ཁྲེང་ཏུའུ་རུ་སྨན་ཁང་དང་སློབ་གྲྭ་མཉམ་ལས་བྱས་ནས་བོད་རིགས་ས་ཁུལ་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-29



     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་གསར་འགྱུར་དྲ་བ་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས་ཁྲེང་ཏུའུ་གསོ་རིག་སློབ་གླིང་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་གིས་ཐུན་མོང་ཐོག་མཉམ་ལས་ཀྱི་གྲོས་མཐུན་ཁག་3ལ་མིང་རྟགས་བཀོད་ཅིང་། གྲོས་མཐུན་ལྟར། ཕྱོགས་གཉིས་པོས་ཐུན་མོང་ཐོག་ཁྲེང་ཏུའུ་གསོ་རིག་སློབ་གླིང་གི་ཐད་སྐྱོང་མིན་པའི་ཞོར་གཏོགས་སྨན་ཁང་སྟེ། “ཁྲེང་ཏུའུ་གསོ་རིག་སློབ་གླིང་གི་ཞོར་གཏོགས་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང”འཛུགས་རྒྱུ་དང་ཆབས་ཅིག ནད་ཐོག་གསོ་རིག་རབ་འབྱམས་པའི་ཆེད་ལས་སློབ་གནས་དང་གཅིག་མཚུངས་ཀྱི་ཡོན་ཚད་གསོ་སྐྱོང་དང་དེ་བཞིན་ཚན་རིག་ཞིབ་འཇུག་ཐད་མཉམ་ལས་གཏིང་ཟབ་བྱ་རྒྱུ་ཡིན་པ་རེད།
     ཕྱོགས་གཉིས་པོས་ཐུན་མོང་ཐོག་མིང་རྟགས་བཀོད་པའི《ཁྲེང་ཏུའུ་གསོ་རིག་སློབ་གླིང་གི་ཞོར་གཏོགས་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་འཛུགས་རྒྱུའི་སྐོར་གྱི་གྲོས་མཐུན་ཡི་གེ》དང་། 《ཁྲེང་ཏུའུ་གསོ་རིག་སློབ་གླིང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་དུ་ཡོན་ཚད་གཅིག་མཚུངས་ཀྱི་སློབ་ཁྲིད་ས་ཚིགས་འཛུགས་རྒྱུའི་གྲོས་མཐུན་ཡི་གེ》 《ཁྲེང་ཏུའུ་གསོ་རིག་སློབ་གླིང་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་གི་ཚན་རྩལ་མཉམ་ལས་གྲོས་མཐུན》བཅས་གཞིར་བཟུང་། ཁྲེང་ཏུའུ་གསོ་རིག་སློབ་གླིང་དང་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་གིས་ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བཏང་ནས། སློབ་ཁྲིད་དང་། ཚན་ཞིབ། སྨན་བཅོས་བཅས་ཐད་ལ་མཉམ་ལས་རྒྱ་ཆེན་པོ་བྱ་རྒྱུ་ཡིན་པ་དེའི་ནང་། ཐུན་མོང་ཐོག་ཁྲེང་ཏུའུ་གསོ་རིག་སློབ་གླིང་གི་ཐད་སྐྱོང་མིན་པའི་ཞོར་གཏོགས་སྨན་ཁང་འཛུགས་པ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་དུ་རིམ་མཚུངས་ཡོན་ཚད་སློབ་ཁྲིད་ས་ཚིགས་འཛུགས་པ། “ནུབ་རྒྱུད་ས་མཐོའི་ཁོར་ཡུག་གི་གསོ་རིག་ཞིབ་འཇུག་ཁང”མཉམ་སྐྲུན། ཐུན་མོང་ཐོག་ཞིབ་འཇུག་ཁང་གི་སྒྲིག་སྲོལ་སོགས་བཟོ་རྒྱུ་བཅས་ཚུད་ཡོད་པ་རེད།
     ཁྲེང་ཏུའུ་གསོ་རིག་སློབ་གླིང་གི་འགན་འཁུར་བས། ད་ཐེངས་ཀྱི་ཞིབ་ཕྲའི་མཉམ་ལས་ཀྱི་གྲོས་མཐུན་ཁག་གསུམ་ལ་མིང་རྟགས་བཀོད་པ་ནི་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི“སློབ་གསོ་བོད་རིགས་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་དུ་ཕྱོགས་པའི”བླང་བྱ་དངོས་འབྲེལ་ལག་ལེན་བསྟར་བའི་ཞིབ་ཕྲའི་དོན་འཁྱོལ་ཞིག་ཡིན་པས། ཕྱོགས་གཉིས་པོའི་ཐུན་མོང་གི་ཧུར་བརྩོན་དང་སྐུལ་སྤེལ་འོག་འབྲས་བུ་གཡུར་དུ་ཟ་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་དང་། ཁོང་གིས་ཕྱོགས་གཉིས་པོས་ད་ཡོད་ཀྱི་མཉམ་ལས་རྨང་གཞིའི་ཐོག་མཉམ་ལས་ཀྱི་བར་མཐོངས་སྔར་བས་རྒྱ་ཆེ་རུ་བཏང་ནས། རྒན་རྒོན་བདེ་གསོ་དང་རྒན་གསོ་དང་བདེ་ཐང་གི་གྲངས་གཞི་ཆེན་མོ་སོགས་ཁྱབ་ཁོངས་སུ་དོན་ངོ་མའི་མཉམ་ལས་བྱས་ཏེ། ཁུལ་ཁོངས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཐུབ་རེ་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1