༄༅།། བརྡ་སྤྲོད་རིག་པའི་བསྡུ་ཚིག་སྐོར་གྱི་དཔྱད་གཏམ་འོད་དཀར་འཛུམ་ཕྲེང་།

ཁུ་བྱུག རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 04-26


 ཁུ་བྱུག
 ཚིག་སྡུད་ཀྱི་དགོས་པ་ནི། དབྱངས་ཅན་མར།
          མིང་རྣམས་ཀྱི་ཕན་ཚུན་བསྡུ་བ་ཡང་ངོ་།། ཞེས་དང་། གསལ་ལྡན་ལས། དོན་འགལ་བ་མ་ཡིན་པའི་མིང་ཚིག་ཏུ་གྲུབ་པ་གཉིས་སམ་གསུམ་ལ་སོགས་པ་བསྒྲིགས་པའི་ཕྲད་དང་རྣམ་དབྱེ་སོགས་བསྡུས་པས་ཚིག་ཕན་ཚུན་མ་འབྲེལ་བ་རྣམས་གཅིག་ཏུ་འབྲེལ་བར་བྱེད་པའོ།། ཞེས་གསུངས་པ་ལྟར་དོན་མང་རྣམས་ཕྱོགས་གཅིག་ཏུ་སྦྱོར་བ་དང་། ངག་ནས་བརྗོད་མི་བདེ་བ་རྣམས་ཚིག་ཉུང་ཞིང་བརྗོད་བདེ་བར་སྦྱོར་བ་ནི་ཚིག་བསྡུ་བའི་དགོས་པ་རེད། སྤྱིར་ཚིག་གང་ལའང་དོན་དང་འབྲེལ་བ་ལས་དགོས་མེད་ཀྱི་ཚིག་ལྷག་རྣམས་ཅི་ནུས་ཀྱིས་དོར་ན་བརྗོད་བདེ་ཞིང་ཡིག་ངོས་གཙང་བ་དང་། དེ་མིན་དོན་ཐོབ་ཀྱི་རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱང་ཅི་རིགས་སུ་བསྡུ་ཆོག་པ་རྣམས་བསྡུས། སྐབས་འགར་ནོར་དོགས་ཆེ་བ་དང་བརྗོད་དོན་གསལ་བ་ལ་མི་འཇོག་ཐབས་མེད་ཡིན་ན་མ་གཏོགས་བསྡུ་ཅི་ཐུབ་བགྱིས་ན་ཚིག་ཟོར་ཡང་ལ་ཡིག་ངོས་གཙང་བ་ཞིག་འབྱུང་ངོ་།། བརྡ་སྤྲོད་པའི་གཞུང་རྩ་བ་ཉིད་ལས་ཀྱང་། ཚིགས་སུ་བཅད་པའི་མཚམས་སྦྱོར་རྣམས།། ཅུང་ཟད་བསྡུས་པ་ཡོད་ན་ཡང་།། དེ་ནི་དེ་བཞིན་སྦྱོར་བར་བྱ།། ཞེས་གསུངས་ཏེ། སྤྱིར་ཚིགས་བཅད་ནི་རྣམ་དབྱེ་དང་ཚིག་ཕྲད་སོགས་ཕལ་ཆེ་བར་ཤུགས་ཀྱིས་ཚིག་སྡུད་ཅན་དུ་སོང་ཞིང་།  ཚིག་ལྷུག་ལ་དེ་བས་ཀྱང་ལྷག་པའི་ཚིག་སྡུད་དགོས་པ་སྔོན་བྱོན་མཁས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བཞེད་དོ།། དེས་ན་ཁོ་བོས་འདིར་སྔ་རབས་མཁས་པ་རྣམས་ཀྱི་གསུང་གི་ཞལ་ཟུར་ནས་ཐོན་པའི་ཚིག་སྡུད་ཀྱི་སྐོར་གཞིར་བཟུང་།  དེ་ནས་རང་གི་བློ་གྲོས་ཀྱིས་སྔོན་བྱོན་མཁས་པའི་རྩོམ་གཞུང་དང་དེང་གི་བོད་སྐད་ཀྱི་སྒྲ་གདངས་འགྱུར་བའི་འགྲོས་དང་བསྟུན་དེ་ཚིག་སྡུད་ཀྱི་སྐོར་ལ་ཅུང་ཕྲ་ཞིང་ཞིབ་པའི་རྟོག་དཔྱོད་གཏོང་རྒྱུ་ཡིན་ཏེ། དབྱེ་བ་འབྱེད་སྟངས་དང་ས་བཅད་ཀྱི་གོ་རིམ། དཔྱད་པ་གཏོང་ཚུལ་སོགས་ཀྱི་ཐད་དུ་དགེ་བའི་བཤེས་གཉེན་ཆེན་པོ་དོར་ཞི་གདོང་དྲུག་སྙེགས་བློའི་གསུང་གི་སྣང་བ་ལ་བརྟེན་ནས་ང་རང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ཐུན་མོང་གྱི་ཁྱད་ཆོས་ཁོ་ན་ཉིད་དུ་སྣང་། དེ་ཡང་བདག་བློ་རྒྱ་ཆེན་ཤེས་བྱའི་གནས་ལ་འཇུག་སྟོབས་དམན་པའི་རྐྱེན་གྱིས་མ་རྟོགས་ལོག་རྟོག་གི་དབང་དུ་སོང་བ་ཡོད་ན་བརྡ་སྤྲོད་སྨྲ་བའི་ཡང་རྩེར་སོན་པའི་མཁས་དབང་རྣམས་ཀྱིས་ཡིན་མིན་གྱི་ཤན་འབྱེད་པར་ཞུའོ། །
          དང་པོ། ཡི་གེའི་བསྡུ་ཚུལ།
          ༡. གློ་བུར་བ་སྟེ་བསྣན་པའི་ཡི་གེ་བསྡུ་ཚུལ། སྒྲ་འགྲེལ་ལས། ཡི་གེ་གློ་བུར་ཡི་གེ་བསྣོལ་བ་དང་། །ཉམས་དང་ཡི་གེ་རྣམ་འགྱུར་གཉིས་ནི་གཞན།། བྱིངས་དེའི་དོན་ལ་ཕུལ་བྱུང་སྦྱོར་བ་སྟེ།། གསུངས་པའི་ཆོ་ག་ལྔ་པོ་ངེས་པར་བཤད། །ཅེས་གསུངས་པའི་ཚིག་གི་འགྱུར་བ་ནི་ལེགས་སྦྱར་ལའང་མང་བ་མ་ཟད་བོད་ཡིག་ལའང་དེ་རིགས་ཡོད། ཚིག་སྡུད་དབང་གིས་རྗེས་འཇུག་གློ་བུར་བའང་ཡོད་དེ་བདེ་བར་བཤེགས་པ་ཞེས་པའི་ཚིག་བསྡུས་ཏེ། བདེར་གཤེགས་ཞེས་བརྗོད་ཚེ་བདེ་ལ་རྗེས་འཇུག་ར་གློ་བུར་དུ་བྱུང་སྟེ་བདེར་ཞེས་འགྱུར་བ་ལྟ་བུའོ། ། ཚིག་སྡུད་ཀྱི་ཡིག་ཐོབ་དེ་ལྟར་ནའང་སྔོན་བྱོན་མཁས་པའི་གསུང་ན་བདེ་བར་གཤེགས་པ་བསྡུས་ཚེ་བདེ་གཤེགས་ཞེས་པ་ལས་བདེ་ལ་རྗེས་འཇུག་ར་མི་སྦྱོར་བའང་ཡོད་དེ། བདེ་གཤེགས་མདུན་དུ་བསམ་ནས་ནི་ཞེས་པ་ལྟ་བུའི་བདེ་བར་གཤེགས་པ་བསྡུས་ཚེ་བདེར་གཤེགས་ཟེར་དགོས་པ་ལས་བདེ་གཤེགས་ཞེས་འཁོད་པ་ནི་ཡི་གེ་གློ་བུར་བའམ་བསྣན་པ་བསྡུ་ཚུལ་མ་ཤེས་པའི་སྐྱོན་དུ་ཟད། ཡང་ཚུ་རོལ་ཏུ་ཤོག་དང་ཕ་རོལ་ཏུ་སོང་ཞེས་པའི་ཚིག་བསྡུས་ཚེ། དེ་ལ་སེམས་ཅན་ཞིག་གིས། ཚུར་ཤོག་ས་ལུ་ལེན་དུ་འདོང་ངོ་།། ཞེས་དང་། ཕར་སོང་ཞེས་ཚུ་དང་ཕ་ལ་རྗེས་འཇུག་ར་བྱུང་བའང་ཚུ་རོལ་དང་ཕ་རོལ་ཞེས་པའི་རོལ་གྱི་སྒྲ་བསྡུས་པའི་ཤུལ་ཡིན། དེ་བཞིན་དངུལ་བུན་ཞེས་པའང་དངུལ་གྱི་བུ་ལོན་ཞེས་པ་བསྡུས་པས་དངུལ་བུན་གྱི་བུན་ལ་ན་རྗེས་འཇུག་གློ་བུར་དུ་ཐོབ་པ་ལྟ་བུ་ཡིན། ཡང་བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་བཞི། ཞེས་པའི་ཉེ་བར་ལེན་པ་བཞི་ཞེས་པ་བསྡུ་ཚེ། ཉེ་ལ་རྗེས་འཇུག་ར་གློ་བུར་དུ་བྱུང་བ་དཔེར་ན། ཉེར་ལེན་བཞི་ཟེར་བ་ལྟ་བུའོ། ། ཉེ་བར་ཞི་བ་ཞེས་པ་བསྡུ་ན། རྩེན་པའི་རྐང་དྲུག་ཉེར་ཞིའི་དྲི་བསུང་དང་། ཉེར་ཞི་ཞེས་གསལ་བར་བསྡུས། མྱ་ངན་ལས་འདས་པ་ལ། མྱང་འདས་ཉོན་མོངས་མྱ་ངན་ཞི་བ་སྟེ། ཞེས་མྱ་ངན་ལས་འདས་པ་ཞེས་པའི་ལས་དང་མཐའི་པ་དབྱི་ཞིང་། ངན་གྱི་མིང་གཞི་ང་ཡང་མྱའི་རྗེས་འཇུག་ཏུ་གྱུར་པས་མྱང་འདས་ཞེས་བརྗོད་པ་ལྟ་བུའོ།། དེ་རིགས་ཡང་དཔེར་ན། བུ་རམ་གྱི་རོ་དང་བུ་རམ་གྱི་གཟུགས་ཞེས་པ་བསྡུས་ཚེ། བུར་རོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེད་པའི་ནུས་པ་ཡོད་དེ། ཞེས་བུ་རམ་གྱི་གློ་བུར་དུ་བུའི་རྗེས་འཇུག་ཏུ་ལོག་ནས་བུར་ཞེས་པར་གྱུར། ཡང་། མངར་ནི་ཀ་ར་བུར་སྦྲང་གསུམ། ཞེས་ཚིག་སྡུད་ཀྱི་དབང་གིས་བུ་ལ་རྗེས་འཇུག་ར་གློ་བུར་དུ་ཐོན། རྡོ་རྗེ་སེམས་དཔའ་ལ། རྡོར་སེམས་ལ་སོགས་པ་སེམས་དཔའ་བཅུ་དྲུག ཅེས་རྗེ་བཙུན་ཏཱ་ར་ན་ཐས་རྡོ་རྗེ་སེམས་དཔའ་ཞེས་པ་རྡོར་སེམས་སུ་བསྡུས་སོ།། ཡང་དགྱེས་པ་རྡོ་རྗེ་མཚོན་ཆ་ཅན་ཟེར་བ་བསྡུས་ན། དགྱེས་རྡོར་མཚོན་ཆ་ཅན། ཞེས་གསུངས། དེ་ཡང་བསྡུས་ན་དགྱེས་རྡོར་མཚོན་ཅན་ཞེས་པར་བསྡུས་ན་ཆོག་པར་སེམས། རྡོ་རྗེ་ཕྲེང་བ་ཞེས་པ་བསྡུས་ན་རྡོར་ཕྲེང་ལྟ་བུའོ།། བཀྲ་ཤིས་ལྷུན་པོ་ཞེས་པ་ལྟ་བུ་ལ། ཚིག་སྡུད་ཀྱི་དབང་གིས་བཀྲ་ལ་རྗེས་འཇུག་གློ་བུར་བ་ས་བསྣན་པ་ལྟ་བུ་སོགས་ཀྱིས་མཚོན་པའི་རིགས་ནི་བོད་རང་སྐད་ཀྱི་ཁྱད་ཆོས་བཀོད་པ་ཡིན་པས་དེ་རིགས་ཀུན་གྱིས་ཤེས་པར་གྱིས། ཚིག་སྡུད་ཀྱི་དབང་གིས་སྒྲ་གདངས་ལ་འགྱུར་བ་བྱུང་བ་ཤེས་ན། དཔེར་ན་རྒྱ་མཚོའི་ཚྭ་ཞེས་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་《ཤེས་བྱ་ཀུན་ཁྱབ》ཏུ་རྒྱ་ཚྭ་ཞེས་པར་གསུངས་ཀྱང་། སོག་པོ་ལུང་རིགས་བསྟན་དར་གྱིས་《རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན》དུ་རྒྱ་མཚོའི་ཚྭ་ཞེས་པ་རྒྱམ་ཚྭ་ཞེས་པར་བསྡུས།  འདིར་བོད་ཀྱི་བརྡ་སྤྲོད་པ་ལས་ཚིག་སྡུད་ཀྱི་འགྲོས་དང་བསྟུན་ན་རྒྱམ་ཚྭ་ཞེས་ན་དག་པར་སྣང་ཞིང་གཞུང་དཔེ་ཕལ་མོ་ཆེ་ནའང་རྒྱམ་ཚྭ་ཞེས་པར་བསྡུས་འདུག  རྒྱམ་ཚྭ་རྒྱ་ཚྭ་སྐྱེགས་ཚོས་ཞེས་དྲན་དབང་རྩིས་ཟུར་རྒྱ་མཚོས་ཀྱང་རྒྱམ་ཚྭ་དང་རྒྱ་ཚྭ་གཉིས་སུ་གསུངས། གལ་ཏེ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསུང་ལྟར་ན། རྒྱ་ནག་ནས་བྱུང་བའི་ཚྭ་ལ་བོད་ཀྱིས་རྒྱ་ཚྭ་ཟེར་བ་དེ་དང་ནོར་དོགས་མི་ཆེའམ། དེའང་ཡིན་ཏེ།  དེས་ན་རྒྱ་མཚོ་ལས་བྱུང་བའི་ཚྭ་ལ་རྒྱམ་ཚྭ་ཞེས་ཚིག་བསྡུས་པ་དང་། རྒྱ་ནག་ནས་བྱུང་བའི་ཚྭ་ལ་རྒྱ་ཚྭ་ཞེས་པར་བསྡུས་ན་ཐ་སྙད་ཕན་ཚུན་ནོར་སོ་མེད་ཅིང་བརྗོད་བདེ་ལ་ཚིག་སྡུད་ཀྱི་འགྲོས་ཀྱང་སྤྱི་སྲོལ་དང་མཐུན་པས་དེ་འགྲིག་པར་སེམས་སོ།།
          ༢.ཡི་གེ་བསྣོལ་བའི་བསྡུ་བ། ཚིག་སྡུད་ཀྱི་དབང་གིས་ཡི་གེ་བསྣོལ་བའི་བསྡུ་བ་ནི། སྔ་མའི་གསལ་བྱེད་ཕྱི་མར་སྤོས་པ་དང་ཕྱི་མའི་གསལ་བྱེད་སྔ་མར་སྤོས་པའི་རིགས་གཉིས་ཡོད། (༡)སྔ་མའི་གསལ་བྱེད་ཕྱི་མར་སྤོས་པ་ནི། དཔེར་ན། སྟག་གི་པགས་པ་ཞེས་པ་ཚིག་སྡུད་བྱས་ཚེ། སྟག་ལྤགས། ཞེས་རྣམ་དབྱེ་གིའི་གསལ་བྱེད་གའི་སྒྲ་གདངས་ཀྱི་དོད་ཕྱི་མ་པའི་མགོ་ལ་སྤོས་ཏེ་ལ་མགོ་བྱུང་བ་ནི་འབྲེལ་སྒྲ་གི་དེའི་སྒྲ་གདངས་ཀྱི་དབང་གིས་འགྱུར་བ་ནི་སྐད་ཀྱི་གདངས་ལྟར་ཡི་གེ་འབྲི་བ་ཡིན་པས་ཕྱག་སྲོལ་རྣམ་པར་དག་པའོ།། ཡི་གེས་སྐད་ལ་ཞབས་འདེགས་ཞུ་དགོས་པའི་རྒྱུ་མཚན་ཡང་དེ་ལ་ཐུག་གོ། སྤྱིར་བཏང་སྟག་གི་པགས་པ་ཞེས་པའི་པ་ལ་ལ་མགོ་མི་ཐོབ་མོད། སྟག་ལྤགས་ཞེས་རྣམ་དབྱེ་དྲུག་པའི་གི་བསྡུས་ཚེ་སྒྲ་གདངས་ལ་འགྱུར་བ་བྱུང་བའི་དབང་གིས་པ་ལ་ལ་མགོ་ཐོབ་པ་ནི་དམིགས་བསལ་གྱི་དབང་གིས་སོ།། དེ་བཞིན་དུ་ཁྱིའི་པགས་པ་ཞེས་པའང་། གཞི་འབྲེལ་ཁྱི་ལྤགས་ལར་བཏགས་པའོ།། ཞེས་གསུངས། འདིའི་རིགས་ལ་གཟབ་དགོས་པ་ཞིག་ནི། གཞི་དང་འབྲེལ་ན་དེ་ལྟར་ཡིན་མོད་གྱིས་མིན་ན་ནི། རྒོད་པུར་པགས་པ་ཞེས་《བོད་ཀྱི་བརྡའི་བྱེ་བྲག་བློ་ལྡན་ཉེར་མཁོའི་སྒྲོན་གསལ》དུ་གཞི་དང་མ་འབྲེལ་བར་གསུངས་པ་ཅི་རིགས་ཤེས་རྒྱུ་གལ་ཆེའོ།། (༢) ཕྱི་མའི་གསལ་བྱེད་སྔ་མར་སྤོས་པ་ནི། དཔེར་ན། ཞ་ཉེའི་སྨྱུ་གུ་ཞེས་པ་ལྟ་བུ་ཚིག་སྡུད་བྱས་ཚེ། ཞན་སྨྱུག་ཅེས་པར་གྱུར། ཕྱི་མའི་གསལ་བྱེད་ཉའི་སྒྲ་གདངས་དེ་ཉིད་སྔ་མའི་ཞའི་ཐོག་ཏུ་སྤོས་ཏེ་ཞ་ལ་རྗེས་འཇུག་ན་བྱུང་བ་དང་སྨྱུ་གུ་ཞེས་པའི་སྒྲ་གཅིག་ཏུ་བསྡུས་ཚེ་སྨྱུག་ཅེས་ཕྱི་མའི་གསལ་བྱེད་སྔ་མའི་རྗེས་འཇུག་ཏུ་སྤོས་པའི་སྒྲ་གདངས་ངག་ནས་ཐོན་པ་ཡང་། ཞ་ཉེ་ཞེས་པའི་ཉེ་སྒྲའི་དབང་གིས་ཞ་ལ་རྗེས་འཇུག་ན་དྲངས་ཤིང་། སྨྱུ་གུ་ཞེས་པའི་གུ་སྒྲའི་དབང་གིས་སྨྱུ་ལ་རྗེས་འཇུག་ག་དྲངས་པ་ཡིན་པས་འབྲི་བའི་ཚེའང་ཞན་སྨྱུག་ཅེས་འབྲི་བར་བྱའོ།། དེང་སང་ལྕགས་པར་ཞེས་པ་ནི་ལྕགས་དཔར་ཞེས་པའི་བྱ་བ་དངོས་པོར་སྦྱར་ཚེ་ལྕགས་པར་ཟེར་ན་འགྲིག  རྒྱ་ཡིག་ཏུ་铅笔ཞེས་པ་དོན་ལ་ཞ་ཉེའི་པར་རེད། ཉ་ནི་ན་ལྟར་བཀླགས་པས་ཞན་པར་ཞེས་སོ།། ཏུན་ཧོང་ཡིག་རྙིང་དུ། འབྱིཉ་ཞེས་བུད་པ་ང་ཚོའི་སྐད་ནང་ནས་མཚམས་མཚམས་ཉ་དེ་ན་ཡི་སྒྲ་ལྟར་བཀླགས་ནས་འབྱིན་ཞེས་སོ།།
          ༣.ཡི་གེ་ཉམས་པའམ་དབྱི་བའི་བསྡུ་བ། ཡི་གེ་ཉམས་པ་ནི་ཚིག་སྡུད་ཀྱི་དབང་གིས་མཐའི་ཡི་གེ་དབྱི་བ་ལ་ཟེར། དཔེར་ན། ཤེས་རབ་སེང་གེ་ཞེས་པ་ཚིག་སྡུད་བྱས་ན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་བརྩམས་པའི་《བསྟན་རྩིས་གསལ་བའི་ཉིན་བྱེད》ལས། རོང་པ་ཤེར་སེང་གི་དབོན་པོ་རྡོ་རྗེ་རྒྱལ་མཚན་ལ་དུས་འཁོར་སོགས་གསན། ཞེས་ཤེར་སེང་དུ་བསྡུས་པ་དང་། ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་པའི་ཤེས་རབ་ཀྱི་ས་མཐའ་ཕྱིས་ནས་ར་མཐའ་ཐོན་ཞིང་། རབ་ཀྱི་ཕ་རོལ་དུ་ཞེས་པ་བསྡུས་པའི་གདངས་ཐོན་པ་ཡིན་ལ། ཚིག་སྡུད་བྱེད་ཚེ། རབ་ཀྱི་ཕ་རོལ་དུ་ཞེས་པའི་འབྲུ་དུ་མ་དང་མཐའི་པ་ཡང་དབྱི་ཞིང་ཤེས་ཀྱི་མཐའ་ཡང་འགྱུར་ནས་རར་གྱུར་ཏེ། ཤེར་ཕྱིན་ཞེས་བརྗོད་པ་ལྟ་བུའོ།།
          ༤.མཐའ་འགྱུར་བའི་ཡི་གེ་བསྡུ་བ། མཐའ་འགྱུར་བ་ནི་མཐའི་ཡི་གེའི་རྣམ་པ་འགྱུར་པའི་ཚིག་སྡུད་ལ་གོ་ན་ཆོག དཔེར་ན། བོད་ཀྱི་ཡི་གེ་ཞེས་པ་ཚིག་སྡུད་བྱས་ནས། བོད་ཡིག་ཅེས་བརྗོད་ཚེ། འབྲེལ་སྒྲ་གྱི་བསྡུ་ཞིང་། ཡི་ལ་རྗེས་འཇུག་ག་ཐོན་པ་ནི་ཡི་གེ་ཞེས་པའི་གེ་སྒྲ་བསྡུས་ཏེ་རྗེས་འཇུག་བྱས་པས་མཐའ་འགྱུར། ཡི་གེ་ཞེས་པ་ཚིག་གྲོགས་ཀྱི་ཆ་ཤས་སྔ་མར་སོང་ནའང་དེ་བཞིན་གྱི་མཐའི་ཡི་གེ་འགྱུར་བའི་བསྡུས་པ་ཡོད་དེ། ཡིག་རྙིང་གི་གཟུགས་སོགས་ཇི་ལྟར་ཡོད་པ་འོག་ཏུ་དཀྱུས་གཅིག་ཏུ་འཆད་པར་བྱའོ།།ཞེས་ཡི་གེ་རྙིང་པ་ཞེས་པ་ཡིག་རྙིང་ཞེས་པར་བསྡུས་པ་དང་། དེ་རིགས་ནི་ལྕགས་ཀྱི་སྨྱུ་གུ་ལ་ལྕགས་སྨྱུག་ཅེས་འབྲེལ་སྒྲ་གྱི་བསྡུས་ཤིང་། མཐའི་གུ་འགྱུར་ཏེ་སྨྱུ་ལ་རྗེས་འཇུག་ག་བྱུང་བ་དང་། ཡང་གྲོང་པའི་ཆོ་ག་ཞེས་པ་གྲོང་ཆོག་ཅེས་པར་བསྡུས་པ་མཐོང་ཞིང་། གཏོར་མའི་ཆོ་ག་ཞེས་པ་བསྡུས་ཚེ། 《བསྟན་འགྱུར་དཀར་ཆག》ལས། གཏོར་ཆོག ཅེས་པ། དཀྱིལ་འཁོར་གྱི་ཆོ་ག་ལ། དཀྱིལ་ཆོག་ནི་ཁ་ཆེར་ཁྱེར་ནས་རྒྱ་གར་ན་མེད་པར་བཤད། ཅེས་ཆོ་ག་ཞེས་པའི་ག་དེ་ཚོའི་རྗེས་འཇུག་ཏུ་སོང་བས་དཀྱིལ་འཁོར་གྱི་ཆོ་ག་ཞེས་པའི་ཚིག་སྣ་བསྡུས་པ་ལོས་ཡིན་དང་ཚིག་གྲོགས་ཀྱི་མཐའ་འགྱུར་བ་ངེས་སོ།། དེ་བཞིན་དུ། སེང་གེའི་ཕྲུ་གུ་ལ་སེང་ཕྲུག  སྟག་གི་ཕྲུ་གུ་ལ་སྟག་ཕྲུག་སོགས་ཀྱི་ཕྲུ་གུ་ཞེས་པའི་གུ་དེ་ཕྲུའི་རྗེས་འཇུག་ཏུ་གྱུར་ནས་ཚིག་བསྡུས་པའི་མིང་མཐའི་ཡི་གེའི་རྣམ་པ་འགྱུར་བ་རེད། གཞན་ཡང་ཚིག་གྲོགས་ཀྱི་དབང་གིས་མིང་གི་ཆ་ཤས་ཀྱི་ཡི་གེའི་རྣམ་པ་འགྱུར་བ་ནི། གསོལ་བཞེས་ཀྱི་ཚ་ལུ་མ་ལ་ཞེས་པ་ཚིག་སྡུད་བྱས་ཚེ། བཞེས་ལུམ་ཞེས་མ་དེ་ཉིད་རྗེས་འཇུག་ཏུ་སོང་བ་དང་། ཨ་ཀ་ར་ཞེས་པའི་རུ་བསྡུས་ནས་ཨ་གར་སོ་ལྔ་ཟེར་བ་ལྟ་བུ་ཡིན་ལ།  འདིའི་རུ་བསྡུས་པའི་ར་མཐའི་མིང་གི་ཆ་ཤས་ཀྱི་ཡི་གེའི་རྣམ་པ་འགྱུར་པ་ཡིན་པ་ལས་རྣམ་དབྱེ་མིན་པ་ཀུན་གྱིས་ཤེས་དགོས་སོ།། དེའི་ཕྱིར་རྣམ་དབྱེ་དང་ཚིག་ཕྲད་སོགས་གང་སྦྱོར་འ་མཐའ་ཡོད་མེད་ཇི་ལྟར་ཡང་ཡོད་པ་དང་མཐུན་པའི་སྤྱོར་བ་མཛད་དགོས་སོ།། དེ་དང་མཐུན་པར་ཡིད་དམ། ཡིད་དྭགས། སླང་ང་། སྒོང་ང་། ཡིག་གེ ལུག་གུ་སོགས་ཀྱི་མཐའ་རྟེན་ཡང་ཚིག་གི་བརྗོད་པར་ཕ་རོལ་ཏུ་རྗེས་འཇུག་ཡོད་པའི་ནུས་པས་དོན་གྲུབ་ཕྱིར། ཁྱད་པར་མེད་པར་གཟིགས་ནས་ཡི་གེ་ཟོར་ཡང་ཕྱིར་དེ་དག་གི་མཐའ་རྟེན་ཕྱིས་ནས། ཡི་དམ། ཡི་དྭགས། སླ་ང་། སྒོ་ང་། ཡི་གེ ལུ་གུ་སོགས་སྦྱོར་བ་ཨེ་ཡིན་སྙམ།
          ༥. ངོ་བོ་འགྱུར་བའི་ཡི་གེ་བསྡུ་བ། ཚིག་སྡུད་ཀྱི་དབང་གིས་ཡི་གེའི་རྣམ་པ་ཆ་ཚང་འགྱུར་བ་ནི།  དཔེར་ན། གོ་བོ་རབ་འབྱམས་པ་ཞེས་པ་གོ་རམས་པར་བསྡུས་པ་ནི་ངོ་བོ་ཡོངས་རྫོགས་འགྱུར་བ་སྟེ། 《བསྟན་རྩིས་གསལ་བའི་ཉིན་བྱེད》ལས། ཀུན་མཁྱེན་གོ་རམས་སོགས་ཞེས་རབ་འབྱམས་པ་ཞེས་པའི་ཚེག་བར་བསྡུས་ནས་རམས་ཞེས་བྲིས་པ་སྔོན་བྱོན་མཁས་པའི་གསུང་དག་ན་ཤིན་ཏུ་མང་། ཡང་དཔེར་ན་དཀོན་མཆོག་རྒྱ་མཚོ་ཟེར་བ་ཚིག་སྡུད་བྱས་ཚེ། དཀོམ་རྒྱམ་ཞེས་བརྗོད། དཀོན་མཆོག་ཅེས་པའི་མཆོག་གི་སྒྲ་བསྡུས་པས་དཀོན་གྱི་རྗེས་འཇུག་ན་འགྱུར་ནས་མ་རུ་གྱུར་བ་དང་། རྒྱ་མཚོ་ཞེས་པའི་མཚོའི་སྒྲའི་དབང་གིས་རྒྱ་ལ་རྗེས་འཇུག་མ་བྱུང་སྟེ་ཡི་གེའི་རྣམ་པ་ཡོངས་རྫོགས་འགྱུར་བ་ལྟ་བུའོ།། ཡང་རིན་པོ་ཆེ་ཞེས་པའི་སྒྲ་བསྡུས་པས་རིན་ཅེན་ཞེས་པ་ནི་བོད་ཀྱི་བརྡ་རྙིང་པ་ཡིན་ཞིང་རིན་ཐང་ཆེ་བའི་དོན་ཡང་ཡིན་མོད། རྟགས་མཐའ་འདྲེན་ཚུལ་གྱི་དབང་གིས། རིན་ཆེན་ཞེས་པ་ནི། མ་ནིང་གིས་ནི་མ་ནིང་ངོ་། །ཞེས་རྟགས་འཇུག་ལས་གསུངས་པ་ལྟར་རོ།།
          ༦. ངོ་བོ་མི་འགྱུར་བའི་ཡི་གེའི་བསྡུ་བ། ཚིག་སྡུད་བྱས་ཀྱང་ཡི་གེའི་རྣམ་པ་མི་འགྱུར་བའང་ཡོད་དེ། དཔེར་ན། རིག་པའི་རལ་གྲི་ཞེས་པའི་ཚིག་བསྡུས་ཀྱང་ཡི་གེའི་རྣམ་པ་མ་འགྱུར་བ་ནི། རིག་རལ་སོགས་ཀྱིས་གཟིགས་པ་དེ་འདི་ཡིན་ཞེས་ཡིད་ཆེས་རུང་བ་ཞིག་ཏུ་སྨྲས་པ་ཡིན་གྱི། ཞེས་རིག་རལ་ལྟ་བུ་དང་། ཡང་དཔེར་ན་འཇིགས་མེད་གྲགས་པ་ཞེས་པ་ཚིག་སྡུད་བྱས་ཚེ་འཇིགས་གྲགས་ཞེས་བརྗོད། འཇིགས་མེད་ཀྱི་མེད་དང་གྲགས་པའི་པ་གཉིས་བསྡུས་མོད། མེད་ཀྱི་རྗེས་འཇུག་གི་ད་དེ་རྗེས་འཇུག་གི་ཕོ་ཡིག་ཡིན་ལ། འཇིགས་ཀྱི་ཡང་འཇུག་གི་ས་ཡང་ཕོ་ཡིག་ཡིན་གཤིས། གཉིས་ཀའི་རྟགས་མཐའི་སྒྲ་དང་རྟགས་མཚུངས་ཕྱིར། མེད་ཅེས་པ་བསྡུས་ནའང་འཇིགས་ཞེས་པའི་སྒྲ་མི་འགྱུར་ལ། དེ་བཞིན་དུ་གྲགས་ལའང་པ་བསྡུས་པའི་དབང་གིས་ཀྱང་གྲགས་ཀྱི་སྒྲ་མི་འགྱུར་ཏེ། གྲགས་ཀྱི་ཡང་འཇུག་ཀྱང་རྗེས་འཇུག་གི་ཕོ་ཡིག་ཡིན་པ་དང་། པའང་མིང་གཞིའི་ཕོ་ཡིན་པས་རྟགས་དང་སྒྲ་མཚུངས་ཡིན་པའི་ཕྱིར། པ་ལ་རྗེས་འཇུག་འ་མི་གསལ་བ་མ་གཏོགས་དོན་ལ་ཐོབ་མོད། དྲག་དང་ཕྲད་ན་དྲག་པར་འགྱུར་གསུངས་པ་ལྟར། རང་དབང་གི་ནུས་པ་མེད། བོད་ཡིག་གིས་མཚོན་པའི་སྦྱོར་ཀློག་ཅན་གྱི་ཡི་གེ་ཕལ་ཆེ་བ་ལ་ཚིག་སྡུད་ཀྱི་སྐད་གདངས་ལ་བསྟུན་ནས་ཡི་གེ་ཡང་འགྱུར་བ་ཡོད་དོ།།
          ༧.རྟགས་མཐའ་འདྲེན་ཚུལ་གྱི་དབང་གིས་ཡི་གེ་བསྡུ་བ། ཚིག་སྡུད་ཀྱི་སྐབས་སུ་རྟགས་མཐའ་འདྲེན་ཚུལ་གྱི་དབང་གིས་མིང་མཐའི་སྔོན་འཇུག་བསྡུས་པ་ཡོད་དེ། དཔེར་ན། ལོ་གསར་བ་དང་། གོས་གསར་བ། བག་མ་གསར་བ་སོགས་ཚིག་སྡུད་བྱས་ཚེ། ལོ་སར་དང་། གོས་སར། བག་སར་སོགས་ལ་ཚིག་སྡུད་ཀྱི་དབང་གིས་གས་འཕུལ་ཕྱིས། དེའི་སྟབས་ཀྱིས་《དག་ཡིག་མཁས་པ་དགའ་བསྐྱེད》དུའང་། སར་བ་ལྟ་བུ་གང་ཡང་རུང་། ཞེས་གསུངས་དོན་ཡང་རྟགས་མཐའ་འདྲེན་ཚུལ་གྱིས་ཚིག་སྡུད་སྐབས་སུ་མིང་མཐའི་སྔོན་འཇུག་བསྡུས་པའམ་ཕྱིས་པ་རེད། དེང་སང་རྒྱ་དཀར་ནག་ཅེས་འབྲི་ཚེ་དཀར་བྲིས་མོད་སོ་སོར་འབྲི་ཚེ་རྒྱ་གར་ཞེས་འབྲི་བ་ལས་རྒྱ་དཀར་ཞེས་བྲིས་པ་མེད་ཀྱང་གཅིག་རེ་ཡོད་པར་གྱུར་ནའང་ཡིག་སྲོལ་མ་དག་པར་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་འཇོག  འོ་ན་དཀར་ཞེས་པ་གར་དུ་ཇི་ལྟར་འགྱུར་སྙམ་ན། 《རྟགས་ཀྱི་འཇུག་པ》 ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས།། ཞེས་གསུངས་པའི་དགོངས་དོན་གྱིས། རྒྱ་ཞེས་པ་ལྟ་བུ་སོགས་ཡི་གེ་ཟོར་ཡང་པའི་ཆེད་དུ་སྐད་གསར་བཅད་ཀྱི་སྐབས་སུ་བསྡུས་པ་ལ་དོན་དུ་འ་མཐའ་ཡོད་པས་དེ་མོ་ཡིག་ཡིན་པའི་ཕྱིར། མོ་ཡིག་གིས་མོ་ཡིག་འདྲེན་དགོས་པས་དཀར་གྱི་ད་ཡིག་སྔོན་འཇུག་གི་མ་ནིང་ཡིན་པས་ཕྱིས། ཀའང་མིང་གཞིའི་ཕོ་་ཡིག་ཡིན་པས་དེ་མོ་ཡིག་གར་དུ་བསྒྱུར་བ་ནི་མོས་མོ་ཡིག་དྲངས་པ་ལགས། གཤེན་མཁས་གྲུབ་(༡༧༨༣—?)ཀྱིས་ཀྱང་། ཡུངས་ཀར་རྒྱ་གར་སོགས་ཀྱང་དཀར་པོའི་མིང་ཡིན་མོད་ཀྱང་། མིང་མཐའ་འདྲེན་ཚུལ་གྱིས་དེ་ལྟར་མཛད་དོ།། ཞེས་ཚིག་སྡུད་ཀྱི་དབང་གིས་ཡུངས་ཀར་གྱི་ད་ཕྱིས་པ་དང་། དེ་མཚུངས་ཀྱི་ག་ཕྱིས་པ་ནི། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། ། མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ།། ཞེས་གཙུག་ཏོར་གྱི་མིང་མཐའི་འཕུལ་བྱེད་ག་ཕྱིས་པ་ལྟ་བུ་རེད། དེ་མིན་པའི་ས་མགོ་ཕྱིས་པའང་ཡོད་དེ། འོད་ཀོར་ནི་འོད་ཀྱི་ཐིག་ལེ།
          ཞེས་པའོ།། མདོར་ན། སྟོད་ཀོར་དང་ཀླད་ཀོར། པད་ཀོར་སོགས་སྐོར་བའི་དོན་ལ། སྔ་མའི་རྗེས་འཇུག་གི་དབང་ལས་ས་མགོ་མོ་ཡིག་ཡིན་པས་ཕྱིས་པ་ནི་ཐོ་སྐོར་ཉེ་སྐོར་སོགས་ལ་ས་མགོ་ངེས་པར་སྦྱར་དགོས་པ་ལྟ་བུ་ལས་ཤེས། འདི་འདྲའི་རིགས་ནི་མིང་མཐའ་འདྲེན་ཚུལ་རྟགས་མཚུངས་བརྗོད་བདེ་མི་བདེ་སོགས་དང་བསྟུན་པའི་ཚིག་སྡུད་ལས་བྱུང་བའི་དམིགས་བསལ་གྱི་ཡི་གེའི་རྣམ་འགྱུར་ཞིག་ཏུ་མངོན་པའི་ཕྱིར་རོ།།
          ཞེས་སི་ཏུ་པཎ་ཆེན་གྱིས་དཔྱད་གཞིའི་ཟུར་ཙམ་གསུངས་མོད། འོན་ཀྱང་སློབ་དཔོན་ཐོན་མི་སམ་བྷོ་ཊས་མཛད་པའི་སྒྲ་མདོ་སྐབས་བརྒྱད་ལས་ད་ལྟ་སུམ་རྟགས་གཉིས་ལས་མི་བཞུགས་པས་ཞིབ་མོར་འཆད་དཀའ་བར་སྣང་ཞིང་དེང་རབས་ཀྱི་རྣམ་དཔྱོད་འཕྲུལ་གྱི་བློ་གྲོས་ལྡན་པ་རྣམས་ཀྱིས་དཔྱོད་ཅིག །
          གཉིས་པ། མིང་གི་བསྡུ་ཚུལ།
          ༡. མིང་གི་ཆ་ཤས་གཙོ་ཕལ་བསྡུ་བ། ཚིག་སྡུད་ཀྱི་སྐབས་སུ་མིང་གི་ཆ་ཤས་གཙོ་ཕལ་གྱི་ཁྱད་པར་ཤེས་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། དེ་ལ་མིང་གི་ཆ་ཤས་སྔ་མ་གཙོ་བ་དང་། ཕྱི་མ་གཙོ་བ། སྔ་ཕྱི་དབྱེར་མི་རུང་བ་དང་མཉམ་པ་སོགས་ཡོད་པས་ཚིག་སྡུད་བྱེད་ཚེ་གཟབ་དགོས་སོ།།
          (༡)མིང་གི་ཆ་ཤས་སྔ་མ་གཙོ་བ་ནི། དགེ་བ་དང་སྡིག་པ་ཞེས་པ་བསྡུས་ཚེ། དགེ་སྡིག་ཅེས་དང་། དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་ཞེས་པ་ལ། བདེ་སྡུག ཡང་ཞི་གནས་དང་ལྷག་མཐོང་ཞེས་པ་ཕྱོགས་གཅིག་ཏུ་བསྡུས་ན། ཞི་ལྷག ཉི་མ་དང་ཟླ་བ་གཅིག་ཏུ་བསྡུས་ན་ཉི་ཟླ་ཞེས་པ་ལྟ་བུའོ། ། གཞན་ཡང་རྗེ་རིན་པོ་ཆེའི་《ལེགས་བཤད་གསེར་ཕྲེང》དུ། ཤེས་མཚན་རྟགས་སུ་བྱས་ནས་སྦྱོར་བའི་ངོ་བོ་ཉིད་སྒྲུབ་པར་བྱེད་པ་དེ་ཡིན་པ་དང་ཡོད་པ་གང་དུ་སྒྲུབ་ན་ཡང་སངས་རྒྱས་སའི་ཤེས་མཚན་གྱིས་ཁྱབ་པ་མ་ངེས་ལ། ཞེས་ཤེས་པའི་མཚན་ཉིད་ཅེས་པ་ཤེས་མཚན་དུ་བསྡུས་པ་ཤར་རྒྱལ་བ་ཙོང་ཁ་པའི་ཐུན་མིན་གྱི་ལེགས་བཤད་དུ་སྣང་ངོ་།། དེ་ལྟར་ཡིན་ནའང་འདི་འདྲའི་རིགས་རྣམས་ཚིག་སྡུད་བྱས་ཚེ། ཚིག་སྦྱོར་གོང་འོག་གི་དོན་གྱི་ཆ་ནས་གོ་བ་གཏིང་ཟབ་མོ་ཞིག་མ་ལོན་ན་ནོར་དོགས་ཆེ་སྟེ། དཔེར་ན། ཤེས་མཚན་ཞེས་པ་འདི་ལ་མཚོན་ན། ཚིག་ངོ་ཐད་ནས་བལྟས་ན་ཤེས་པའི་མཚན་ཉིད་དམ་ཤེས་བྱའི་མཚན་ཉིད་གང་རུང་དུ་གོ་ཆོག་པར་སྣང་ནའང་སྐབས་ཀྱི་དོན་ལ་སྦྱར་ན་གང་ཡིན་གསལ་བོ་ཤེས་ཐུབ། རྒྱུན་དུ་རང་གིས་ཀྱང་རྩོམ་ལ་འཇུག་པའི་ཚིག་རྣམས་བསྡུ་ཚེ། མིང་གི་གཙོ་ཕལ་གྱི་དབང་གིས་སྒྲ་གདངས་འགྱུར་བས་ཚིག་སྡུད་ཀྱི་རྣམ་གཞག་བྱང་ཆ་ཅན་དུ་མ་ངེས་ན། སྔ་རབས་མཁས་པའི་རྩོམ་གཞུང་དག་ལས་ངེས་ཤེས་འདྲེན་པར་བྱའོ།།
          (༢)མིང་གི་ཆ་ཤས་ཕྱི་མ་གཙོ་བའི་བསྡུ་བ་ནི། དཔེར་ན། ཆབ་སྲིད། དཔལ་འབྱོར། བསིལ་གདུགས། རྒྱ་མཚོ་ལྟ་བུ་དེ་དག་ཚིག་སྡུད་བྱས་ཚེ། སྲིད་གྲོས། འབྱོར་ལྡན། གདུགས་མཆོག ཚ་མཚོ་ཞེས་མིང་གི་ཆ་ཤས་ཕྱི་མ་གཙོ་བས་དེ་བཞག་ནས་སྔ་མ་དག་བསྡུས། གོང་གི་ཆབ་སྲིད་ཅེས་པའི་མིང་གི་ཆ་ཤས་གཙོ་བོ་སྲིད་དང་ཕལ་བ་ཆབ་ཡིན་པ་ཙམ་ལ་དེང་སང་ལ་ལ་རྨོངས་ནས་ཆབ་སྲིད་གྲོས་ཚོགས་ཞེས་པ་ཚིག་སྡུད་བྱས་ནས་ཆབ་གྲོས་ཞེས་པ་ནི་ཚིག་བསྡུ་ལུགས་དང་འགལ་བ་ཞིག་གོ།
          (༣)མིང་གི་ཆ་ཤས་སྔ་ཕྱི་གཅིག་ཏུ་བསྡུ་བ། མིང་གི་ཅ་ཤས་དབྱེར་མི་རུང་བ་ཅན་གྱི་བསྡུ་བ་ཟེར་ནའང་འགྲིག་པར་སེམས། དཔེར་ན། སྒོ་ང་། བྱུ་རུ། སྨྱུ་གུ་ལྟ་བུ། དེ་དག་གཞི་ལ་སྦྱར་ནས་ཚིག་སྡུད་བྱས་ཚེ། ཆ་ཤས་ཕྱི་མ་སྔ་མའི་རྗེས་འཇུག་ཏུ་བསྡུ་དགོས་ཏེ། བྱ་སྒོང་། ཁྱུང་སྒོང་། སྒོང་སྐྱེས། གཡུ་བྱུར། ལྕགས་སྨྱུག་ཅེས་པ་ལྟ་བུ་སོགས་མང་ངོ་།།
          (༤) མིང་གི་ཆ་ཤས་སྔ་ཕྱི་ལ་གཙོ་ཕལ་མེད་པའི་བསྡུ་བ། མིང་གི་ཆ་ཤས་སྔ་ཕྱི་ལ་གཙོ་ཕལ་མེད་པས་གང་རུང་བསྡུ་བ་ནི། མིང་གི་ཆ་ཤས་སྔ་ཕྱི་ལ་གཙོ་ཕལ་གྱི་ཁྱད་པར་མེད་ན་སྔ་ཕྱི་སྟོབས་མཉམ་པ་ཡིན་པས་གང་རུང་བསྡུ་ཆོག་སྟེ། དཔེར་ན། འོད་ཟེར་ཞེས་པའི་མིང་གི་ཆ་ཤས་སྔ་ཕྱི་ལ་གཙོ་ཕལ་མེད་པས་སྔ་ཕྱི་གང་རུང་བསྡུས་པ། རྒྱལ་པོ་ཟླ་འོད་ཅེས་བྱ་བ་སྐུ་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ། ཞེས་ཟླ་འོད་ཅེས་དང་། གཞན་ཟླ་ཟེར་ཞེས་འབྲི་བའང་མང་དུ་སྣང་ངོ་།། ཡང་ཚུལ་ཁྲིམས་ཞེས་པ་ལྟ་བུའང་དེ་བཞིན་ཡིན་ཏེ། ཁྲིམས་ལྡན་དགེ་སློང་ཞེས་པའི་སྐབས། ཆ་ཤས་སྔ་མ་ཚུལ་བསྡུས་ལ། ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་པའི་སྐབས་ཚུལ་ཁྲིམས་ལ་གནས་པ་ཞེས་པའི་ཁྲིམས་ལ་ཞེས་པ་བསྡུས་ནས་ཚུལ་གནས་ཞེས་བརྗོད་པ་ལྟ་བུ་དང་། 《དབུ་མ་འཇུག་པ》 ལས། དེ་ཚུལ་ཕུན་ཚོགས་ཡོན་ཏན་དག་ལྡན་ཕྱིར། ཞེས་པའི་དེ་ཚུལ་དེ་ནི་ཚུལ་ཁྲིམས་ཞེས་པའི་ཁྲིམས་བསྡུས་པ་ལྟ་བུའོ།།
          ༢.གྲངས་ཀའི་མིང་བསྡུ་བ། གྲངས་ཀའི་མིང་བསྡུ་ཚུལ་དཔེར་ན། བཅུ། ཉི་ཤུ། སུམ་ཅུ། བཞི་བཅུ། ལྔ་བཅུ། དྲུག་ཅུ། བདུན་ཅུ། བརྒྱད་ཅུ། དགུ་བཅུ། བརྒྱ་ཞེས་བྲིས་ན་ཡིག་འབྲི་ཉུང་བ་དང་བརྗོད་བདེ་བ་སོགས་ཁྱད་ཆོས་ཡོད། མིང་དེ་ལྟར་དུ་མ་བསྡུས་ན།  བཅུ་ལ་བཅུ་ཐམ་པ། ཉི་ཤུ་ལ་ཉི་ཤུ་ཐམ་པ། སུམ་ཅུ་ཐམ་པ། བཞི་བཅུ་ཐམ་པ་ཞེས་བརྒྱའི་བར་གྱི་གྲངས་མཐའ་ཐམ་པ་ཞེས་སྦྱར་བས་རིགས་འདྲའོ།། གཞན་ཡང་བཅུ་སྐོར་ནས་དགུ་བཅུའི་སྐོར་བར་གྱི་སོ་སོའི་གྲངས་ཀྱི་ཚིག་སྡུད་བྱེད་སྟངས་མི་འདྲ་བ་གཅིག་ནས་དགུ་དང་། བཅུ་གཅིག་ནས་བཅུ་དགུའི་བར་ལ་གྲངས་ཚིག་བསྡུ་ཚུལ་ལ་མིང་མཐའ་བསྡུས་པ་ཙམ་གྱི་ཁྱད་པར་ལས་བརྡ་སྤྲོད་པའི་གཞུང་དང་གོམས་གཤིས་སོགས་ན་གང་ཡང་མེད། ཉི་ཤུ་ཐམ་པ་ནས་གྲངས་ཀའི་བསྡུ་ཚུལ་ཡོད་དེ། དཔེར་ན་ཉི་ཤུ་ཐམ་པ་ལ་ཉི་ཤུ། ཉི་ཤུ་རྩ་གཅིག་ལ་ཉེར་གཅིག་གམ་རྩ་གཅིག སུམ་ཅུ་ཐམ་པ་ལ་སུམ་ཅུ། སུམ་ཅུ་སོ་གཅིག་ལ་སོ་གཅིག་ནས་སུམ་ཅུ་སོ་དགུ་ལ་སོ་དགུ་ཞེས་སྦྱར་བར་བྱའོ།། བཞི་བཅུ་ཐམ་པ་ལ་བཞི་བཅུ། བཞི་བཅུ་ཞེ་གཅིག་ལ་ཞེ་གཅིག་ནས་བཞི་བཅུ་ཞེ་དགུ་ལ་ཞེ་དགུ་བར་རིགས་འགྲེ། ལྔ་བཅུ་བཅུ་ཐམ་པ་ལ་ལྔ་བཅུ་དང་། ལྔ་བཅུ་ང་གཅིག་ལ་ང་གཅིག་ནས་ལྔ་བཅུ་ང་དགུ་ལ་ང་དགུ་ཞེས་པའི་བར་རིགས་མཚུངས། བདུན་ཅུ་ཐམ་པ་ལ་བདུན་ཅུ་དང་། བདུན་ཅུ་དོན་གཅིག་ལ་དོན་གཅིག་ནས་བདུན་ཅུ་དོན་དགུ་ལ་དོན་དགུ་ཞེས་པའི་བར་རིགས་མཐུན་སྦྱར་བའོ།། བརྒྱད་བཅུ་ཐམ་པ་ལ་བརྒྱད་ཅུ་དང་། བརྒྱད་ཅུ་གྱ་གཅིག་ལ་གྱ་གཅིག་ནས་བརྒྱད་ཅུ་གྱ་དགུ་ལ་གྱ་དགུ་ཞེས་པའི་སྦྱར་བ་དང་། དགུ་བཅུ་ཐམ་པ་ལ་དགུ་བཅུ་དང་། དགུ་བཅུ་གོ་གཅིག་ལ་གོ་གཅིག་ནས་དགུ་བཅུ་གོ་དགུ་ལ་གོ་དགུ་ཞེས་པའི་བར་རིགས་འགྲེས་སུ་སྦྱར་བར་བྱའོ།། བརྒྱ་སྐོར་ལའང་བརྒྱ་ཐམ་པ་ལ་བརྒྱ་ཞེས་པ་ནས་དགུ་བརྒྱ་ཐམ་པ་ལ་དགུ་བརྒྱ་ཞེས་པའི་བར་རིགས་མཚུངས་སུ་བསྡུ་ཆོག འབུམ་གཅིག་དང་ཁྲི་གསུམ་དང་སྟོང་གསུམ་ལྔ་བརྒྱ་ཐམ་པ་དང་བཞི་བཅུ་ཞེ་དགུ་ཞེས་པ་ཁ་ནས་འདོན་པ་དང་ཡི་གེར་འབྲི་ན་སྟབས་བདེ་མོ་མིན་ཚེ། ཆིག་འབུམ་སུམ་ཁྲི་སུམ་སྟོང་ལྔ་བརྒྱ་ཞེ་དགུ་ཞེས་པར་ཚིག་སྡུད་བྱས་ན་ཁ་ནས་འདོན་བདེ་བ་དང་ཡི་གེར་བྲིས་ཚེ་ཡིག་འབྲུ་ཉུང་བའི་ཡོན་ཏན་དུ་མ་སྣང་། ཡང་ཉི་ཤུ་སུམ་ཅུ་སུམ་བརྒྱ་རྣམས་ལ་གཉིས་བཅུ་གསུམ་བཅུ་གསུམ་བརྒྱ་ཞེས་གས་འཕུལ་ཅན་དུ་བྲི་ན་དོན་ཐོབ་ཀྱི་འགལ་བ་མེད་ཀྱང་། དེ་ལ་འཕུལ་ཡིག་དོར་བ་ནི་སྐད་གསར་བཅད་སྔོན་མའི་ལུགས་ཡིན་པར་སྣང་སྟེ། 《ལི་ཤིའི་གུར་ཁང》 ལས། ཉི་ཤུ་སུམ་ཅུ་སུམ་བརྒྱ་རྣམས་ལ་གཉིས་བཅུ་གསུམ་བཅུ་གསུམ་བརྒྱ་ཞེས། ཞྭ་ལུ་ལོ་ཆེན་གྱིས་འཆོས་པར་མཛད་ཀྱང་བཀས་བཅད་བར་བ་བཞིན་དུ་གནས་པ་མང་། ཞེས་གསུངས་པ་ལྟར་རོ།། བཙུན་པ་བློ་བཟང་རབ་བརྟན་གྱིས་ཀྱང་། གྲངས་ཀྱི་སུམ་ཅུ་དྲུག་ཅུ་དང་།། བདུན་ཅུ་དང་ནི་བརྒྱད་ཅུ་སོགས།། འཕུལ་མི་དགོས་པར་མཁས་རྣམས་འདོད།། ཅེས་《བརྡ་སྤྲོད་པའི་ཚིག་དོན་འབྱེད་པའི་ལྡེ་མིག》ཏུ་གསུངས། འོ་ན་དེ་དག་གི་འཕུལ་ཡིག་དོར་བའི་རྒྱུ་མཚན་གང་ཞེས་ན།  སུམ་ཅུ་བརྒྱའི་གས་འཕུལ་དོར་བའི་རྒྱུ་མཚན་ཤོད་དཀའ་ལ། སུམ་ཅུ་དྲུག་ཅུ་བདུན་ཅུ་བརྒྱད་ཅུའི་ཅུ་ཡིག་ལ་བས་འཕུལ་དོར་བ་དང་། བཞི་བཅུ་ལྔ་བཅུ་དགུ་བཅུ་གསུམ་ལས་བས་འཕུལ་སྦྱོར་བ་ནི། གྲངས་བཅུའི་གྲངས་འདྲེན་གྱི་གསུམ་དྲུག་བདུན་བརྒྱད་རྣམས་རྗེས་འཇུག་ཅན་ཡིན་ཞིང་། བཞི་ལྔ་དགུ་གསུམ་རྗེས་འཇུག་མེད་པའི་གནད་ཀྱིས་ཡིན་ནམ། དེ་ལས་གཞན་པའི་རྒྱུ་མཚན་གང་ཡིན་དཔའ་རིས་བློ་བཟང་རབ་གསལ་གྱིས་ཀྱང་གསུང་མ་ཐུབ་པས་ཀུན་གྱིས་དཔྱོད། 《ལི་ཤིའི་གུར་ཁང》 དུ་བཀས་བཅད་གཉིས་པའི་རིང་ལ་ཉི་ཤུ་ལ་གཉིས་བཅུ། བཅོ་ལྔ་ལ་བཅུ་ལྔ་ཞེས་བཀས་བཅད་མཛད་ཀྱང་བོད་འབངས་སྤྱིའི་སྐད་དུ་དེ་ལྟར་མ་གྲགས་པས་ཕྱིས་སུ་ལག་ལེན་དུ་མ་དར། བཅོ་ལྔ་སོགས་ནི་སྒྲའི་ང་རོའི་ཐོག་ནས་འགྱུར་བ་བྱུང་བ་ཡིན་ཕྱིན། སྐད་ཡིག་གང་ཡིན་ནའང་རང་སྐད་ཀྱི་འགྱུར་བའི་འགྲོས་དང་མཐུན་པའི་ཡི་གེའི་འབྲི་སྲོལ་བཏོན་པ་ནི་ངག་ནས་བརྗོད་བདེ་བ་དང་ཁ་གསལ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་སྐད་ཡིག་འཕེལ་འགྱུར་གྱི་ཆོས་ཉིད་དང་མཐུན་པ་ཞིག་གོ། དེ་མིན་བཅོ་ལྔ་དང་བཅོ་བརྒྱད་ཀྱི་འོག་ཏུ་བ་ཟུར་འདོགས་པ་བཞེད་ཀྱང་མི་འཐད་དེ། ཟ་མ་ཏོག་གི་ཡིག་ཆུང་དུ། གསུང་རབ་དག་པ་རྣམས་སུ་ན་རོ་ཅན་དུ་བྲི་བར་བཟང་སྟེ། ཅིའི་ཕྱིར་ཞེ་ན།  གྲངས་བཅུའི་ནང་ནས་ལྔ་བརྒྱད་གཉིས་ལ་དབྱངས་བཞིའི་གང་ཡང་མ་ཞུགས་ཤིང་། ལྷག་མ་བརྒྱད་ལ་ཨི་ཨུའི་དབྱངས་ཅི་རིགས་ཞུགས་པ་དང་། དེ་ལ་བཅུ་ལྔ་བཅུ་བརྒྱད་ཟེར་ན་བརྗོད་མི་བདེ་ཞིང་། བཅྭ་ལྔ་བཅྭ་བརྒྱད་ཟེར་ན་དབྱངས་བཞིའི་གང་ཡང་མ་ཞུགས་པའི་སྐྱོན་སོ་ན་གནས་པས་དེས་ན་བཅོ་ལྔ་བཅོ་བརྒྱད་ཅེས་ན་དབྱངས་ཨོ་ཞུགས་པར་དགོངས་སམ་སྙམ་མོ་ཞེས་དཔའ་རིས་བློ་བཟང་རབ་གསལ་གྱིས་གསུངས་ཤིང་དག་པར་སྣང་། གང་ལྟར་གྲངས་ཡིག་གི་རྣམ་འགྱུར་རྣམས་བོད་སྐད་ལ་དཔྱད་བཟོད་པའི་འགྱུར་ལུགས་ཤིག་ཡོད་པར་སྣང་སྟེ། དཔེར་ན། གྲངས་ཀྱི་གནས་གཉིས་པར་འཕེལ་ཚེ་ཉེར་གཅིག་སོགས་གཉིས་ཀྱི་ཚབ་ཏུ་ཉེར།  གསུམ་ལ་སོ། བཞི་ལ་ཞེ། ལྔ་ལ་ང། དྲུག་ལ་རེ། བདུན་ལ་དོན་སོགས་མགོ་དང་སྔོན་འཇུག་རྣམས་མི་གསལ་བར་ཕྱིས། འདིའི་ཐད་དུ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། སྲོག་གི་ཨི་ཨེ་དང་། ཨུ་ཨོར་འཕེལ་བ་སོགས་ཀྱི་སྤྱི་ཁོག་ཙམ་དུ་སོང་ནས་ཡོད་ཅེས་བཞེད་པ་ནི་ཐུགས་དཔྱད་མ་ཞོག་པ་ཨེ་ཡིན་རྣམ་དཔྱོད་དང་ལྡན་པའི་བློ་གྲོས་ཅན་ཀྱིས་དཔྱད་དགོས་ཏེ། ས་སྐྱ་པཎ་ཆེན་གྱིས། བོད་ཀྱི་སྒྲ་འདི་ནི་རྒན་པོ་རྣམས་ལ་གྲགས་པ་གཙོ་བོ་ཡིན་གྱིས་བསྒྲུབ་པ་གཙོ་བོ་མ་ཡིན་ནོ།། ཞེས་གསུངས་དོན་ནི་ལེགས་སྦྱར་གྱི་སྒྲ་ལ། ཨ་དང་ཨི་དང་ཨུ་ལ་སོགས་པའི་རིང་པོ་དང་ཐུང་ངུའི་མཐའ་དང་ལྡན་པའི་སྒྲ་རྣམས་ལ་ཕོ་མོ་མ་ནིང་ནི་རྟགས་གསུམ་སོ་སོར་སྦྱར་ཏེ།  དཔེར་ན་ཤིང་ལ་སོགས་པ་ཕོ་རྟགས། ཤེས་རབ་ལ་སོགས་པ་མོ་རྟགས།  བསོད་ནམས་ལ་སོགས་པ་མ་ནིང་གི་རྟགས།  དེ་དག་ལ་རྣམ་དབྱེ་སོ་སོེར་སྦྱར་ནས་བསྒྲུབ་པ་ན་རྣམ་པར་དབྱེ་བ་གཅིག་ཀྱང་སྒྲའི་བྱེ་བྲག་གིས་བརྗོད་ཚུལ་དུ་མར་འགྱུར་ཏེ། དེ་ལེགས་པར་སྦྱར་བའི་སྒྲ་ལ་ཡིན་གྱི་བོད་ཀྱི་སྒྲ་ལ་དེ་མི་དགོས་སོ། ། ལེགས་པར་སྦྱར་བའི་སྒྲའི་རྐྱེན་གྱིས་བོད་ཀྱི་སྐད་བསྒྲུབ་མི་ནུས་ལ། བོད་ཀྱི་བརྡ་ཉིད་ཀྱིས་རང་གི་ཐ་སྙད་གོ་བའི་ཕྱིར་སཾསྐྲྀ་ཏའི་རྐྱེན་གྱིས་སྒྲ་བསྒྲུབ་མི་དགོས་ཤིང་། ལེགས་སྦྱར་ལ་རྟགས་གསུམ་ལ་རྣམ་དབྱེ་ཐ་དད་ཡོད་པ་ལ་བོད་ལ་དེ་ལྟ་བའི་སྒྲ་སྦྱོར་མི་རུང་ངོ་། །  དེས་ན་གྲངས་ཀའི་མིང་འདིའང་ལེགས་སྦྱར་སྐད་ཀྱི་འགྲོས་སུ་སྙེག་པ་མ་ཡིན་ཏེ།《སྒྲ་སྦྱོར་བམ་གཉིས》ལས། གྲངས་ལ་རྒྱ་གར་སྐད་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི་སྟོང་གཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་པར་བོད་ཀྱི་སྐད་བཞིན་བསྒྱུར་ན་དོན་དང་ཡང་མི་འགལ་བ་བོད་ཀྱི་སྐད་ལ་ཡང་བདེ་བས་གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག  ཅེས་གྲངས་ཀའི་རིགས་སྒྱུར་བ་ལ་བསྒྱུར་བྱ་རྒྱ་གར་སྐད་ཀྱི་གོ་རིམ་ཅི་བཞིན་དུ་བསྒྱུར་ཚེ་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་པ་ལྟ་བུ་འབྱུང་བ་སོགས་ལ་ནི།  སྒྱུར་བྱེད་བོད་རང་སྐད་ལའང་འཚམ་པོ་ཡོད་པས་གྲངས་ཀ་བརྒྱ་སྟོང་སོགས་བསྡོམ་དུ་རུང་བའམ་མཉམ་དུ་འདྲེན་འོས་བ་རྣམས་སྒྱུར་བྱེད་བོད་རང་གི་འགྲོ་ལུགས་ཇེ་བཞིན་དུ་སྒྱུར་བ་སྟེ་མིང་བཏགས་ཤིང་།  དེར་བལྟས་ན།  སྐད་གསར་བཅད་གཉིས་པའི་དུས་སུ། ད་གཟོད་གཉིས་བཅུ་ལ་ཉི་ཤུ་དང་གསུམ་བརྒྱ་ལ་སུམ་བརྒྱ། སྐད་གཅིག་ལ་སྐད་ཅིག་སོགས་ཕར་བལྟས་ན་ཡི་གེའི་རྣམ་པ་ཟོར་ཡང་དུ་བཅོས་པ་ཙམ་ལས་གཞན་གྱི་གནད་དོན་མི་སྣང་མོད། སི་ཏུ་པཎ་ཆེན་གྱིས། སྐད་ལ་འཕུལ་རྟེན་སོགས་ཀྱི་ཟུར་གསལ་བ་མེད་ན་ཡི་གེ་ལ་དེ་ལྟར་ཐོབ་པ་རྒྱུ་མཚན་གང་གིས་རྟོགས་པར་ནུས།། ཞེས་གསུངས་པའི་རིགས་ལམ་གྱིས་དེད་ན། སྐད་གསར་བཅད་གཉིས་པའི་དུས་སུ་གོང་གི་དཔེར་བརྗོད་དག་གི་འཕུལ་རྟེན་དོར་བ་ནི་དེ་དུས་ནས་བཟུང་བོད་སྐད་སྤྱི་འགྲོས་ཀྱི་སྒྲ་གདངས་ན་གོང་དག་གི་འཕུལ་རྟེན་གྱི་སྒྲ་ཐོན་གྱིན་མེད་པ་ཤེས་ཐུབ། འདི་ནས་ཀྱང་། སྦྱོར་ཀློག་ཅན་གྱི་ཡིག་རིགས་གང་ཡིན་ན་སྐད་གདངས་རིམ་འགྱུར་གྱི་འགྲོས་དང་བསྟུན་པའི་ཡི་གེའི་སྡེབ་སྦྱོར་དེའི་རྗེས་སུ་འབྲངས་པའི་རང་བཞིན་རྟོགས་ཐུབ་བོ།།
          ༣.ཡུལ་མིང་བསྡུ་བ། ཡུལ་མིང་བསྡུ་བ་ནི་དཔེར་ན། ཨ་མདོ་ཞེས་པ་ནི་ཚིག་བསྡུས་པ་ཞིག་ཡིན་ཏེ། 《མདོ་སྨད་ཆོས་འབྱུང》ལས། འབྲི་ཆུའི་སེ་བོའི་ལུང་རིང་བརྒལ་བའི་བ་ཡན་ཧ་རའི་ཤར་ངོས་ཨ་ཆེན་གངས་རྒྱབ་ཀྱི་རི་དང་། མདོ་ལ་གཉིས་ཀྱི་མིང་བསྡོམས་པས་དེ་མན་ཆད་ལ་ཨ་མདོ་ཟེར། ཞེས་པ་ལྟ་བུའོ།། དེ་རིགས་ཧ་ཅང་མང་བས་མ་བཤད་ནའང་ཀུན་གྱིས་ཤེས་སླ་ཕྱིར་འདིར་རྒྱས་པར་མ་སྤྲོས་སོ།།
          ༤. དགོན་པའི་མིང་བསྡུ་བ། ཨ་མདོ་བཀྲ་ཤིས་འཁྱིལ་ཞེས་པའི་བཀྲ་ཤིས་འཁྱིལ་བ་ནི། 《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར》ན། ཡུལ་བཀྲ་ཤིས་འབྱུང་དེ་ཁྱོད་ཀྱི་ཞིང་། ཞེས་པས་བཀྲ་ཤིས་འཁྱིལ་བསྟན་ཞིང་དེར་མ་ཟད་བཀྲ་ཤིས་འཁྱིལ་ཞེས་པའི་མཚན་སྒྲ་ཚང་བར་བསྟན་ཏེ། ནགས་བཀྲ་ཤིས་ཡལ་འདབ་རྒྱས་པ་ཡོད། ཅེས་པ་དང་། དུང་དཀར་པོ་གཡས་སུ་འཁྱིལ་བ་ལ། ཞེས་པ་གཉིས་བསྡོམས་པའི་སྒོ་ནས་བསྟན་པའི་ཕྱིར། ཞེས་གསུངས། ཡང་བཀྲ་ཤིས་འཁྱིལ་ཞེས་པའི་ཚིག་སྣ་ཡང་ཇེ་ཉུང་དུ་བསྡུ་ན། བཀྲས་འཁྱིལ་ཞེས་པར་བསྡུས་ཆོག་སྟེ། བཀྲས་འཁྱིལ་ལ་མི་ཐེ་བའི་མི་ཡིན་ན་རྐོབ་རྒན་ཡིན། ཞེས་པ་ནི་ཚིག་སྡུད་ཀྱི་དབང་གིས་བཀྲ་ལ་རྗེས་འཇུག་གློ་བུར་བ་བྱུང་བ་རེད། དེ་བཞིན་དུ་གཙང་བཀྲ་ཤིས་ལྷུན་པོའི་དགོན་པའི་མིང་ཡིན་ནའང་བཀྲས་ལྷུན་ཞེས་ཀུན་གྱི་ངག་ནས་བརྗོད་པར་གོམས། པཎ་ཆེན་རིན་པོ་ཆེ་ཞལ་བཞུགས་དུས་རྒྱུན་དུ་གསུང་བཤད་ནང་ན། ང་བཀྲས་ལྷུན་གྱི་བདག་པོ་ཡིན་ལ་ཞབས་འདེགས་པའང་ཡིན་གསུངས་པ་ལྟར་རོ།།
          ༥.ཟུར་ཆག་པའི་མིང་བསྡུ་བ། བོད་སྐད་དུ་ཟུར་ཆག་པའི་ལེགས་སྦྱར་གྱི་སྐད་རྣམས་ཕྱོགས་གཅིག་ཏུ་བསྡུ་ཚུལ་ནི། སྔ་རབས་དང་དེང་གི་རྩོམ་གཞུང་མང་དག་ན་དེ་རིགས་ཧ་ཅང་མང་བས་བོད་སྐད་དང་ལེགས་སྦྱར་སྐད་མཉམ་པར་སྦྱར་བའི་ཚིག་སྡུད་ཀྱི་འགྲོས་ཀྱང་ཤེས་རྒྱུ་གལ་ཆེ། དེ་ལ་རིགས་གཉིས་ཕྱེ་ན་ཆོག་སྟེ།
          (༡)མིང་གི་ཆ་ཤས་ཕྱི་མ་ཟུར་ཆག་པའི་མིང་གི་བསྡུ་བ་ནི།  དཔེར་ན། རྒྱ་གར་སྐད་དུ་པུསྟིཀ་ཞེས་པ་བོད་སྐད་དུ་ཟུར་ཆག་པ་པོ་ཏི་ཞེས་ལ། དེའི་ཚེག་བར་བསྡུས་ནས་པོཏ་ཅེས་ཀློག་བཞིན་ཡོད་མོད། བོད་དུ་རྗེས་འཇུག་ཏ་ཡིག་མེད་པས་ད་བྲིས་ནས་དེང་སང་ཀུན་གྱིས་པོད་ཅེས་བྲིས་བ་ལྟར་ཏེ། གཞུང་གི་པོ་ཏི་ཞེས་པ་ལ་གཞུང་པོད་ཅེས་བསྡུས་པ་ལྟ་བུའོ། ། ཡང་དངུལ་གྱི་མཎྜལ་ཞེས་པ་ལ། དངུལ་མཎ་སྐུ་གསུང་ཐུགས་རྟེན་ན་བཟའ་ཉེར་དཔྱད། ཅེས་《ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར》དུ་གསལ། ས་སྐྱ་པཎྜི་ཏ་ཞེས་པ་བསྡུས་ན། ས་པཎ་ཞེས་མཁས་པའི་གསུང་དག་ན་མང་དུ་འབྱུང་བ་བཞིན་ནོ།།
          (༢)མིང་གི་ཆ་ཤས་སྔ་མ་ཟུར་ཆག་པའི་མིང་གི་བསྡུ་བ། དཔེར་ན། པཎྜི་ཏ་ཆེན་པོ་བཅོམ་ལྡན་རིག་པའི་རལ་གྲི་ཞེས་པ་ཚིག་སྡུད་བྱས་ཚེ། པཎ་ཆེན་བཅོམ་རལ་ཞེས་པཎྜི་ཏ་ཞེས་པའི་ཊི་ཏ་དང་། བཅོམ་ལྡན་ཞེས་པའི་ལྡན། རིག་པའི་རལ་གྲི་ཞེས་པའི་རིག་པའི་དང་གྲི་བསྡུས་པས་པཎ་ཆེན་བཅོམ་རལ་ལྟ་བའོ། ། ཡང་བེེཌཱུརྱ་དཀར་པོ་ཞེས་རྩིས་ཀྱི་གཞུང་མཛད། ཡོངས་གྲགས་སུ་《བེེ་དཀར》ཞེས་པ་ལྟ་བུའོ།།
          ༦.མི་མིང་བསྡུ་བ། ཚིག་སྡུད་ཀྱི་རྣམ་གཞག་མ་ཤེས་ན། གཞུང་ལུགས་ཀྱི་དོན་གོ་བ་དང་གཞན་ལ་འཆད་པ་སོགས་ཕར་ཞོག གོ་བ་ཕྱིན་ཅི་ལོག་ཏུ་འགྱུར་སྲིད། བོད་ཀྱི་གཞུང་ལུགས་རབ་འབྱམས་ལྟ་ཞོག བོད་ཀྱི་མི་མིང་བསྡུ་ཚུལ་གྱི་ཚིག་སྡུད་ཀྱི་འགྲོས་ཙམ་མ་ཤེས་ན་སྐྱོན་འབྱུང་སྲིད་པས་མི་མིང་བསྡུ་ཚུལ་ལའང་ཚིག་སྡུད་ཀྱི་འགྲོས་ཤིག་ཡོད་པས་དེ་ཤེས་རྒྱུ་གལ་ཆེ། མི་མིང་བསྡུ་ཚེ་མི་མིང་གི་ཆ་ཤས་གཙོ་ཕལ་དང་རང་སྐད་ཀྱི་གོམས་གཤིས་གཙོ་བོར་བཟུང་ནས་དེའི་སྐོར་ལ་འཇུག་པར་བྱའོ། ། དཔེར་ན། བྱང་རྡོ་རྗེ་ཞེས་པ་བྱང་རྡོར་ཞེས་བསྡུས་པ་དང་། ཤེས་རབ་སེང་གེ་ཞེས་པ་ལ། ཤེར་སེང་ཞེས་པ། གོ་བོ་རབ་འབྱམས་པ་ལ། ཀུན་མཁྱེན་གོ་རམས་ཞེས་པ། བྱང་ཆུབ་རྩེ་མོ་ལ་ལོ་ཆེན་བྱང་རྩེ་ཞེས་པ། ཤེས་རབ་སྣང་བ་ལ་སྣར་ཐང་པ་ཤེར་སྣང་ཞེས་པ། རིན་ཆེན་རྒྱལ་མཚན་ལ་སྤོས་ཁང་པ་རིན་རྒྱན་ཞེས་པ། ཤེས་རབ་འོད་ཟེར་ཞེས་པ་ལ་ཀུན་མཁྱེན་ཤེར་འོད། ནམ་མཁའ་བཟང་པོ་ལ་ལོ་ཙཱ་བ་ནམ་བཟང་། བསོད་ནམས་རྩེ་མོ་ལ་སྲས་བསོད་རྩེ། བློ་བཟང་ཤེས་རབ་ལ་བློ་ཤེར། རིན་ཆེན་བཟང་པོ་ལ་རིན་བཟང་། བཀའ་སྲུང་མགོན་པོ་ལ་བཀའ་མགོན་སོགས་མཐའ་ཡས་སོ།།
          གསུམ་པ། ཚིག་གི་བསྡུ་ཚུལ།
          ༡. ཁྱད་གཞི་དང་ཁྱད་ཆོས་གཞི་མཐུན་པར་བསྡུ་བ། ཚིག་སྔ་ཕྱི་གཉིས་ཀྱི་དོན་དངོས་པོ་གཅིག་ལ་མཉམ་པར་འཇུག་པ་གཞི་མཐུན་པར་བསྡུ་བའི་ཚིག་སྟེ། དཔེར་ན། ཨུཏྤལ་ཡང་ཡིན་ལ། སྔོན་པོ་ཡང་ཡིན་ཟེར་རྒྱུ་ལ། ཨུཏྤལ་སྔོན་པོ་ཞེས་པ་ལྟ་བུ་རེད། ཨུཏྤལ་ཁྱད་གཞི་དང་སྔོན་པོ་ཁྱད་ཆོས་གཉིས་གཞི་མཐུན་པར་བསྡུ་བ་ཡིན་ཞིང་། ཁྱད་གཞི་ཨུཏྤལ་ལྟ་བུ་དང་ཁྱད་ཆོས་སྔོན་པོ་ལྟ་བུ་གཉིས་ཀྱི་ཚིག་གཞི་མཐུན་པར་སྡུད་པ་ནི་གོང་དུ་བཤད་ཟིན་པའི་ཨུཏྤལ་སྔོན་པོ་ཞེས་བརྗོད་པ་ལྟ་བུའོ།། ཚིགས་བཅད་ཀྱི་སྐབས་ན་ཨུཏྤལ་སྔོ་ཞེས་བྱུང་བའང་ཡོད། གངས་རི་ཡང་ཡིན། དཀར་པོ་ཡང་ཡིན་པ་ཞེས་པའི་ཚིག་སྦྱོར་བསྡུས་ཚེ། གངས་རི་དཀར་པོ་ཞེས་ན་ཆོག་སྟེ། ཁྱད་གཞི་དང་ཁྱད་ཆོས་གཅིག་ཏུ་བསྡུ་བ་གངས་རི་དཀར་པོ། ཞེས་པ་ལྟ་བུ་རེད། གངས་རི་དཀར་པོ་ཞེས་པ་ནི་གངས་རི་ཁྱད་གཞི་དང་དཀར་པོ་དེའི་ཁྱད་ཆོས་སུ་སོང་བས་ཁྱད་གཞི་དང་ཁྱད་ཆོས་གཞི་མཐུན་པར་བསྡུ་བའི་ཚིག་སྡུད་དུ་འགྲོ་ལ། གངས་དཀར་རི་བོ་ནི་གངས་དཀར་པོའི་རི་བོ་ཞེས་པའི་ཚིག་སྣ་བསྡུས་པ་ཡིན་ཀྱང་། གངས་དཀར་པོ་དང་རི་བོ་གཉིས་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བའི་རྣམ་དབྱེ་དྲུག་པའི་སྒྲ་བསྡུས་པ་ཡིན་ཕྱིར་གངས་དཀར་རི་བོ་ཞེས་པ་ཁྱད་གཞི་དང་ཁྱད་ཆོས་གཞི་མཐུན་པར་བསྡུས་པའི་ཚིག་སྡུད་དུ་མི་འགྲོའོ།། དེ་རིགས་ལ་བློ་གྲོས་ཀྱིས་དཔྱད་པ་ཞིབ་མོ་མ་བཏང་ན་ཁྱད་པར་ཡོད་པ་ཤེས་མི་ཐུབ། གཞན་ཁ་ཅིག་ན་རེ། གཟུགས་མཛེས་ཡོན་ཏན་ཆེ་ཞེས་པ་ནི། གཟུགས་ཀྱང་མཛེས་ལ་ཡོན་ཏན་ཡང་ཆེ་ཞེས་པའི་ཚིག་སྦྱོར་བསྡུས་པར་གསུངས་ཀྱང་། དོན་གྱི་ཆ་ནས་བཤད་ན་སྐྱོན་མི་འབྱུང་ཡང་བརྗོད་བདེ་མིན་ཀུན་གྱིས་དཔྱོད། ཁྱད་གཞི་དང་ཁྱད་ཆོས་གཞི་མཐུན་པར་བསྡུ་བའི་མིང་གི་རྣམ་གྲངས་ལ། 《བརྡ་སྤྲོད་པའི་གཞུང་གི་སྙིང་པོ་གསལ་བའི་རང་འགྲེལ་དང་བཅས་པ》ཞེས་པའི་རྩ་བ་ལས། ཁྱད་པར་ཅན་དང་ཁྱད་པར་ཚིག། གཞི་མཐུན་སྡུད་པ་ལས་འཛིན་ནམ། ཁྱད་པར་སྡུད་བའི་གོ་དོན་གཅིག་པོ།། ཞེས་གསུངས་ཏེ། ཀ་ལཱ་པའི་ལུགས་ལས་ལས་འཛིན་པའི་བསྡུ་བ། ཙན་དྲ་བའི་ལུགས་ཀྱི་ཁྱད་པར་གྱི་བསྡུ་བ་སྟེ།  དོན་གཅིག་པོ་ཞེས་པ་ནི་ཚིག་སྡུད་འདིའི་མིང་གི་རྣམས་གྲངས་སུ་བཞེད་ཀྱང་། བོད་སྐད་ཀྱི་ཁྱད་ཆོས་དང་མཐུན་པའི་མིང་དོན་འབྱོར་བའི་ཚིག་སྦྱོར་ལ་ཁྱད་གཞི་དང་ཁྱད་ཆོས་གཉིས་གཞི་མཐུན་པར་བསྡུ་བའི་ཚིག་སྡུད་ཅེས་ན་ལེགས་བསམས།
          ༢. བགྲང་བྱ་དང་གྲངས་གཉིས་གཞི་མཐུན་པར་བསྡུ་བ། ཁྱད་གཞི་བགྲང་བྱ་དང་ཁྱད་ཆོས་གྲངས་གཉིས་ཕྱོགས་གཅིག་ཏུ་གཞི་མཐུན་པར་བསྡུས་པའི་བསྡུ་བ་ནི། དངོས་པོ་གང་ཞིག་གྲངས་ཀྱི་མིང་དང་འབྲེལ་བའི་ཚེ། གྲངས་ཀྱི་སྒྲ་དེ་ཐོག་མར་སྦྱར་བས་གྲངས་དེ་དང་ལྡན་པའི་དངོས་པོ་རྣམས་ཕྱོགས་གཅིག་ཏུ་འདུས་པའི་དོན་ལ་འཇུག་པར་གསུངས་ཀྱང་། དེ་ནི་ལེགས་སྦྱར་སྐད་ཀྱི་ཁྱད་ཆོས་སུ་མཐུན་པའི་གོ་དོན་གསུང་བ་འདྲ་བས། བོད་སྐད་ཀྱི་ཁྱད་ཆོས་དང་མཐུན་པར་སྦྱར་བའི་གོ་བ་ནི། ཁྱད་གཞི་བགྲང་བྱ་དང་ཁྱད་ཆོས་གྲངས་གཉིས་ཆོས་གཅིག་གི་སྟེང་དུ་བསྡུས་པའི་བསྡུ་བ་ལ་བཤད། དཔེར་ན། འབྱུང་བ་བཞི། ཞེས་འབྱུང་བ་ཡང་ཡིན་ལ་རྣམ་གྲངས་བཞི་ཡང་ཡོད་ཅེས་བསྡུས་ནས་འབྱུང་བ་བཞི་ཞེས་བརྗོད་པ་ལྟ་བུ། ཕུང་བོ་ལྔ་ཞེས་པ་ལ། ཕུང་པོ་ཡང་ཡིན། ལྔ་ཡང་ཡིན་ཟེར་རྒྱུ་ལ། འདིར་བགྲང་བར་བྱ་བ་དང་གྲངས་གཉིས་བརྗོད་བྱ་འབྲེལ་བར་བསྡུས་པས། ཕུང་པོ་ལྔ་ཞེས་པ་གྲངས་དང་བགྲང་བྱ་གཞི་མཐུན་དུ་སྡུད་པ་ཡིན་ནོ།། དེ་ཉིད་གྲངས་དང་བགྲང་བྱ་ན།། བ་གཉིས་པའམ་གྲངས་དང་པོ།། ཞེས་གསུངས་པ་ལྟར། ཀ་ལཱ་པར་བ་གཉིས་པའམ། ཙན་དྲ་པར་གྲངས་དང་པོ་ཅན་གྱི་བསྡུ་བ་ཞེས་མིང་གི་རྣམ་གྲངས་ལ་གྲངས་སྔོན་ཅན་གྱི་བསྡུ་བ་ཟེར་དོན་ཡང་ལེགས་སྦྱར་གྱི་སྐད་དུ་བ་གཉིས་ཞེས་པའི་གྲངས་ཚིག་སྔོན་དང་ཐ་སྙད་རྗེས་སུ་བྱུང་བ་ཡིན་པས་བོད་སྐད་དུ་ཇི་བཞིན་སྦྱར་ན་དོན་ལ་མི་འབྱོར་ཞིང་བོད་སྐད་ཀྱི་གོ་རིམ་གྱི་འགྲོས་དང་མི་ མཐུན་པ་གོང་གི་དཔེར་བརྗོད་དག་ལས་ཤེས་ཐུབ་པས་སོ།།
          ༣. རྣམ་དབྱེ་བསྡུ་བའི་ཚིག་སྡུད། རྣམ་དབྱེ་བསྡུས་པའི་ཚིག་སྡུད་ནི། མིང་དང་ཚིག་གི་བར་ན་ཡོད་པའི་རྣམ་དབྱེ་གཉིས་པ་ནས་བདུན་པའི་བར་དྲུག་པོའི་གང་རུང་བསྡུས་པའི་བསྡུ་བ་ལ་བཤད་ཅིང་། རྣམ་དབྱེ་དེ་དག་གི་ངོ་བོ་ནི་བརྡ་སྤྲོད་གཞུང་དག་ན་རྒྱས་པར་གསུངས་ཡོད་པས་འདིར་མ་བཀོད། འདིའི་ཐད་དུ་བརྡ་སྤྲོད་སྨྲ་བ་དོར་ཞི་གདོང་དྲུག་སྙེམས་བློས། སྤྱིར་ཚིག་ལ་ལ་དོན་ཡོད་མེད་དང་། ཡིག་མཁན་གྱི་སྒྲ་བསྡུ་ཆོག་མི་ཆོག་བོད་སྐད་ཀྱི་གོམས་གཤིས་ལ་བསྟུན་དགོས་པ་ཞིག་ལས། ཡིག་མཁན་ཀྱིས་གང་བདེར་བྱེད་ཆོག་པ་ཞིག་མིན། ཞེས་གསུངས་པ་ནི་མཁས་པའི་ལེགས་བཤད་དུ་སྣང་ངོ་།། སྤྱིར་ཚིག་སྡུད་ཡོངས་ལ་དེ་ལྟར་གྱི་ལེགས་བཤད་ཀྱིས་ཁྱབ་ཅིང་།  ཁྱད་པར་རྣམ་དབྱེ་ཚིག་ཕྲད་བསྡུ་བའི་ཚིག་སྡུད་ཀྱི་སྐབས་སུ། གཅིག་ནས་བོད་ཀྱི་བརྡ་སྤྲོད་སྤྱི་ལུགས་དང་མཐུན་དགོས་ལ། གཉིས་ནས་བོད་རང་གི་སྐད་འགྲོས་ཀྱི་གོ་རིམ་ལྟར་བསྡུ་བའི་ཚུལ་དང་སྤྱི་འབངས་མང་ཕྱོགས་ཀྱིས་ཤོད་གྱིན་ཡོད་པའི་སྐད་ཀྱི་གོམས་གཤིས་ལྟར་ཚིག་སྡུད་བྱེད་པ་ནི་སྐབས་འདིའི་གཟབ་དགོས་ས་ཁོ་ནའོ།། མིང་དང་ཕ་རོལ་ཚིག་གིས་ནི།། གཉིས་པ་ལ་སོགས་སྡུད་པ་དེ། །བྱེད་ཅན་དྲུག་པའི་བསྡུ་ཞེས་བྱ།། དེ་གསུམ་དེ་ཡི་སྐྱེས་བུར་བཤད།། ཅེས་ལེགས་སྦྱར་གྱི་སྒྲ་གཞུང་དག་ཏུ་ཚིག་སྡུད་འདི་ལ་མིང་གི་རྣམ་གྲངས་མང་དུ་གསུངས་ཀྱང་བོད་རང་ལུགས་ལ་རྣམ་པའི་བར་གྱི་རྣམ་དབྱེའི་བསྡུ་བ་ཞེས་ན་དོན་འབྱོར་བར་སེམས།  སྤྱི་ཁོག་རྣམ་དབྱེ་བསྡུ་བ་ལ་རྣམ་དབྱེ་གཉིས་པ་ནས་བདནུ་པའི་བར་གྱི་རྣམ་དབྱེ་སོ་སོའི་བསྡུ་ཚུལ་ཡོད་པས་འོག་ནས་རིམ་པར་དཔེ་དང་བཅས་ཏེ་འཆད་པར་བྱའོ།།
          (༡)རྣམ་དབྱེ་གཉིས་པའི་ཕྲད་བསྡུ་བ། རྣམ་དབྱེ་གཉིས་པའི་ཕྲད་བསྡུས་པའི་ཚིག་སྡུད་ནི། དཔེར་ན། གྲོང་འགྲོ་ཞེས་པ་ནི། གྲོང་ལ་འགྲོ་བ་ལ་གྲོང་འགྲོ། ཞེས་གྲོང་ལ་འགྲོ་ཞེས་པའི་རྣམ་དབྱེ་གཉིས་པའི་སྒྲ་བསྡུས་ཚེ་གྲོང་འགྲོར་གྱུར། དེ་མཚུངས་དཔེར་ན། རྟ་ལ་ཞོན་ཞེས་པ་དང་རྟ་ཞོན་པའི་ཁྱད་པར་ནི། རྟ་ལ་ཞོན་ཞེས་པ་ནི་རྟ་ལ་ཞོན་པའི་བྱ་བ་ལ་གོ་བ་དང་། རྟ་ཞོན་ནི་རྟ་ཞོན་མཁན་དེ་ལ་གོ་བ་བདེན་མོད། རྟ་ལ་ཞོན་དང་རྟ་ཞོན་ཞེས་པའི་ཕྲད་བསྡུ་རུང་མི་རུང་གི་གུ་དོགས་བྱེད་མི་དགོས་པར་སེམས། ཅིའི་ཕྱིར་ཞེ་ན། ཚིག་སྡུད་ཀྱི་སྐབས་སུ་ཚིག་སྦྱོར་གོང་འོག་གི་ཚིག་དོན་གཉིས་ཀྱི་ཆ་ལ་བལྟོས་པ་གལ་ཆེ་སྟེ། དཔེར་ན། བཀྲ་ཤིས་ཀྱིས་རྟ་ཞོན་ནས་བྲོས་ཞེ་ན། རྟ་ལ་ཞོན་ནས་བྲོས་པའི་བྱ་བ་ལ་གོ་ཕྱིན་དོན་ལ་ལ་སྒྲ་ཐོབ་ཀྱང་ཡིག་ཐོག་ཏུ་བསྡུས།  ཚིག་སྦྱོར་འདིའི་ནང་གི་རྟ་ཞོན་པ་ལ་ལ་སྒྲ་བསྡུས་ཀྱང་རྟ་ཞོན་མཁན་ལ་མི་གོ་བར་རྟ་ལ་ཞོན་པའི་བྱ་བ་ལ་གོ་བའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ནི་སྐབས་དོན་གྱི་ཚིག་སྦྱོར་གོང་འོག་གི་ཆ་ལ་བལྟོས་ནས་གོ་བ་ཡིན། གཞན་པ་དེ་རིང་རྟ་ཞོན་མང་པོ་ཡོང་ཡོད་ཅེ་ན། རྟ་ཞོན་མཁན་མང་པོ་ཡོང་ཡོད་ཅེས་པའི་དོན་དུ་གོ་ཕྱིར། འདིའི་རྟ་ཞོན་ནི་མིང་དུ་འགྱུར་རོ།། དེས་ན་ཚིག་བསྡུས་པ་རང་ཐོག་ནས་གོ་བ་བླངས་ན་རྣམ་དབྱེ་དང་ཚིག་ཕྲད་སོགས་བསྡུས་མ་བསྡུས་ལ་ནོར་དོགས་ཧ་ཅང་ཆེ། གལ་ཏེ་རྣམ་དབྱེ་དང་ཚིག་ཕྲད་བསྡུ་ཚུལ་ལ་བྱང་ཆ་ངེས་ཅན་ཞིག་མ་ཐོན་ན་ཚིག་བསྡུས་པ་གཅིག་གི་དོན་གྱི་གོ་བ་རྣམ་གྲངས་ཅན་དུ་འགྱུར་འགྲོ། འོན་ཀྱང་ཚིག་བསྡུས་པ་དེ་གཞི་ལ་སྦྱར་ནས་ཚིག་གོང་འོག་གི་འགྲོས་ལ་བལྟས་ན་སྐབས་དོན་གྱི་གོ་བ་ལེགས་པོ་ཞིག་ལོན་ཐུབ།
          (༢)རྣམ་དབྱེ་གསུམ་པའི་བྱེད་སྒྲ་བསྡུ་བ། རྣམ་དབྱེ་གསུམ་པའི་ཕྲད་བསྡུ་བ་ནི་ཚིག་གི་སྦྱོར་བ་གང་ཞིག་གི་ནང་དུ་བརྡ་སྤྲོད་པའི་ལུགས་ལྟར་དོན་དུ་རྣམ་དབྱེ་གསུམ་པའི་བྱེད་སྒྲ་ཐོབ་ནའང་། གནས་སྐབས་ཚིག་སྦྱོར་དེའི་ཚིག་སྣ་རིང་ཐུང་དང་། ངག་ནས་བརྗོད་བདེར་ཕན་པ་སོགས་གང་དག་ལ་དམིགས་ནས་ཚིག་དོན་གཉིས་ཀྱི་ཆ་ནས་བསྡུ་རུང་བའི་རྣམ་དབྱེ་གསུམ་པའི་བྱེད་སྒྲ་བསྡུས་པ་ལ་ཟེར། དཔེར་ན། ཁ་སྣ་གཉིས་ཀྱིས་འཐུང་བ་ལ། གཉིས་འཐུང་ཞེས་དང་། ཡང་། རྐང་བས་འཐུང་བ་ལ། རྐང་འཐུང་ཞེས་བྱེད་སྒྲ་བསྡུས་པ་ནི་བྱེད་སྒྲ་བསྡུ་རུང་བའི་རིགས་ཡིན་པས་འགྲིག་མོད། འོན་ཀྱང་གནས་སྐབས་ཀྱི་ཚིག་དོན་སྔ་ཕྱིའི་སྦྱོར་སྟངས་ལ་ལྟོས་ནས་བྱེད་པ་ལས་རང་འདོད་ལྟར་བྱས་ན་མི་འགྲིག་སྟེ། དཔེར་བཞག་ན། 《གཏམ་གྱི་ཚོགས་ཐེག་པའི་རྒྱ་མཚོ་ཞེས་བྱ་བ》ལས། རྐང་པས་འཐུང་བའི་ལང་ཚོ་ནི།། པད་མོ་གཞོན་ནུ་ཤིན་ཏུ་མཚོན། འདབ་མ་ཨུཏྤལ་སྔོན་པོར་མཚུངས།། ཚིགས་མ་མཛེས་མའི་གདུ་བུ་བཞིན།། ཞེས་པའི་རྐང་པས་འཐུང་བའི་བྱེད་སྒྲ་བསྡུས་ན་ཚིགས་བཅད་འདིའི་རྐང་བའི་ཆ་མི་མཉམ་པར་འགྱུར་བས་དེ་རིགས་ཀྱི་བྱེད་སྒྲ་རྣམས་བསྡུ་མི་རུང་ངོ་།། དེ་མིན་བྱ་བ་གང་ཞིག་ངང་ནས་གྲུབ་པ་ལ་རྣམ་དབྱེ་གསུམ་པ་རྗེས་མཐུན་པ་སྦྱར་བའི་གྱིས་བསྡུ་ཆོག་པའི་རིགས་ནི། རྒྱུད་བླ་ལས། འདུ་མ་བྱས་ཤིང་ལྷུན་གྱིས་གྲུབ།། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ།། ཞེས་གསུངས་པའི་ལྷུན་གྱིས་གྲུབ་པ་ཞེས་པའི་གྱིས་སྒྲ་བསྡུས་ན། ལྕང་སྐྱ་རོལ་བའི་རྡོ་རྗེས། ལྷུན་གྱིས་གྲུབ་པ་ནི། གློ་བུར་རྣམ་དབྱེ་དག་འབད་རྩོལ་ཉེ་བར་ཞི་བའི་ལྷུན་གྲུབ་ལ་བཤད་པའི་ཕྱིར་ཏེ། ཞེས་ལྷུན་གྲུབ་ཏུ་གསུངས།
          (༣) རྣམ་དབྱེ་བཞི་པའི་སྒྲ་བསྡུ་བ། ཚིག་སྡུད་སྐབས་ཀྱི་རྣམ་དབྱེ་བཞི་པའི་ཕྲད་བསྡུ་བ་ནི་དཔེར་ན། ཞིང་གི་ཆེད་དུ་དྲངས་པའི་ཆུ་ལ། ཞིང་ཆུ་ཟེར་བ་དང་། མགྲོན་པོའི་ཆེད་དུ་བསྒྲིགས་པའི་ཁང་བ་ལ་མགྲོན་ཁང་ཟེར་བ་དང་། ཁྱིའི་ཆེད་དུ་བཟོས་བའི་ལྟོ་ལ་ཁྱི་ལྟོ་ཟེར་བ་ལྟ་བུ་སོགས་དང་།  《ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན》ལས། འབྱུང་པོ་ལ་གཏོར་མ་གཏོར་བ་ལ་འབྱུང་གཏོར་ལྟ་བུ་བཞི་པ་དང་། ཞེས་པ་དང་། འབྱུང་པོའི་ཆེད་ཀྱི་གཏོར་མ་ལ་འབྱུང་གཏོར། ཞེས་པ་དང་ཞལ་མཐུན་ནོ།། ཡང་དཔེར་ན། རྒྱལ་ཁབ་འཕེལ་ཐབས་བཟོ་གྲྭ་འཛུགས། ཞེས་པའི་ཚིག་རྐང་འདི་ལ་མཚོན་ན། རྒྱལ་ཁབ་འཕེལ་ཐབས་སུ་བཟོ་གྲྭ་འཛུགས། ཞེས་པའི་རྣམ་དབྱེ་བཞི་པའི་སུ་སྒྲ་བསྡུས་པ་ཤེས་དགོས། གཞན་བསྡུ་མི་རུང་བའི་རིགས་ནི། གོས་སུ་རས་འཐག་པ་ཞེས་པའི་སུ་བསྡུས་ན་གོས་ཀྱི་ཆེད་དུ་རས་འཐག་པར་མི་གོ་བར་རས་འཐག་པ་ཙམ་དུ་འགྱུར་བས་དེ་རིགས་ཀྱི་ཁྱད་པར་ཤེས་རྒྱུ་གལ་ཆེའོ།།
          (༤) རྣམ་དབྱེ་ལྔ་པའི་སྒྲ་བསྡུ་བ། རྣམ་དབྱེ་ལྔ་པ་འབྱུང་ཁུངས་སུ་འཇུག་པའི་ཕྲད་བསྡུ་རུང་བ་རྣམས་བསྡུས་ན་ཡོན་ཏན་དུ་འགྱུར་ལ། བསྡུ་མི་རུང་བ་རྣམས་བསྡུས་ན་བརྗོད་བྱའི་དོན་གཞན་དུ་འགྱུར་བས་དེ་རིགས་བསྡུ་བར་མི་བྱའོ།། བསྡུ་རུང་བ་རྣམས་དཔེར་ན། སྒོ་ང་ལས་སྐྱེས་པས་ན། འབྱུང་ཁུངས་སྟོན་བྱེད་ཀྱི་ལས་སྒྲ་བསྡུས་ནས་སྒོང་སྐྱེས་པ་ལྟ་བུའོ།། ཡང་བདག་ལས་སྐྱེ་བ་དང་གཞན་ལས་སྐྱེ་བ་ཞེས་པའི་རྣམ་དབྱེ་ལྔ་པའི་ལས་སྒྲ་བསྡུ་ན། བདག་སྐྱེ་དང་གཞན་སྐྱེ་ལྟ་བུ། ཡང་ས་མྱུག་ཅེས་པའི་མིང་སྡུད་འདི་ལ་ཕྱོགས་གཉིས་ནས་དཔྱད་པ་གཏོང་ཆོག་སྟེ། ཕྱོགས་གཅིག་ནས་བརྟག་ན། ས་བོན་གྱི་མྱུ་གུ་ཞེས་པའི་སྡུད་དུ་གོ་ན་རྒྱུ་འབྲས་བར་སོང་ཕྱིར་འབྲེལ་སྒྲ་བསྡུས་པ་དང་།  ཅིག་ཤོས་ནས་བལྟས་ན།  ས་བོན་ལས་མྱུ་གུ་སྐྱེས་པ་ཡིན་པས་ས་མྱུག་ཅེ་ན་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་སྒྲ་བསྡུས་པར་གོ་ཆོག་སྟེ། 《དབུ་མ་འཇུག་པའི་རྣམ་པར་བཤད་པ་ངེས་དོན་གནད་ཀྱི་ཊིཀ》ལས། ས་བོན་ལས་མྱུ་གུ་འབྱུང་བའི་ཕྱིར།
          སྐབས་ཐོབ་ཀྱི་ཚིག་སྦྱོར་གོང་འོག་དང་དོན་ཐོབ་ཀྱི་གོ་བ་དང་བསྡུར་ནས་དེ་འདྲའི་ཁྱད་པར་ལེགས་པར་ཤེས་པར་བྱའོ།།
          (༥)རྣམ་དབྱེ་དྲུག་པའི་ཕྲད་བསྡུ་བ། རྣམ་དབྱེ་བསྡུ་རུང་མི་རུང་། དོན་ལ་གནོད་མི་གནོད་དང་། ཚིག་ལ་བདེ་མི་བདེ་བརྟགས་ནས་དབྱེ་བ་འབྱེད་དགོས་པ་ཞིག་ལས་འོལ་ཚོད་ཀྱིས་བསྡུ་རུང་བ་དང་བསྡུ་མི་རུང་བའི་ཁ་ཚོན་གཅོད་པ་ནི་མཁས་པའི་སྤྱོད་པ་མིན་ནོ།། ཞེས་གསུངས་པ་ལྟར། ཚིག་སྦྱོར་གང་གི་རྣམ་དབྱེ་དྲུག་པོའི་ཕྲད་རྣམས་གང་རུང་ཡོད་པ་རྣམས་བསྡུ་་ཚེ། ཚིག་དོན་གཉིས་ཀྱི་ཆ་ནས་སྐྱོན་མི་འབྱུང་བའི་རིགས་བསྡུ་བ་ལས་གཞན་རྣམས་དེ་ལྟར་མ་ཡིན་ནོ།།འབྲེལ་སྒྲ་བསྡུ་སྐབས་སྤྱིར་བརྡ་སྤྲོད་པའི་ལུགས་དང་བསྟུན་དགོས་པ་གཙོ་བོ་ལོས་ཡིན་དང་། ཁྱད་པར་སྐད་ཀྱི་གོམས་གཤིས་ཀྱི་འགྲོས་བཞིན་བྱེད་པ་གལ་ཆེའོ།། འབྲེལ་སྒྲ་བསྡུ་བ་ནི། དཔེར་ན། ཤེལ་བུམ་ལ་སོགས་པའི་ཤེལ་སྤྱད་ཀྱང་སྤུས་ཤིན་ཏུ་དག་ཅེས་ཤེལ་གྱི་བུམ་པ་ཞེས་པའི་འབྲེལ་སྒྲ་བསྡུས་ནས་ཤེལ་བུམ་ལྟ་བུར་བསྡུ་ཆོག་གོ། བསྡུ་མི་རུང་གྲས་ནི་དཔེར་ན།  ངའི་བུ་ཟེར་བ་ལ་ང་བུ་དང་། ངའི་དཔེ་ཆ་ཞེས་པ་ང་དཔེ་ཆ་ཟེར་ན་ངོ་བོ་ཐ་དད་པའི་དངོས་པོ་གཉིས་རེ་སྟོན་པ་ལས་དེ་གཉིས་འབྲེལ་བར་མི་སྟོན་ཕྱིར་དེ་རིགས་བསྡུ་མི་རུང་ངོ།།
          (༦) རྣམ་དབྱེ་བདུན་པའི་ཕྲད་བསྡུ་བ། རྣམ་དབྱེ་བདུན་པ་གནས་གཞིར་གྱུར་པའི་ཚིག་སྦྱོར་གང་ཞིག་གི་ནང་ཕྲད་བསྡུ་རུང་བ་རྣམས་ཅི་ཐུབ་བསྡུས་པ་ལ་གོ་དགོས། དཔེར་ན། སེམས་ལ་གནས་པ་ལ་《གསེར་ཏོག་སུམ་རྟགས》དུ། སེམས་གནས། ཞེས་སུ་བསྡུས་པ་དང་། འབྲས་བུ་ལ་གནས་པ་ལ་འབྲས་གནས། ཞེས་དང་། ཆུའི་ནང་དུ་འཚོ་བར་གནས་པའི་སྲོག་ཆགས་ཐམས་ཅད་ཀྱི་སྤྱི་མིང་དུ། ཆུ་གནས་ཞེས་《བརྡ་སྤྲོད་བློ་གསལ་དགའ་སྟོན》 དུ་གསུངས། མཚོ་ལ་གནས་པའི་སྨན་མོ་ལ་མཚོ་སྨན། ཞེས་བསྡུ་རུང་ཀྱང་། ང་ལ་ཡོད་ལྟ་བུ་ང་ཡོད་ཅེས་བསྡུས་ན་དོན་གཞན་དུ་འགྱུར་རོ།། ཡང་ལྷ་ས་ན་ཇོ་བོ་ཡོད་ཅེས་པའི་བར་གྱི་རྣམ་དབྱེ་མེད་ན་ལྷ་ས་ཇོ་བོ་ཡོད་ཅེས་ལྷ་ས་དང་ཇོ་བོ་སོ་སོར་ཡོད་པ་ཙམ་སྟོན་པ་ལས། ཇོ་བོ་ཡོད་སའི་གནས་ལྷ་ས་ཡིན་པར་གོ་མི་ནུས་པས་དེ་རིགས་བསྡུ་མི་རུང་ཞིང་རྒྱུན་པར་ཚིག་སྡུད་བྱེད་ཚེ་དེ་མཚུངས་ལ་གཟབ་དགོས་སོ།།
          (༧)དེ་ཉིད་ཀྱི་སྒྲ་བསྡུ་བ།  ཆོས་གང་ཞིག་གི་རང་བཞིན་ནམ་ངོ་བོ་ཉིད་དུ་འགྱུར་བར་སྟོན་པའི་ཚིག་གི་སྦྱོར་བ་ཞིག་གི་ནང་དུ་རྣམ་དབྱེའི་ཚིག་ཕྲད་གང་ཐོབ་པ་རྣམས། བརྡ་སྤྲོད་པའི་ཡི་གེའི་སྦྱོར་ལུགས་དང་རང་སྐད་ཀྱི་གོམས་གཤིས་དང་མཐུན་པར་བསྡུ་རུང་བའི་ཚིག་ཕྲད་དེ་དག་ཚིག་ཟོར་ཡང་པའི་ཕྱིར་བསྡུས་པ་ལ་ཟེར། དཔེར་ན། རབ་ཏུ་གསལ་བ་ལ། ཚིག་དོན་རབ་གསལ་རིན་ཆེན་འབྱུང་གནས་ཆེར། ཞེས་ཏུ་སྒྲ་བསྡུས། རབ་ཏུ་འབར་བ་ལ་རབ་འབར། ཤིན་ཏུ་སྦྱངས་པ་ལ་ཤིན་སྦྱངས། ཞེས་པ་ལྟ་བུ་སོགས་ཀྱིས་མཚོན། ང་ཚོས་རྒྱུན་པར་མཉམ་འཇོག་བྱས་ནས་དཔྱད་པ་བཏང་ན། ཚིག་སྦྱོར་གང་ཞིག་གི་ནང་དོན་དེ་ཉིད་དུ་འགྱུར་ནའང་དེ་ལ་རྣམ་དབྱེའི་ཚིག་ཕྲད་དངོས་སུ་སྦྱར་མིན་གང་རུང་ཡོད། ཚིག་ཕྲད་དངོས་སུ་སྦྱར་མེད་པའི་ཚིག་སྦྱོར་དུ་ཐོག་མ་ནས་ཕྲད་འཇོག་སྲོལ་མེད་པས། ཚིག་ཕྲད་བསྡུ་རུང་མི་རུང་གི་རྣམ་གཞག་འཇོག་པའི་གནས་མེད་དོ།། ཚིག་ཕྲད་དངོས་སུ་གསལ་བ་རྣམས་ནི་གོང་དུ་ཞུས་པ་ལྟར། གཅིག་ནས་བརྡ་སྤྲོད་པའི་ཚིག་སྡུད་ཀྱི་འགྲོས་དང་བསྟུན་དགོས་ཤིང་། གཉིས་ནས་བོད་རང་སྐད་ཀྱི་གོམས་གཤིས་མ་ཉམས་པ་ལྟར་བསྡུ་བར་བྱའོ།། དཔེར་ན་ཚིག་ཕྲད་དངོས་སུ་མི་གསལ་བ་ནི། ཡི་གེ་འབྲི། གདན་བཏིང་ཞེས་པའི་ཚིག་ལ་ལ་སྒྲ་གཏན་ནས་མི་ཐོབ་པས་བསྡུས་པ་ག་ལ་ཡིན། ཞེས་དོར་ཞི་གདོང་དྲུག་སྙེམས་བློས་གསུངས་པ་ལྟར་འདི་འདྲ་ལ་ཚིག་ཕྲད་བསྡུ་རུང་མི་རུང་གི་རྣམ་གཞག་བཤད་པའི་གནས་མེད།             གཞན་ཡང་ཚིག་ཕྲད་དངོས་སུ་གསལ་ཡང་སྐད་ཀྱི་གོམས་སྲོལ་དང་མི་མཐུན་ན་བསྡུ་རུང་མ་ཡིན་ཏེ། དཔེར་ན། ཤིན་ཏུ་བཟང་ལ་ཤིན་བཟང་མི་ཟེར་བ་དང་། ལྷག་པར་སྐྱིད་ལ་ལྷག་སྐྱིད་མི་ཟེར་བ་སོགས་ནི་བོད་སྤྱིའི་སྐད་ཀྱི་བཤད་སྲོལ་དུ་མེད་པས་དེ་རིགས་བསྡུ་བར་མི་བྱའོ། །
          (༨)ཚེ་སྐབས་ཀྱི་སྒྲ་བསྡུ་བ། དཔེར་ན། ཉིན་གུང་དུ་གསོལ་ཚིག་བཞེས་ཞེས་པ་ལ། 《བརྡ་སྤྲོད་བློ་གསལ་དགའ་སྟོན་》དུ། ཉིན་གུང་གསོལ་ཚིག་བཞེས་ཟེར་བ་ལྟ་བུའོ།། ཞེས་གསུངས་ཤིང་། ཉིན་གུང་དུ་ཞེས་པའི་ཚེ་སྐབས་ཀྱི་དོན་མཚོན་བྱེད་ཀྱི་དུ་སྒྲ་བསྡུས་ན་ལོས་ཡིན་དང་། ཚིག་སྦྱོར་འདིའི་ཚིག་སྣ་ད་རུང་ཉུང་ངུར་བསྡུས་ཚེ། གུང་ཚིག་ཅེ་ན་བོད་འབངས་སྤྱིའི་སྐད་དུ་ཡོངས་སུ་གྲགས།  དགེ་སློང་གང་དེ་རིང་གུང་ཚིག་ལ་བཞུགས་པས་ཕྱི་དྲོ་བཞེས་པ་མི་བཞས་ལྟ་བུ་སོགས་ཀྱིས་དཔེ་མཚོན། ཡང་། དགོང་མོར་ཇ་འཐུང་བ་ལ་དགོང་ཇ་འཐུང་། སྟོན་ཀར་ཆོས་འཚོགས་པ་ལ་སྟོན་ཆོས་དང་། དབྱར་ཁར་འཚོགས་པའི་ཆོས་ལ་དབྱར་ཆོས་ཞེས་ཚེ་སྐབས་ཀྱི་སྒྲ་བསྡུས། དེ་བཞིན་དཔྱིད་ཆོས་དང་དགུན་ཆོས་རིགས་མཚུངས་སོ།། རི་བོ་དགེ་ལྡན་པའི་རྟ་ཟླའི་ཚེས་ལྔའི་ཉིན་པར་མཆོད་པ་གཏོང་བའི་ཆོས་སྤྱོད་ལ་རྟ་ཟླའི་ལྔ་མཆོད་ཅེས་བསྡུས་སོ།།
          ༤.དོན་གཞན་སྟོན་བྱེད་དུ་བསྡུས་པའི་བསྡུ་བ། མིང་གཉིས་སམ་མང་པོ་ཡང་རུང་མ་བསྡུས་པའི་སྐབས་ཀྱི་བརྗོད་བྱ་ལས་དོན་གཞན་སྟོན་བྱེད་དུ་བསྡུས་པའི་བསྡུ་བ་ལ་ཟེར། ཚིག་སྡུད་ཀྱི་དབང་གིས་དངོས་སུ་བརྗོད་པའི་དོན་དེ་གཙོ་བོ་མིན་པར། དེ་དང་འབྲེལ་བའི་དོན་གཞན་ཞིག་གཙོ་བོར་སྟོན་པ་ལ་གོ་དགོས།  དེ་གོ་སླ་བའི་ཚུལ་དུ་བཤད་ན། ཚིག་སྔ་ཕྱི་གཉིས་སོ་སོའི་དངོས་སུ་བརྗོད་པའི་དོན་དེ་བརྗོད་བྱའི་གཙོ་བོར་མི་འགྱུར་བར། དེ་དང་འབྲེལ་བའི་དོན་གཞན་དངོས་སུ་མ་བརྗོད་པ་ཞིག་བརྗོད་བྱའི་གཙོ་བོར་བྱེད་པའི་ཚིག་སྡུད་ལ་ཟེར་བར་སྣང་། དོན་གཞན་སྟོན་བྱེད་དུ་བསྡུས་པའི་ཚིག་སྡུད་ལ་བློས་ཞིབ་ཏུ་དཔྱད་ན་ཁྱད་པར་གྱི་དབྱེ་བ་མང་དུ་མཆིས་ཀྱང་གཤམ་དུ་དཔེ་མཚོན་ཙམ་བཀོད་ན། 
          (༡)གང་དེ་དངོས་སུ་སྟོན་པ་དེ་ལས་དོན་གཞན་སྟོན་པའི་འབྲུ་མང་པོའི་བསྡུ་བ། དཔེར་ན། གང་བ་དང་ཟག་པ་ཞེས་པ་ལ་མིང་གི་འབྲུ་ཅི་ཡོད་རྣམས་བརྗོད་དོན་དང་འབྲེལ་བར་བླ་ཐབས་སུ་བསྡུས་པས། གང་ཟག་ཅེས་ཤེད་བུའི་མིང་གཅིག་སྟོན་པ་ལྟ་བུའོ་ཞེས་《གསེར་ཏོག་སུམ་རྟགས》ན་གསུངས་ཤིང་། 《བརྡ་སྤྲོད་བློ་གསལ་དགའ་སྟོན》ལས། བསྟན་པ་དང་བཅོས་པ་བསྡུས་ནས། བསྟན་བཅོས་ཞེས་བརྗོད། ཅེས་དང་། ཟླ་བ་དང་འདྲ་བའི་བྱད་བཞིན་ཅན་ལ། ཟླ་བའི་གདོང་ཅན་ཞེས་པ་ལྟ་བུ་སོགས་ནི་དོན་གཞན་སྟོན་པའི་འབྲུ་མང་པོའི་བསྡུ་བའོ།།
          (༢)ཕྱོགས་བྲལ་སྟོན་པའི་འབྲུ་མང་པོའི་བསྡུ་བ་ནི། ཚིག་གི་སྦྱོར་བ་གང་ཞིག་གི་ནང་དུ་དངོས་སུ་ཕྱོགས་བརྗོད་པའི་ཚིག་བསྡུས་པས་མཚམས་སོགས་སྟོན་པ་ཕྱོགས་བྲལ་གྱི་འབྲུ་མང་པོའི་ཚིག་སྡུད་དེ། དཔེར་ ཤར་དང་ལྷོ་ཞེས་བརྗོད་ཚེ་ཕྱོགས་སོ་སོ་སྟོན་ཅིང་། ཤར་ལྷོ་ཞེས་བསྡུས་ན་མེ་མཚམས་སྟོན་པ་ལྟ་བུ་རེད། ཚིག་སྦྱོར་འདི་ལ་མཚོན་ན། མ་བསྡུས་པའི་སྐབས་ན་ཤར་དང་ལྷོ་ཞེས་པའི་དོན་སྟོན་ཅིང་། བསྡུས་ཚེ་བརྗོད་དོན་འགྱུར་ཏེ་མེ་མཚམས་སྟོན་པའོ།། ཚིག་སྡུད་འདིའི་མིང་ལ་ཕྱོགས་བྲལ་སྟོན་པའི་འབྲུ་མང་པོའི་བསྡུ་བ་ཟེར་དོན་ནི། གོང་ཞུས་ལྟར་ཤར་དང་ལྷོ་ལ་སོགས་པའི་མིང་། ཕྱོགས་ཀྱི་མིང་དག་ཕྱོགས་བྲལ་ཤར་ལྷོ་ལ་སོགས་པ་གོ་བར་མ་ཟད་འབྲུ་མང་པོའི་བསྡུ་བ་ཡིན་པས་སོ།། དེ་བཞིན་དུ་ལྷོ་དང་ནུབ་ཟེར་བ་ལ། ལྷོ་ནུབ། མཚོ་སྔོན་པོ་གནས་པའི་ཕྱོགས་ལ། མཚོ་སྔོན་པོ་དང་། མཁར་སྔོན་པོ་ཡོད་པའི་གྲོང་ལ། མཁར་སྔོན་པོ་ཞེས་སོགས་ལྟ་བུ་མང་བས་རིགས་འགྲེ་སྦྱར་ཤེས་པར་བྱའོ།།
          ༥.རྣམ་དབྱེ་གཅིག་ཏུ་རྣམ་དབྱེ་སྔ་མ་རྣམས་བསྡུས་པའི་བསྡུ་བ།  ཚིག་སྦྱོར་གང་ཞིག་མིང་གཉིས་སམ་མང་པོ་ཡང་རུང་དེ་དག་བར་གྱི་རྣམ་དབྱེ་དང་ཚིག་ཕྲད་རྣམས་བསྡུས་ནས་ཐམས་ཅད་ཀྱི་ཐ་མར་རྣམ་དབྱེ་དང་ཚིག་ཕྲད་སྦྱར་བའི་བསྡུ་བ་ལ་ཟེར།  གོ་སླ་མོ་ཞིག་ཏུ་བཤད་ན། མིང་སིལ་བུ་བ་གཉིས་སམ་མང་པོ་རྣམས་ལ་མིང་རེ་རེ་ལ་རྣམ་དབྱེ་དང་ཚིག་ཕྲད་འདྲ་བ་རེ་རེ་སྦྱིན་དགོས་པ་ལ། དེ་ཐམས་ཅད་ཀྱི་ཐ་མར་རྣམ་དབྱེ་ཚིག་ཕྲད་གཅིག་སྦྱར་བས་གོ་ཆོད་བསྡུས་པ་ནི། ཀུན་སྡུད་པ་ལ་མིང་གཉིས་སམ། མང་པོའི་བསྡུ་བ་ཟླས་དབྱེའམ། དང་གི་དོན་གྱི་བསྡུ་བའོ།། ཞེས་ཀ་ལཱ་པར་ཟླས་དབྱེའམ། ཙན་དྲ་པར་དང་གི་དོན་གྱི་བསྡུ་བ་ཞེས་གསུངས་ཀྱང་། ཚིག་ཕྲད་དང་སྒྲ་བསྡུ་བའི་ཚིག་སྡུད་ཁོ་ན་ཡིན་པས་མ་ཁྱབ་སྟེ། དཔེར་ན།  གཉིས་པ་ལས་སུ་བྱ་བའི་སྒྲ་བསྡུས་པ་ནི། སངས་རྒྱས་ལ་ཆོས་ལ་དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་པའི་རྣམ་དབྱེ་གཉིས་པའི་སྒྲ་སྔ་མ་གཉིས་བསྡུས་ནས་མཐར་རྣམ་དབྱེ་གཉིས་པའི་སྒྲ་གཅིག་སྦྱར་བ་སྟེ། སངས་རྒྱས་ཆོས་དགེ་འདུན་ལ་ཕྱག་འཚལ་ལོ།། ཞེས་པ་ལྟ་བུ།
          ༦.ཁྱད་པར་ཅན་དང་ཁྱད་པར་གཞི་མཐུན་དུ་བསྡུ་བ། བརྡ་སྤྲོད་པ་སུམ་ཅུ་པ་ལས། གང་གིས་སྒྲ་དབྱངས་གསུང་པ་ཡི།། འཇམ་དཔའི་དབྱངས་ལ་ཕྱག་འཚལ་ལོ།། ཞེས་གསུངས་པའི་འཇམ་པའི་དབྱངས་ཞེས་སྨོས་ཏེ། རྒྱུའི་སྐྱོན་ཆགས་སོགས་བག་ཆགས་དང་བཅས་པ་དང་། ངོ་བོའི་སྐྱོན་སྒྲ་དང་། ཡིག་འབྲུ་དང་། མིང་ཚིག་སོགས་རིམ་པ་བཞིན་དུ་མི་སྙན་པ་དང་། ཉམས་པ་དང་། མ་འབྱོར་བ་དང་། མ་འབྲེལ་བ་སོགས་ཀྱི་རྩུབ་རེག་དང་བྲལ་ན་འཇམ་པའོ།། འཇམ་པ་དེས་ཁྱད་པར་དུ་བྱས་པའི་གསུང་དབྱངས་དང་ལྡན་པས་ན་འཇམ་པའི་དབྱངས་ཏེ། འཇམ་པའི་མིང་མཐའ་པ་དང་འབྲེལ་སྒྲའི་བསྡུས་པས་འཇམ་དབྱངས་ཞེས་ཁྱད་པར་ཅན་དང་ཁྱད་པར་གཞི་མཐུན་དུ་བསྡུས་པའི་བསྡུ་བ་རེད། ཡང་དཔེར་ན། དམ་པའི་ཆོས་ཟེར་བ་ལ་དམ་ཆོས་ཞེས་སུ་བསྡུ་ཆོག་སྟེ། དམ་ཆོས་འཚོལ་བའི་ངལ་བ་བསྟན་པ་འདི་ཞེས་གསུངས་པའི་དམ་པའི་ཆོས་ནི་《མདོ》ལས། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཞེས་གསུངས་པ་དང་། རྗེ་བཙུན་བྱམས་མགོན་གྱིས། སྡུག་བསྔལ་དག་ནི་ཐམས་ཅད་དང་།། སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས།། ཞེས་གསུངས་པ་ལྟར་གང་དེ་ལ་ཚུལ་བཞིན་དུ་ཞུགས་པའི་ལུས་ཅན་རྣམས་ཀྱིས་སྡུག་བསྔལ་དང་སྒྲིབ་པ་ཐམས་ཅད་ཟད་པར་བྱ་བའི་ཐབས་སུ་གྱུར་པས་དམ་པའི་ཆོས་ཞེས་བྱའོ།། དེའང་གོང་བཞིན་དམ་པ་དེས་ཁྱད་པར་བྱས་པའི་ཆོས་ཡིན་པས་ན་དམ་ཆོས་ཞེས་ཁྱད་པར་ཅན་དང་ཁྱད་པར་གྱི་བསྡུ་བའོ།། སྤྱིར་བཏང་གི་དམ་པའི་ཆོས་སམ་དམ་ཆོས་ཞེས་པའི་གོ་དོན་དེ་ལྟར་བཤད་ན་འགྲིག་མོད། འོན་ཀྱང་གང་ཟག་རང་རང་སོ་སོའི་རིག་པའི་གནས་ལ་འཇུག་སྟོབས་ཆེ་ཆུང་དང་འདང་རྒྱག་ཕྱོགས་ཀྱི་དབང་གིས་གོ་བ་འདྲ་མིན་ལེན་མཁན་ཡང་ཡོད་དེ། དཔེར་ན་དམ་ཆོས་ཞེས་ཚིག་དོན་འདི་ལ་མཚོན་ནས་བཤད་ན་གོ་བ་ལེན་ཚུལ་མང་པོ་ཡོད་དེ། དམ་པ་སངས་རྒྱས་ཀྱིས་བསྟན་པའི་ཆོས་ཡིན་པས་ན་དམ་པའི་ཆོས་དང་། ཡང་ན་སྐྱེས་བུ་དམ་པས་སྤྱད་བྱའི་ཆོས་ཡིན་པས་དམ་པའི་ཆོས་དང་། ཡང་ན་དམ་པ་མཆོག་དང་ཆོས་གཉིས་ཀའི་གཞི་མཐུན་ཡིན་པས་དམ་པའི་ཆོས་ཞེས་པ་དམ་ཆོས་སུ་བསྡུས་པ་སོགས་གོ་བ་ལེན་སྟངས་མང་ཡང་། ཚིག་སྡུད་ཀྱི་སྐབས་འདིར་རྗོད་བྱེད་ཚིག་སྦྱོར་གོང་འོག་གི་རྣམ་གཞག་གི་ཆ་ལ་བལྟས་ནས་སྐབས་དོན་གྱི་བརྗོད་བྱའི་གོ་བ་ཡང་དག་པར་ལེན་པ་དང་། དེའི་དོན་གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་པར་བྱའོ།།
          ༧.མི་ཟད་པའི་བསྡུ་བ། ཚིག་སྔ་མར་མི་ཟད་པའི་སྡེ་ཚན་དུ་བཞག་པ་གང་རུང་ཡོད་པ་ཅན་གྱི་བསྡུ་བ་ལ་《ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱནདུ་》གང་གི་སྔ་མར་བརྗོད་བྱར་འགྱུར།། གྲངས་མེད་པའམ་མི་ཟད་པའོ།། ཞེས་གསུངས་ཏེ། ཚིག་སྦྱོར་རྒྱས་པ་ལ་མི་ཟད་པའི་རྟགས་ཡོད་པ་དེ་ཚིག་སྦྱོར་བསྡུས་ནས་ཉུང་ངུར་བྱས་ཏེ་མི་ཟད་པའི་རྟགས་དེ་ཐོག་མར་བཞག་པས་དེའི་ནུས་བ་དོན་གོང་འོག་ཐམས་ཅད་ལ་འཇུག་པའི་དོན་ཤིན་ཏུ་རྒྱ་ཆེ་བ་ཡིན་ཏེ།  ཙན་དྲ་པའི་ལུགས་ལ་གྲངས་མེད་པའི་བསྡུ་བ་ཞེས་ཀྱང་བྱ། ལེགས་སྦྱར་གྱི་སྐད་ལ་དཔེ་མཚོན་ནས་བཤད་ན། ཚིག་སྡུད་གང་གི་སྔ་མར། གྲངས་མེད་པའམ་མི་ཟད་པའི་ཚིག་གིས་བརྗོད་བྱའི་གཙོ་བོ་དོན་སྟོན་པར་འགྱུར་བ། ཨུ་པ་ཀུམྦྷ་ཞེས་པའི་ཨུ་པ། ཉེ་བ་ཞེས་པ་མི་ཟད་པ་སྔ་མར་གཙོ་བོར་བརྗོད་ཅིང་ཀུམྦྷ་བུམ་པ་ཞེས་བརྗོད་པའི་བར་ནས་རྣམ་དབྱེ་དང་པོ་ཕྱིས་པ་རེད། འདིའི་ཐད་དུ་《གསེར་ཏོག་སུམ་རྟགས》ལས། བོད་བྱིངས་འདིར་རྣམ་དབྱེ་དང་པོ་འདི་ཞེས་ཟུར་དུ་སྟེར་རྒྱུ་མེད་པས། ཉེ་བའི་བུམ་པ་ཞེས་བརྗོད་པ་ལས་གཞན་མི་ཟད་པའི་རྟགས་ཀྱིས་བརྗོད་བྱ་སྟོན་པ་མེད་དོ།། ཞེས་གསུངས་ཀྱང་བོད་སྐད་བྱིངས་ལ་གཏམ་དེ་འབྱོར་མིན་དཔྱོད། མཁས་པ་ལས། པྲ་ཏི་སོགས་ཉེ་བསྒྱུར་རྣམས་དང་། སརྦ་སོགས་ཀྱི་ཚིག་གྲོགས་ཡོད་པ་དཔེར་ན། སོ་སོར་རྟོགས་པ་ལ་སོར་རྟོགས། ཀུན་ལ་ཕན་པ་ལ་ཀུན་ཕན་སོགས་སུ་བརྗོད་པ་ལྟ་བུའོ།། ཞེས་བརྗོད་པ་ལྟ་བུ་དང་། 《བོད་རྒྱ་ཚིག་མཛོད་ཆེན་པོ》ན། ཤེས་རིག་གི་ཡོན་ཏན་ལ་ཤེས་ཡོན་ཟེར་བ་དང་། བསམ་བློའི་འཆར་སྒོ་ལ་བསམ་འཆར་ཟེར་བ་ལྟ་བུ་མིང་བར་གྱི་རྣམ་དབྱེ་ཚིག་ཕྲད་སོགས་ཡིག་འབྲུ་ཉུང་ངུར་བསྡུས་ནས་བརྗོད་པ་ལྟ་བུའོ།། ཞེས་འཁོད། གང་ལྟར་མི་ཟད་པའམ་གྲངས་མེད་པའི་ཚིག་སྡུད་འདི་ལ་སྔ་རབས་མཁས་པ་རྣམས་ཀྱིས་བོད་སྐད་དང་འཚམ་པའི་གོ་དོན་གསལ་བཤད་དང་དཔེར་བརྗོད་ཚད་ལྡན་ཞིག་བཞག་པ་དཀོན་པས་དེང་སང་དཔྱད་དཀའ། དེ་ལྟར་ཡིན་ནའང་། གསུང་རབ་རྣམས་ལ་བལྟས་ན་དཔྱད་གཞི་རེ་ཡོད་དེ།འཇུ་མི་ཕམ་པས། གངས་ཅན་གྱི་དབང་དུ་བྱས་པའི་དཔེ་བརྗོད་སྔ་མ་དག་གིས་བཞག་པ་མ་མཐོང་ཡང་། བོད་དུ་གང་། དང་། ཅི། ཡིན་སོགས་མི་ཟད་པའི་དོད་དུ་ཁས་བླང་ཆོག་སྟེ། དེ་དག་ཚིག་གྲོགས་སོ་སོར་འཕྲད་པ་ལ་བརྟེན་ནས་དོན་སྣ་ཚོགས་སྟོན་བྱེད་དུ་འགྱུར་བའི་ཕྱིར་རོ།། དེས་ན། གང་ལ་བཤད། དེ་དང་ཕྲད། ཅི་ལ་སོང་། སྐྱོན་ཅན་ཡིན། ཞེས་པ་ལྟ་བུ་ལ་བྱས་ཆོག་པ་འདྲའོ། ། ཞེས་གསུངས་པ་ནི་མཁས་པའི་ཐུགས་དཔྱད་བཏང་བའི་གསུང་དུ་སྣང་སྟེ།  ལེགས་སྦྱར་སྐད་དུ་ཉེ་བའི་བུམ་པ་ཞེས་པའི་བར་གྱི་རྣམ་དབྱེ་དང་པོ་ཕྱིས་ཤིང་བོད་འདིར་རྣམ་དབྱེ་དང་པོའི་ཕྲད་ཀྱི་རྣམ་གཞག་ལོགས་སུ་སྟེར་རྒྱུ་མེད་པ་བདེན་མོད། ལེགས་སྦྱར་གྱི་ཉེ་བའི་བུམ་པ་ཞེས་ཚིག་སྦྱོར་དེའི་བསྡུ་ཚུལ་གྱི་དོན་དང་འབྲེལ་བའི་དཔེར་བརྗོད་འཇོག་རྒྱུ་ཡོད་པར་སེམས་ཏེ། དཔེར་ན། གང་བུམ་པ་ཞེས་པའི་ལན་དུ་འདི་བུམ་པ་ཞེས་དང་།  བུམ་པ་གང་ཞེས་པ་ལ་བུམ་པ་འདི། ཞེས་བཞག་ན་འགྲིག་པར་སྣང་ཡང་ཀུན་ཀྱིས་དཔྱོད་ཅིག  བོད་ཀྱི་བརྡ་སྤྲོད་པ་ལས་རྣམ་དབྱེ་དང་པོ་དེ་མིང་ཙམ་སྟོན་པ་ལ་ངོས་བཟུང་ནས་རྣམ་དབྱེའི་ཕྲད་ཟུར་དུ་སྟེར་རྒྱུ་མེད་པ་ད་བར་གྱི་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་གསུངས་མོད། གལ་སྲིད་དེ་ལྟར་རིགས་པས་དེད་ན། དངོས་པོ་ཐམས་ཅད་ཀྱི་མིང་ཙམ་སྟོན་པ་ཐམས་ཅད་རྣམ་དབྱེ་དང་པོར་འགྱུར་བས་རྣམ་དབྱེ་མེད་པའི་མི་རིགས་གཞན་གྱི་བརྡ་སྤྲོད་པ་གཅིག་ཀྱང་མེད་པར་གྲུབ། ང་རང་གི་འདང་རྒྱག་ཕྱོགས་ཤིག་ལ། སྤྱིར་བཏང་གི་མིང་ཙམ་དང་བོད་ཀྱི་བརྡ་སྤྲོད་གཞུང་གི་རྣམ་དབྱེ་དང་པོ་གཉིས་ཀྱི་འབྱེད་མཚམས་འདི་ལྟར་བཞག་ན་ཨེ་འགྲིག་སྙམ་སྟེ། མིང་ཙམ་སྟོན་པ་ནི་སྤྱིར་བཏང་གི་མིང་ཙམ་མམ་དངོས་པོའི་མཚན་མའམ་རྟགས་ཙམ་ཡིན་པས་བརྡ་སྤྲོད་པའི་རྣམ་དབྱེའི་ནང་མི་འཇོག  འོ་ན་བརྡ་སྤྲོད་པའི་རྣམ་དབྱེ་དང་པོ་ཇི་ལྟར་འཇོག་ཟེར་ན། མིང་དེ་ལ་དོན་གྱི་ཁྱད་པར་ཙམ་སྟོན་བྱེད་དུ་སྦྱར་བའི་གཅིག་ཚིག་དང་གཉིས་ཚིག མང་ཚིག་གི་ཕྲད་དག་རྣམས་སོགས་སྦྱར་བས་ད་གཟོད་རྣམ་དབྱེ་དང་པོའི་དཔེར་བརྗོད་དུ་བཞག་ན་ཅུང་འཐད་བདེ་བར་སྣང་། མིན་ན་དོར་ཞི་གདོང་དྲུག་སྙེམས་བློས་ཀྱང་མི་རིགས་གཞན་པའང་རྣམ་དབྱེ་མེད་པའི་བརྡ་སྤྲོད་གཅིག་ཀྱང་མེད་པར་འགྱུར་རོ།། ཞེས་གསུངས། ང་ཚོས་ཕར་བལྟས་ན། རྣམ་དབྱེ་དང་པོ་ནི་མིང་ཙམ་སྟོན་པའི་མིང་ཡིན་པ་ཀུན་གྱིས་རྟོགས་སླ་བར་དགོངས་མོད། ཞིབ་ཏུ་དཔྱད་ན་བརྡ་སྤྲོད་རིག་པའི་རྩ་བར་གྱུར་པ་འདིའི་མཐའ་ཆོད་མེད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད། མི་ཟད་པའི་ཚིག་སྡུད་འདི་ལ་མཚོན་ན། ལེགས་སྦྱར་གྱི་སྐད་དང་བོད་སྐད་གཉིས་བྱིངས་ཐ་དད་པ་ཡིན་སྟབས།  བོད་སྐད་དུ། བྱང་ཆུབ་ཆེན་པོ་དང་།  སངས་རྒྱས་ཐམས་ཅད་ཅེས་པ་དང་། ལེགས་སྦྱར་སྐད་དུ་བརྗོད་ཚེ། མ་ཧཱ་དང་སརྦ་སྔོན་དུ་སྟེར་བར་བལྟས་ན། བོད་སྐད་དང་ལེགས་སྦྱར་སྐད་ཀྱི་གོང་འོག་བསྒྱུར་བ་འདི་རྣམས་སྤྱིར་སྐད་གཤིས་ཙམ་ལས་ཀྱང་ཡིན་མོད་ཀྱི། ལེགས་སྦྱར་ལ་ཁྱད་པར་དུ་ཚིག་སྡུད་ཀྱི་དབང་གིས་གྲངས་སྔ་མ་ཅན་གྱི་བསྡུ་བ་ལ་གཅིག་ལ་སོགས་པའི་གྲངས་དང་མང་བ་དང་ཉུང་བ་བརྗོད་པ་རྣམས་མིང་གི་སྔོན་དུ་འབྱུང་བ་དང་། མི་ཟད་པའི་བསྡུ་བ་ལ་མི་ཟད་པ་སྔོན་དུ་འབྱུང་བ་དང་། ཟླས་དབྱེའི་སྐབས་སུ་དབྱངས་མང་ཉུང་གཉིས་ལས་ཉུང་བ་སྔོན་དུ་བྱེད་པ་དང་། རིང་ཐུང་གཉིས་ལས་ཐུང་ངུ་སྔོན་མ་དང་། ཕལ་པ་དང་མཆོད་འོས་གཉིས་ལས་མཆོད་འོས་སྔོན་དུ་འཇོག་པ་དང་། རྒན་གཞོན་གྱི་རྒན་པ་སྔོན་དུ་བྱེད་པ་སོགས་མཐའ་ཡས་པ་འབྱུང་བ་ཞིབ་མོ་བརྡ་སྤྲོད་པའི་གཞུང་ལུགས་དང་ཚད་ལྡན་གྱི་གསུང་རབ་རྣམས་ལས་ཤེས་པར་གྱིས་ཤིག
          ༨. ཞར་བྱུང་ཚིག་ཕྲད་ཀྱི་བསྡུ་བ་མཚོན་ཙམ་བཤད་པ། (༡)དང་སྒྲ་བསྡུ་བ། ཚིག་སྦྱོར་གང་ཞིག་གི་ནང་དུ་དང་སྒྲ་རིམ་པར་མང་པོ་ཐོབ་པ་ལ། ཚིག་སྦྱོར་དེའི་ནང་གི་བར་གྱི་དང་སྒྲ་རྣམས་བསྡུས་པས་ཚིག་ཟོར་ཡང་ལ་བརྗོད་བདེར་ཕན།  དཔེར་ན། ས་དང་ཆུ་དང་མེ་དང་རླུང་སོགས་འབྱུང་བ་ཆེན་པོ་བཞི་ཟེར་བའི་བར་གྱི་དང་སྒྲ་རྣམས་བསྡུས་ནས། ས་ཆུ་མེ་རླུང་འབྱུང་བ་ཆེན་པོ་བཞི། ཞེས་དང་། དེ་མིན་འདི་དང་གཞན་ཞེས་པའི་དང་སྒྲ་བསྡུས་ན། འདི་གཞན་ཞེས་དོན་གཞན་དུ་འགྱུར་བས་བསྡུ་མི་རུང་། དང་སྒྲའི་བསྡུ་བ་འདིའང་བོད་ཀྱི་སྤྱི་སྐད་ཀྱི་གོམས་གཤིས་གཙོ་བོར་བཟུང་ནས་ཚིག་སྦྱོར་གོང་འོག་གི་ཚིག་དོན་གཉིས་ཀྱི་ཆ་ལ་འབྱོར་བར་བྱ་དགོས་པ་ལས་གང་འདོད་ལྟར་བྱེད་མི་ཉན།  (༢)ནི་སྒྲ་བསྡུ་བ།  དཔེར་ན་ཉི་འོད་ནི་སྣང་བ་ཀུན་ལས་གསལ་ཞེས་པའི་ནི་སྒྲ་བསྡུས་ཚེ། ཉི་འོད་སྣང་བ་ཀུན་ལས་གསལ། ལྟ་བུ་དང་། ཉི་མ་ནི་དྲོ་ཞེས་ནི་སྒྲ་བསྡུས་པ་སོགས་ནི། 《བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགསབསྒྲིགས》ལས། ཚིག་དལ་ཞིང་ལྷོད་ལ་བབས་པའི་ཉམས་འདོན་པའི་ཕྱིར་འཇུག་པར་གསུངས། གཞན་ཡང་། ཁྱོད་སྨྲ་བ་ལ་ནི་མཁས། ཞེས་ཟེར་བ་ལ། ཁྱོད་སྨྲ་བ་ལ་མཁས་ཞེས་ནི་སྒྲ་བསྡུས་ན་དོན་ལ་གནོད་པ་མི་འབྱུང་ཞིང་ཚིག་གི་ཉམས་འདོན་ལུགས་ལ་ཁྱད་པར་ཡོད་པས། ཚིག་སྦྱོར་འདིའི་རིགས་ཀྱི་ནི་སྒྲ་མེད་ཀྱང་དོན་ལ་མི་གནོད་མོད་ཚིག་གི་ལྷོད་ལ་འབབ་པའི་ཉམས་དེ་མི་ཐོན་ནོ།། ཞེས་དོར་ཞི་གདོང་དྲུག་སྙེམས་བློས་གསུངས་པ་ནི་ཕྱི་རབས་ཀྱི་བརྡ་སྤྲོད་སྨྲ་བ་རྣམས་ལ་བསྩལ་བའི་ལེགས་བཤད་དུ་སྣང་ངོ་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1