ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་བར་ལའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-30


      ཟླ་4ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་10པའི་ཐོག ཤོག་སྦག་གི་སྒྲ་དང་བསྟུན་ནས། རླངས་འཁོར་རིམ་བཞིན་ཕྱོགས་གཉིས་ནས་བོད་ཀྱི་བར་ལའི་ཕུག་ལམ་བརྒྱུད་ནས་འགྲོ་བ་དང་།   ལོ་4རིང་འཛུགས་སྐྲུན་བྱས་པའི་བར་ལའི་ཕུག་ལམ་དངོས་སུ་འཛུགས་སྐྲུན་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་། དེས་ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད་པ་རེད། འཛམ་གླིང་ཐོག་གི་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་ཕུག་ལམ་ཞིག་གི་ངོས་ནས། བར་ལའི་ཕུག་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་ནི།  དེ་སྔའི་ལ་བརྒྱབ་དགོས་པའི་ལམ་ཐག་སྤྱི་ལེ་18ཡོད་པ་དེ་སྤྱི་ལེ་5.7བར་ཐུང་དུ་བཏང་བ་དང་། མགྱོགས་ལ་སྟབས་བདེའི་ནུས་པ་ཆེས་ཆེར་ཕྱིན་ཡོད།
           བར་ལའི་ཕུག་ལམ་ལ་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4750ཡོད་ཅིང་། དེ་ནི་ཁྲོན་བོད་གཞུང་ལམ་(རྒྱལ་ལམ་318)གྱི་ལྷ་ཉིང་དུམ་བུའི་རིམ་མཐོའི་གཞུང་ལམ་གྱི་གལ་ཆེའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ལ། ཕུགས་ལམ་ཕྱོགས་གཉིས་སོ་སོའི་རིང་ཚད་ལ་སྨི་5727དང་སྨི་5720ཡོད། ཕུག་ལམ་འདི་ནི་ལམ་ཐིག་ཕྱོགས་གཉིས་ཁག་དབྱེ་བའི་རྣམ་པའི་ཕུག་ལམ་ཞིག་ཡིན་པ་དང་། ལམ་ཐིག་ཧྲིལ་པོར་རིམ་པ་དང་པོའི་གཞུང་ལམ་གྱི་ཕྱོགས་གཉིས་ལ་རླངས་འཁོར་བཞི་འགྲོ་ཐུབ་པའི་ལག་རྩལ་གྱི་འཛུགས་སྐྲུན་ཚད་གཞི་སྤྱད་ཡོད།  ཀྲུང་གོ་ལྕགས་ལམ་ཅུས་གཉིས་པ་དང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པས་ཐུན་མོང་ཐོག་དེའི་འཛུགས་སྐྲུན་བྱེད་འགན་འཁུར་ཡོད་པ་རེད།

     ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་400ལྷག་ཡོད་ཅིང་། དེར་ཚོད་རྩིས་བྱས་ན་ཁྱོན་མ་འཇོག་སྒོར་དུང་ཕྱུར་380གཏོང་རྒྱུ་ཡིན་ཞིང་།  2013ལོའི་ཟླ་5པར་ལས་འགོ་བརྩམས་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1