིས་འཁོར་རྨང་གཞི》ཞེས་པའི་སློབ་དེབ་གཉིས་ཀྱི་དག་བཅོས་གནས་ཚུལ་དང་འབྲེལ་བའི་སྙན་སེང་ཞུས།
          སྙན་སེང་ལས་ཁོས་བརྗོད་དོན། 《བོད་ལྗོངས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས》ནི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཁོ་རང་་བོད་བརྒྱུད་ནང་བསྟན་རིམ་གསུམ་ཡོན་གནས་སློབ་དེབ་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་གཙོ་འཛིན་ཡིན་པའི་ངོས་ནས་སྣེ་ཁྲིད་དང་མིག་དཔེའི་ནུས་པ་འདོན་ཆེད། ཁོས་རང་འགུལ་གྱིས་རྩོམ་སྒྲིག་ལས་དོན་ལས་སློབ་དེབ་གཅིག་གི་འགན་དང་ལེན་བྱས་པ་དེ་ཡིན། སློབ་དེབ་དེའི་རྩོམ་སྒྲིག་དུས་ཡུན་ལོ་གཉིས་འགོར་བ་དང་། སློབ་དེབ་ཀྱི་སྤྱི་ཁོག་སྒྲིག་གཞི་དང་བྱེ་བྲག་གི་ནང་དོན་སྐོར་གྱི་གཏན་ཁེལ་དང་། ཆེས་མཐའ་མཇུག་གི་འབྲས་བུ་ལེགས་པར་གྲུབ་པ་བཅས་ཀྱི་གོ་རིམ་ཁྲོད། སྔ་ཕྱིར་ཐེངས་བཅུ་ལྷག་ལ་འབྲེལ་ཡོད་ཆེད་མཁས་པའི་དགོངས་འཆར་དང་ལེན་དང་ཞུ་དག་ཞུས། ཐོག་མའི་ཞུ་དག་གི་དགོངས་འཆར་དང་རེ་འདུན་ལྟར་བཟོ་བཅོས་བྱས་པའི་མ་ཡིག་དེ་ཞིབ་བཤེར་གཏན་འབེབས་ཞུས་ནས་ཞུ་དག་གི་བསམ་འཆར་མེད་པར་བཟོས།  《རྩིས་འཁོར་རྨང་གཞི》ཡི་སློབ་དེབ་རྩོམ་སྒྲིག་བྱ་བའང་ལེགས་པར་གྲུབ་པ་དང་། ད་ལྟ་ཆེད་མཁས་པས་བཏོན་པའི་དགོངས་འཆར་ལྟར་མུ་མཐུད་ཁ་གསབ་དང་འཐུས་ཚང་དུ་བཏང་ཡོད་ཅེས་བཤད།
སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་བློ་བཟང་ལུང་རྟོགས་ཀྱིས་སྙན་སེང་ཞུ་བཞིན་པ།
          སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་བློ་བཟང་ལུང་རྟོགས་ཀྱིས་བཤད་དོན། སི་ཁྲོན་ཞིང་ཆེན་ནང་བསྟན་སློབ་གླིང་གིས་རྒྱལ་ཡོངས་བོད་བརྒྱུད་ནང་བསྟན་སློབ་གླིང་རིམ་གསུམ་ཡོན་གནས་སློབ་དེབ་ལས《ཀྲུང་གོའི་ལོ་རྒྱུས་སྤྱི་བཤད》དང《སྤྱི་པའི་བདེ་འཇགས》《དེང་རབས་ཚན་རྩལ་འཕེལ་རྒྱས་སྤྱི་བཤད》《དེང་རབས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་སྤྱི་བཤད》བཅས་སྤྱི་པའི་སློབ་དེབ་བཞིའི་རྩོམ་སྒྲིག་གི་བྱ་བ་དང་དུ་བླངས། སློབ་དེབ་རྩོམ་སྒྲིག་ནི་“རིམ་གསུམ་ཡོན་གནས།”སློབ་གསོའི་མ་ལག་གི་རྩ་བ་ཚུགས་ཐུབ་པའི་རྩ་བའི་འགན་ལེན་དང་།  ལྷག་པར་དུ་ཀྲུང་གོའི་ལོ་རྒྱུས་སུ་སྔ་ན་མེད་པའི་རླབས་ཆེན་གྱི་བྱ་གཞག་ཅིག་ཡིན་པ་མ་ཟད།  དེ་ལས་རྒྱལ་ཁབ་དར་ཞིང་དཔལ་ཡོན་རྒྱས་པའི་དུས་རབས་ཀྱི་ཁྱད་ཆོས་མཚོན་ཐུབ།  ད་ནས་སི་ཁྲོན་ཞིང་ཆེན་ནང་བསྟན་སློབ་གླིང་གིས་སྤྱི་པའི་སློབ་དེབ་བཞི་པོ་དེའི་མཐའ་མའི་ཞུ་དག་གི་བྱ་བ་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་ཟེར། 

མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་རིན་ཆེན་དོན་གྲུབ་ཀྱིས་སྙན་སེང་ཞུ་བཞིན་པ།
          མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་རིན་ཆེན་དོན་གྲུབ་ཀྱིས་སློབ་དེབ་ཀྱི་རྩོམ་སྒྲིག་གི་གནས་ཚུལ་སྐོར་སྙན་སེང་ཞུས་པ་སྟེ། 2018ལོའི་ལོ་མགོ་ནས་བཟུང་། སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རིན་ཆེན་རྣམ་རྒྱལ་གྱིས་གཙོ་སྐྱོང་གནང་བའི་ཡོན་གནས་སློབ་དེབ་རྩོམ་སྒྲིག་གི་ཨུ་ཡོན་ལྷན་ཚོགས་བཙུགས་པ་ཡིན་ལ། 《མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ནང་བསྟན་ཆེད་ལས་གསོ་སྦྱོང་གི་བྱེད་ཐབས》དང《བོད་བརྒྱུད་ནང་བསྟན་རིམ་གསུམ་ཡོན་གནས་སློབ་དེབ་རྩོམ་སྒྲིག་གི་སྤྱིའི་བྱེད་ཐབས》གཞིར་བཟུང་ནས།  དམའ་རིམ་དང་འབྲིང་རིམ་གཉིས་ཀའི་ཡོན་གནས་ཀྱི་སྤྱི་པའི་སློབ་ཚན་གྱི་སློབ་དེབ་ཇེ་ཞིབ་ཏུ་བཏང་།  མིག་སྔར《རིག་དངོས་སྲུང་སྐྱོབ》ཀྱི་སྤྱི་ཁོག་སྒྲིག་གཞིའི་ཞུ་དག་གཏན་འབེབས་ཀྱི་བྱ་བ་མཇུག་རྫོགས་པ་དང་། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཞུ་དག་ཚོགས་འདུའི་སྟེང་ཆེད་མཁས་པས་བཏོན་པའི་དགོངས་འཆར་ལྟར་སློབ་དེབ་མུ་མཐུད་ནས་ཞུ་དག་དང་འཐུས་ཚང་དུ་གཏོང་བཞིན་ཡོད་ཅེས་བསྟན།

ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་སྟོན་ཁྲུའུ་ཡི་འགན་འཛིན་པ་སྒྲོལ་མ་སྐྱབས་ཀྱིས་སྙན་སེང་ཞུ་བཞིན་པ།
          ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་སྟོན་ཁྲུའུ་ཡི་འགན་འཛིན་པ་སྒྲོལ་མ་སྐྱབས་ཀྱིས་སྙན་སེང་ལས་བརྗོད་དོན། 2016ལོའི་བོད་བརྒྱུད་ནང་བསྟན་རིམ་གསུམ་ཡོན་གནས་སློབ་དེབ་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱིས་ཞིབ་འཇུག་དང་འཆར་གཞི་བཀོད་པའི་བོད་བརྒྱུད་ནང་བསྟན་རིམ་གསུམ་ཡོན་གནས་སློབ་དེབ་རྩོམ་སྒྲིག་གི་འཆར་བཀོད་གཞིར་བཟུང་ནས། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གིས《བོད་བརྒྱུད་ནང་བསྟན་སྤྱི་བཤད》དང《བོད་བརྒྱུད་ནང་བསྟན་ཉེར་སྤྱོད་རྩོམ་ཡིག》(བོད་ཡིག)ཅེས་པའི་སྤྱི་པའི་སློབ་དེབ་འདི་གཉིས་ཀྱི་རྩོམ་སྒྲིག་གི་འགན་དང་དུ་བླངས་པ་དང་། 2018ལོའི་ཟླ་10པར་སློབ་དེབ་འདི་གཉིས་ཀྱི་ཐོག་མའི་མ་ཟིན་ལེགས་པར་གྲུབ།  མིག་སྔར། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གིས་སློབ་དེབ་འདི་གཉིས་ཀྱི་རྩོམ་སྒྲིག་གི་བྱ་བ་འགྲུབ་ཚར་བ་དང་།  ད་ནས་མཐའ་མའི་ཞུ་དག་གི་བྱ་བར་འཇུག་རྒྱུ་ཡིན་ཞེས་བཤད། 

ཡུན་ནན་ཞིང་ཆེན་བདེ་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་ཨ་པས་སྙན་སེང་ཞུ་བཞིན་པ།
          ཡུན་ནན་ཞིང་ཆེན་བདེ་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་ཨ་པས་བཤད་དོན། 2016ལོའི་ཟླ་12པར། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས《ལྗོངས་ཞིང་ལྔའི་ནང་བསྟན་སློབ་གླིང་གིས་རིམ་གསུམ་ཡོན་གནས་སློབ་དེབ་རྩོམ་སྒྲིག་གི་ལས་འགན་འཁུར་བའི་གདན་ཞུའི་སྤྲིངས་ཡིག》ཞེས་པ་འོག་རིམ་ལ་ཁྱབ་བསྒྲགས་བྱས་རྗེས། ཡུན་ནན་ཞིང་ཆེན་བདེ་ཆེན་ནང་བསྟན་སློབ་གླིང་གིས་སློབ་དེབ་རྩོམ་སྒྲིག་གི་འགན་དང་དུ་བླངས་པ་དང་།  གཙོ་བོ་ནི་དམར་དམག་རྒྱང་བསྐྱོད་སྐབས་བདེ་ཆེན་ལ་བརྒྱུད་པའི་ལོ་རྒྱུས་སྐོར་གྱི་སློབ་དེབ་རྩོམ་སྒྲིག་གི་བྱ་བའི་འགན་འཁུར་པ་ཡིན་ཟེར། ཨ་པའི་བསམ་ཚུལ་ལྟར་ན། དུས་རིམ་འདིའི་ལོ་རྒྱུས་སྐོར་སློབ་དེབ་ཀྱི་རྩོམ་སྒྲིག་ནང་བཅུག་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ་ཡིན་ན། རྒྱ་བོད་མི་རིགས་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་པར་ཕན་ཐོགས་ཡོད་པར་འདོད་ཟེར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1