སྡེ་དགེ་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱིས་ས་གནས་རང་ཉིད་ཀྱི་མི་རིགས་རིག་གནས་སློབ་གྲྭའི་ནང་ཁྱབ་སྤེལ་བྱེད།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-29


སྡེ་དགེ་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱིས་ས་གནས་རང་ཉིད་ཀྱི་མི་རིགས་རིག་གནས་སློབ་གྲྭའི་ནང་ཁྱབ་སྤེལ་བྱེད།

བོད་ཀྱི་མཛེས་རྩལ་རི་མོའི་མོས་པ་སྐྱོང་བའི་སྦྱོང་བརྡར་འཛིན་གྲྭ།

    མིག་སྔར། གཞོན་ནུ་དང་ལོ་ཆུང་རྣམས་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་བྱེད་མོས་གསོ་སྐྱོང་དང་། མི་རིགས་རིག་གནས་ལ་དགའ་ཞེན་ཡོད་མཁན་གྱི་ཕུལ་བྱུང་གི་གཞོན་ནུ་དང་ལོ་ཆུང་འཚོལ་རྙེད་བྱས་ཏེ་མི་རིགས་རང་ཉིད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བྱ་ཆེད། སྡེ་དགེ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྫོང་འབྲིང་རིམ་སློབ་གྲྭ་དང་མཉམ་དུ་རིན་པ་མི་དགོས་པར་མི་རིགས་རིག་གནས་ལ་མོས་པ་སྐྱོང་བའི་སྦྱོང་བརྡར་འཛིན་གྲྭ་འཛུགས་གཉེར་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མི་རིགས་རིག་གནས་ལ་མོས་པ་སྐྱོང་བའི་འཛིན་གྲྭར་རྩོམ་ཡིག་འབྲི་རྒྱུར་མོས་པ་ཡོད་པའི་འཛིན་གྲྭ་གཉིས་དང་དེ་བཞིན་དུ་བོད་ཀྱི་མཛེས་རྩལ་རི་མོར་མོས་པ་ཡོད་པའི་འཛིན་གྲྭ། ངོ་འབག་བཟོས་མོས་ཡོད་པའི་འཛིན་གྲྭ། སྐོར་བྲོ་འཁྲབ་མོས་ཡོད་པའི་འཛིན་གྲྭ་རེ་རེ་འདུས་ཡོད་ཅིང་། དམའ་རིམ་སློབ་འབྲིང་གི་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་ཁྱོན་བསྡོམས་80བསྡུས་ཡོད་པ་རེད།

    རྩོམ་ཡིག་འབྲི་རྒྱུ་དང་བོད་ཀྱི་མཛེས་རྩལ་རི་མོ། ངོ་འབག་བཟོ་མཁན་འཛིན་གྲྭར་གཟའ་འཁོར་རེར་སློབ་ཁྲིད་ཐེངས་གཉིས་བྱེད་པ། གཟའ་འཁོར་རེའི་གཟའ་ལྷག་པ་དང་གཟའ་ཕུར་བུ་ཕྱི་དྲོར་མོས་པ་སྐྱོང་བའི་སློབ་ཁྲིད་བྱ་རྒྱུ་ཡིན་པ་རེད། རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་དགེ་རྒན་ལྔས་ཁག་བགོས་ནས་སློབ་ཁྲིད་བྱེད་པ། སྐོར་བྲོའི་མོས་པ་སྐྱོང་བའི་འཛིན་གྲྭ་ནི་གཟའ་འཁོར་རེར་སློབ་ཁྲིད་ཐེངས་མ་རེ་བྱེད་པ་དེ་གཟའ་ཟླ་བའི་ཕྱི་དྲོར་སློབ་གྲྭ་ཡོངས་ཀྱི་ལས་བྱེད་པ་དང་དགེ་རྒན་ཚོ་ཞུགས་པའི་ཚོགས་ཆེན་འཚོག་པའི་དུས་ཚོད་སྤྱད་དེ་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད། དེ་མིན། སྡེ་དགེ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ད་རུང་མོས་པ་སྐྱོང་བའི་འཛིན་གྲྭ་གཉེར་བའི་གོ་སྐབས་དང་བསྟུན་ནས་སྡེ་དགེ་རྫོང་འབྲིང་རིམ་སློབ་གྲྭར་སྙན་ངག་དང་ལྷུག་རྩོམ་སོགས་ཀྱི་དཔེ་ཆ150ལེགས་སྐྱེས་སུ་འབུལ་ཡོད་པ་རེད།

    མོས་པ་སྐྱོང་བའི་འཛིན་གྲྭ་གཉེར་ནས་ད་ལྟའི་བར་སྡེ་དགེ་རྫོང་སློབ་འབྲིང་གིས་ཁྱོན་བསྡོམས་གེ་སར་སྒྲུང་གླུ་དང་། བོད་ཀྱི་ཡིག་གཟུགས་འདུས་པའི་མོས་པ་སྐྱོང་བའི་སློབ་ཁྲིད་སྣ་ཁ་བདུན་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་དེ་སློབ་གྲྭའི་ལས་སྟེགས་ལ་བརྟེན་ནས་ཡོངས་ཁྱབ་ཏུ་རྒྱུད་སྤེལ་དང་རྒྱུན་འཛིན། འཕེལ་རྒྱས་བཏང་དང་གཏོང་བཞིན་ཡོད་པ་རེད།

སྡེ་དགེ་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱིས་ས་གནས་རང་ཉིད་ཀྱི་མི་རིགས་རིག་གནས་སློབ་གྲྭའི་ནང་ཁྱབ་སྤེལ་བྱེད།

སྡེ་དགེ་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱིས་ས་གནས་རང་ཉིད་ཀྱི་མི་རིགས་རིག་གནས་སློབ་གྲྭའི་ནང་ཁྱབ་སྤེལ་བྱེད།
ངོ་འབག་བཟོས་པའི་མོས་པ་སྐྱོང་བའི་སྦྱོང་བརྡར་འཛིན་གྲྭ།

    སྡེ་དགེ་རྫོང་སློབ་འབྲིང་གི་སློབ་གཙོ་ལོའུ་པིང་གིས་གསར་འགོད་པར་བཤད་དོན། ད་ལྟ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་ཆབས་ཅིག བྱིས་པ་ཚོའི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་ལ་དེ་ཙམ་ཆ་རྒྱུས་མེད་ཅིང་། འབྲེལ་ཡོད་ཤེས་བྱ་ལ་དེ་བས་ཆ་རྒྱུས་མེད་པ་རེད། ང་ཚོས་དུས་ནམ་ཡང་སྲོལ་རྒྱུན་རིག་གནས་སློབ་གྲྭར་ཁྱབ་སྤེལ་གཏང་རྒྱུར་མཐོང་ཆེན་དང་རྒྱབ་སྐྱོང་ཆེན་པོ་བྱས་པ་ཡིན། འདི་འདྲ་བྱས་ན་བྱིས་པ་ཚོའི་སློབ་མཚམས་དུས་ཚོད་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོ་གཏོང་ཐུབ་པས་མ་ཚད། དེ་ཚོའི་ཤེས་རྒྱའི་ཐད་དེ་བས་ཕུན་སུམ་ཚོགས་པའི་ཤེས་བྱ་འདོན་སྤྲོད་བྱས་པར་བརྟེན།། སྡེ་དགེའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་ནུས་ཤུགས་བཏོན་ཐུབ་ངེས་རེད།

    སྡེ་དགེ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བློ་གྲོས་རྣམ་རྒྱལ་གྱིས་འཛིན་གྲྭ་བཙུགས་པའི་མཛད་སྒོའི་ཐོག་སློབ་མ་ཚོར་སྡེ་དགེ་ནི་ཁམས་པའི་རིག་གནས་ཀྱི་ཆོལ་ཁ་ཡིན་པ་དང་ས་གནས་དེ་ག་ནས་སྒྱུ་རྩལ་པ་མང་པོ་བྱོན་ཡོད་པ་རེད། སྡེ་དགེ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སློབ་གསོར་མཐོང་ཆེན་དང་གསོ་སྐྱོང་བྱ་རྒྱུའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལ་དང་ལེན་བྱས་ཏེ་ས་གནས་དེ་གའི་རིག་གནས་ལ་གཞི་འཛིན་ནས་སློབ་མའི་དུས་སུ་ནས་རྩོམ་རིག་ལ་དགའ་ཞེན་བྱེད་མཁན་སྲུང་སྐྱོང་བྱས་ཡོད། དེ་རིང་སྡེ་དགེ་སློབ་འབྲིང་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ལ་མོས་པ་སྐྱོང་བའི་འཛིན་གྲྭ་བཙུགས་ཡོད་ཅིང་། རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དགེ་རྒན་སྐོང་འཐེན་བྱས་ནས་གསོ་སྐྱོང་དང་ལེན་བྱེད་མཁན་སློབ་མར་རྩོམ་ཡིག་འབྲི་སྟངས་ཟུར་ཁྲིད་བྱ་རྒྱུ་དང་སློབ་མ་ཚོའི་རྩོམ་ཡིག་དག་བཅོས་བྱས་པའི་དུས་མཚུངས་སུ། དུས་བཀག་ནང་སློབ་མ་རྣམས་དང་སློབ་སྦྱོང་གི་ཉམས་མྱོང་སྤེལ་རེས་བྱ་རྒྱུ་ཡིན་པ་རེད། སློབ་མ་ཚོར་རྩོམ་ཡིག་དང་ཉིན་ཐོ་འབྲི་བ་སོགས་རྨང་གཞིའི་རྩོམ་ཡིག་འབྲི་སྟངས་སློབ་ཁྲིད་བྱས་ཏེ་སློབ་མ་ཚོའི་རྩོམ་ཡིག་འབྲི་རྒྱུའི་མོས་པ་སྐྱོང་རྒྱུའི་སྐུལ་སློང་བྱས་ཏེ། ས་ཁུལ་གྱི་སློབ་གསོ་བྱ་གཞག་འཕེལ་རྒྱས་གཏོང་བར་རང་ནུས་ཅི་ལྕོགས་ཀྱི་ནུས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1