གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

དཔལ་ལྷུན་དགྲ་འདུལ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༠༥ཉིན།

༄༅།། 《བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་》ཡི་ལོ་རྒྱུས་དཔྱད་གཞིའི་རིན་ཐང་སྐོར།

དཔལ་ལྷུན་དགྲ་འདུལ།
          དུས་རབས་བརྒྱད་པའི་ནང་པུར་རྒྱལ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཕྱོགས་གཅིག་ནས་བཙན་པོའི་ཆབ་སྲིད་ཀྱི་སྟོབས་ཤུགས་མཐའ་བཞིར་བསྐྱེད་དེ། དྲག་ཤུགས་ཀྱི་ཐོག་ནས་ཕྱི་ཕྱོགས་དང་འབྲེལ་ལམ་འཛུགས་པ་དང་། ཡང་ཕྱོགས་གཞན་ཞིག་ནས་ཕྱི་ཕྱོགས་ཀྱི་ཚན་རྩལ་རིག་གནས་ནང་འདྲེན་བྱས་ཏེ་མདོ་དབུས་ས་མཐོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད། དེའི་སྐབས་རྒྱ་གར་དང་རྒྱ་ནག བྲུ་ཤ། ཨུ་རྒྱན་སོགས་ཀྱི་ཡུལ་གྲུ་ཁག་ནས་པཎྜི་ཏ་དང་རིགས་གཅིག་མཁས་པ་གདན་འདྲེན་ཞུས་ཏེ། ཡུལ་གྲུ་དེ་དག་གི་རིག་གནས་ཆོས་ལུགས་སོགས་ཆབ་འབངས་མི་སེར་གྱི་རིག་གནས་འཚོ་བ་དང་བསམ་པའི་འདུ་ཤེས་ཀྱི་ཁྲོད་དུ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ཡོད། འོན་ཀྱང་ཕྱི་ཕྱོགས་ཀྱི་རིག་གནས་ནང་འདྲེན་དང་བོད་མིའི་འདུ་ཤེས་ཀྱི་ཁྲོད་དུ་རྐང་པ་བཙུགས་པའི་བརྒྱུད་རིམ་ནང་སྔར་གྱི་རིག་གནས་རྙིང་པ་དང་འགལ་བ་ཡོང་རྒྱུ་དང་གཅིག་ལ་གཅིག་འགྲན་ཡོང་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ལ། དེ་ལས་ལྷག་པར་འགལ་བ་དེ་བེད་སྤྱད་ནས་ཆབ་སྲིད་དབང་ཆའི་དགོས་མཁོ་སྐོང་བའི་ཁྱོད་ཤི་ང་གསོན་གྱི་ཛ་དྲག་ཅན་གྱི་འཐབ་རྩོད་དུ་གྱུར་པ་ཡང་ཡོང་ངེས་པས་ཕྱི་ཕྱོགས་ཀྱི་རིག་གནས་ལ་མཆོག་ཏུ་གྱུར་པའི་བོད་མི་རང་ཉིད་ཀྱི་མཁས་པ་གསོ་སྐྱོང་བྱེད་རྒྱུ་ནི་ཐབས་ལམ་ལེགས་ཤོས་ཤིག་ཡིན་པ་དང་། རིག་གནས་དེ་རྣམས་བོད་རང་གི་སྐད་དུ་ཕབ་སྒྱུར་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཡིན། དེས་ན་བཙན་པོ་གང་དེས་ལོ་ཙཱ་སློབ་སྦྱོང་བྱེད་པའི་བོད་ཕྲུག་དུ་མ་གསོ་སྐྱོང་གནང་ཡོད། དེ་དག་གི་ནང་དུ་བཻ་རོ་ཙ་ན་ནི་མཆོག་ཏུ་གྱུར་པ་ཞིག་ཡིན་པ་སྔ་ཕྱིའི་མཁས་དབང་དུ་མས་མགྲིན་དབྱངས་གཅིག་གྱུར་གྱིས་གདེང་འཇོག་མཛད་ཡོད། ཁོང་གི་ཆེ་བ་བརྗོད་པའི་རྣམ་ཐར་ཡང་རིགས་མི་འདྲ་བ་མང་ཙམ་ཡོད་དེ། ཁོང་གི་ཐུགས་སྲས་གཡུ་སྒྲ་སྙིང་པོས་བརྩམས་པར་གྲགས་པའི་《བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་》 (ལྕགས་པར་)དང་། མཁའ་འགྲོ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་ནས་གཏེར་དུ་སྦས་པར་གྲགས་པའི་《སྤྲུལ་པའི་ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚལ་》དང་། གཡུང་དྲུང་བོན་གྱི་བཀའ་རྟེན་ཁྲོད་དུ་བཞུགས་པའི་《གུ་རུའི་རྣམ་ཐར་བསྟན་འབྱུང་ཡིད་བཞིན་རིན་པོ་ཆེ་ཀུན་སྣང་གསལ་བའི་སྒྲོན་མེ་》ཞེས་པ་སོགས་ལས། བེེ་རོ་རྒྱ་གར་ནས་ཕྱིར་ཕེབས་ཚུལ་དང་། དབུ་ཡོག་བྱུང་སྟེ་རྒྱལ་རོང་ཁུལ་དུ་སྤྱུགས་ཚུལ། རྒྱལ་མོ་རོང་དུ་འགྲོ་དོན་རྒྱ་ཆེར་སྤེལ་བ་དང་། ཕྱིས་སུ་སླར་ཡང་བོད་ཡུལ་དབུས་སུ་ཕེབས་ཏེ་མཛད་འཕྲིན་ཆེན་པོ་བསྐྱངས་པ་སོགས་རྒྱས་པར་འཁོད་ཡོད། དེ་བཞིན་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་མང་དག་ཅིག་ནང་བེེ་རོ་ཙ་ནའི་མཛད་རྣམ་སྐོར་རྒྱས་བསྡུས་གང་ཡང་བཀོད་ཡོད་པ་རེད། འདིར་སྐབས་བབས་ཀྱི་བརྗོད་བྱ་གཙོ་བོ་ནི་《བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་》འདི་ཉིད་ཡང་སྙིང་དུས་རབས་གང་དུ་མཁས་དབང་སུ་ཞིག་གིས་བརྩམས་པ་ཡིན་མིན་དང་། བརྩམས་པའི་དགོས་པ་གང་ཡིན། དེ་ལ་ལོ་རྒྱུས་ཀྱི་དཔྱད་གཞིའི་རིན་ཐང་ཇི་ཙམ་ཡོད་མེད་ལ་དཔྱད་གླེང་ཕྲན་ཙམ་ཞུ་རྒྱུ་སྟེ།
          དང་པོ། 《བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་》 ཡང་སྙིང་གཡུ་སྒྲ་སྙིང་པོས་བརྩམས་པ་ཡིན་མིན་སྐོར།
          དེ་ཡང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༥ལོར་དཔར་དུ་བསྐྲུན་པའི་《བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་》སྟེ་མཚན་ཆ་ཚང་ལ་《རྗེ་བཙུན་ཐམས་ཅད་མཁྱེན་པ་བེེ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་པོ་བཞུགས་》 (གཤམ་ནས་《འདྲ་འབག་》ཅེས་བརྗོད་རྒྱུ་)ཞེས་པ་དེ་ཉིད་ཀྱི་བོད་ཡིག་མཚན་བྱང་གི་གཤམ་དུ་གཡུ་སྒྲ་སྙིང་པོ་སོགས་ཀྱིས་བསྒྲིགས་ཞེས་འཁོད་ཡོད་ཀྱང་དེང་དུས་ཀྱི་ཞིབ་འཇུག་པ་འགའ་རེས་གཡུ་སྒྲ་སྙིང་པོས་བརྩམས་པར་ངོས་འཛིན་གནང་གི་ཡོད། མ་གཞི་གཡུ་སྒྲ་སྙིང་པོས་བརྩམས་པའི་《འདྲ་འབག་》འཁྲུལ་མེད་ཅིག་ཡོད་སྲིད་ཀྱང་། དཔར་སྐྲུན་ཟིན་པའི་《འདྲ་འབག་》འདིའི་མ་ཕྱི་བྲིས་མ་དེའི་ཡི་གེའི་བྲིས་རྒྱུན་དང་སྐད་ཀྱི་འགྲོས་པ། ཚིག་གི་ཟོར་ཡང་ལྷོད་སོགས་ཅི་འདྲ་ནས་ཀྱང་བཙན་པོའི་དུས་རབས་ཀྱི་མ་ཡིན་ལ་གཡུ་སྒྲ་སྙིང་པོས་བརྩམས་པ་དེ་བས་ཀྱང་མིན་པ་ནི་གསལ་པོར་མངོན་ཐུབ་པ་ཡིན་ལ། ལྷག་པར་དུ་ད་ལྟའི་《འདྲ་འབག་》(ལྕགས་པར་) འདི་ཉིད་ལ་གཏེར་མ་ལས་བྱུང་བར་གྲགས་པའི་《པདྨ་བཀའ་ ཐང་》ནང་གི་ཚིག་མང་པོ་བེད་སྤྱད་ཡོད་ལ། དེ་ལ་《པདྨ་ བཀའ་ཐང་》གི་བག་ཆགས་བྱུང་བའང་ཤིན་ཏུ་ཁ་གསལ་བར་སེམས་ཏེ། དཔེར་ན་《འདྲ་འབག་》ནང་དུ་འདི་ལྟར་ཡོད་པ་“དེ་ནས་གན་ཇག་ཐང་རྟ་བསམ་ཡས་ཁྲིད། ། མཁན་སློབ་གཉིས་ཀྱི་དྲུང་དུ་བཞུགས་སུ་བཅུག ། ལོ་བདུན་བར་དུ་དཀར་གསུམ་དམར་གསུམ་བྱིན། ། ཤེས་རབ་བསྐྱེད་ཐབས་བློ་འཕེལ་གཟུངས་བསྒྲུབ་ཀྱིས། ། ལོ་གསུམ་བར་དུ་སྒྲ་རྣམས་མཁས་པར་བསླབས་” ①ཞེས་དང་《པདྨ་བཀའ་ཐང་》(ཤ་ 410)ནང་དུ་“དེ་ནས་གན་ཇག་ཐང་ཏ་བསམ་ཡས་ཁྲིད་ ༔ མཁན་སློབ་གཉིས་ཀྱི་དྲུང་དུ་བཞུགས་སུ་བཅུག་༔ ལོ་བདུན་བར་དུ་དཀར་གསུམ་མར་གསུམ་བྱིན་༔ ཤེས་རབ་བསྐྱེད་ཐབས་བློ་འཕེལ་གཟུངས་བསྒྲུབ་བཅུག་༔ དེ་ནས་ལོ་ཙཱ་སྒྲ་རྣམས་མཁས་པར་བསླབ་༔”ཞེས་ཧ་ལམ་ཆ་མཚུངས་པར་དྲངས་ཡོད་པ་དང་། ཡང་བེེ་རོ་ཙ་ན་ཆོས་རྫོགས་པར་གསན་ནས་རྒྱ་གར་ནས་ཕྱིར་ལོག་ཕེབས་སྐབས་རྒྱལ་པོ་རཱ་ཧུ་ལ་བྷི་བྷིའི་དྲེགས་པའི་རྒྱུད་འདུལ་བའི་སྐབས་སུ་བེེ་རོ་ཙ་ནས་གསུངས་པ་ལ་《འདྲ་འབག་》(ཤ་141) ནང་དུ་འདི་ལྟར་བཀོད་ཡོད་དེ་“བདག་ནི་རྣམ་པར་སྣང་མཛད་དེ། ། འགྲོ་བ་རྣམ་པ་སྣ་ཚོགས་ལ། ། སྣང་ཁྱབ་ཉི་མ་བྱ་དགོངས་ནས། ། དཀའ་བ་བཅུ་དྲུག་དཀའ་སླ་བགྱིས། ། སྒྱུ་མའི་གཟུགས་ཕུང་ལུས་རྒས་ཏེ། ། སྟོན་པའི་ཐུགས་རྗེས་བདག་ལ་ཤར། ། ཀུན་ལ་སྣང་བར་མཛད་པས་ན། ། མིང་ཡང་རྣམ་པར་སྣང་མཛད་ཡིན། ། མིང་དང་དོན་དུ་བདག་མཐུན་ཏེ། ། ཆོས་ཉིད་མཁའ་ལྟར་དག་པའི་གཏིང་རྟོགས་ནས། ། སངས་རྒྱས་ངོ་བོར་མ་གྱུར་གཅིག་ཀྱང་མེད། སྟོན་པའི་ཞལ་སྐྱིན་བདག་གིས་བཤད་པར་བགྱིས། ། རྒྱལ་པོ་གོ་བར་བགྱིས་ཤིག་བག་ཙམ་སྟོད། ། (སྡོད་)”ཅེས་དང་། ཡང་《པདྨ་བཀའ་ཐང་》 (ལྕགས་པར་ཤ་427)ནང་དུ་“བདག་ནི་རྣམ་པར་སྣང་མཛད་དེ་༔ འགྲོ་བ་རྣམ་པ་སྣ་ཚོགས་ལ་༔ གསལ་བྱའི་ཉི་མ་བྱ་དགོངས་ནས་༔ དཀའ་བ་བཅུ་དྲུག་དཀའ་ལས་བགྱིས་ ༔ སྒྱུ་མའི་ཕུང་པོ་ལུས་བཤིག་ནས་༔ སྟོན་པའི་ཐུགས་རྗེ་བདག་ལ་ཤར་༔ ཀུན་ལ་སྣང་བར་མཛད་པས་ན་༔ མིང་ཡང་རྣམ་པར་སྣང་མཛད་ཡིན་༔ མིང་དང་དོན་དུ་བདག་མཐུན་ཏེ་༔ ཆོས་དབྱིངས་མཁའ་ལྟར་དག་པའི་གཏིང་རྫོགས་པས་ ༔ སངས་རྒྱས་ངོ་བོར་མ་གྱུར་གཅིག་ཀྱང་མེད་༔ སྟོན་པའི་ཞལ་སྐྱིན་བདག་གིས་བཤད་པ་འདི་རྒྱལ་པོའི་ཐུགས་ལ་དགོངས་ལ་བག་ཙམ་ཉོན་༔ ”ཞེས་པ་ལྟ་བུ་ཚིག་རེ་གཉིས་ཀྱི་ཁྱད་པར་ཕུད་སྤྱིར་བཏང་ཆ་མཚུངས་སུ་སྣང་། འོ་ན། ཚིག་ཙམ་འདྲ་བས་《འདྲ་འབག་》ལ་《པདྨ་བཀའ་ཐང་》གི་བག་ཆགས་ཞུགས་པ་གསལ་བཤད་མི་ཐུབ་ཅེ་ན་《ཆོས་འབྱུང་མཁས་པའི་དགའ་སྟོན་》(ལྕགས་པར་སྟོད་ཆ་ཤ་594)ལས་ “པདྨ་བཀའ་ཐང་དང་སྲེ་བསླད་མི་འདྲ་བ་མང་དུ་སྣང་”ཞེས་གསུངས་ཡོད། 《འདྲ་འབག་》འདི་ཉིད་ཇི་ལྟར་བྱས་ཏེ་བྱུང་བའི་སྐོར་ལ། 《འདྲ་འབག་》གི་མཇུག་བསྡུའི་སྐབས་སུ་“དེར་སྔར་གྱི་སྤམ་(སྤམ་སངས་མགོན་པོ་)ལ་སོགས་པ་དང་། གཡུ་སྒྲ་དང་། གཉའ་(ཛྙཱ་)ན་ལ་སོགས་པ་རྣམས་ཀྱིས་རྗེ་བེེ་རོས་གསུངས་པ་དང་། སྔར་གྱི་དཀར་ཆག་དྲིལ་ནས་ཡི་གེ་བྲིས་སུ་བཏབ་པའོ་”ཞེས་དང་ཡང་“རྒྱལ་བ་རྣམས་དང་རིག་འཛིན་རྣམས་ཀྱི་དགོངས་པའི་བཅུད་ཕྱུང་བ། དགོངས་པའི་མཛོད་ཆེན་མོ་ཐུགས་ཀྱི་ཉིང་ཁུ་ཞེས་ཀྱང་བྱ། བསྟན་པ་ཇི་ལྟར་བྱུང་ཚུལ་མཚོན་པས་ལོ་རྒྱུས་དོན་གྱི་བཤད་ཐབས་ཞེས་ཀྱང་བྱ། རྒྱལ་བ་རིག་འཛིན་དང་བེེ་རོ་དང་དངོས་སུ་མཇལ་བ་འདྲ་བས་འདྲ་འབག་ཆེན་མོ་ཞེས་ཀྱང་བྱ། བསྟན་པ་ཇི་ལྟར་དར་ཚུལ་རྒྱས་པར་སྟོན་པས་བསྟན་པའི་དཀར་ཆགས་ཞེས་ཀྱང་བྱའོ།”ཞེས་པ་ལས། རྣམ་ཐར་འདི་ཉིད་ཐོག་མར་ཡི་གེར་འདེབས་མཁན་སུ་ཡིན་པ་དང་མིང་གི་རྣམ་གྲངས་ཇི་འདྲ་ཡོད་མིན་གསལ་པོར་བསྟན་ཡོད། ཡང་དེའི་མཇུག་ཙམ་དུ་འདི་ལྟར་བཀོད་ཡོད་དེ། “རྗེ་ཉིད་དང་གཡུ་སྒྲ་ལ་སོགས་པ་བུ་སློབ་བདུན་གྱིས་དཀར་ཆགས་སུ་བཏབ་པ་རྫོགས་སོ།” ②ཞེས་པ་ནི་གོང་སྨོས་དེ་རྣམས་དང་འགལ་བ་མེད་ཀྱང་ཕྱིས་སུ་རྣམ་ཐར་འདི་ཉིད་བསྐྱར་དུ་གསར་བསྒྲིགས་གནང་མཁན་དྷརྨ་སེང་གེའི་གསུངས་ཡིན་ཏེ། ཁོ་བོའི་མིག་ལམ་དུ་གྱུར་པའི་《འདྲ་འབག་》བྲིས་མ་མི་འདྲ་བ་ཁག་གསུམ་གྱི་ནང་དུ། གོང་གསལ་དེ་དང་དེ་ལ་སོགས་པའི་ཚིག་རྣམས་བཀོད་མི་འདུག་ལ། 《འདྲ་འབག་》དེ་ཉིད་མཐའ་མར་གཏན་ལ་འབེབས་མཁན་ནི་དྷརྨ་སེངྒེ་ཡིན་ལ་དྷརྨ་སེངྒེའི་གོང་རོལ་དུ་འདྲ་འབག་དཔར་མ་མི་འདྲ་བ་འགའ་ཤས་ཡོད་པ་ནི། དེ་ལས་“སློབ་དཔོན་ཆེན་པོ་བེེ་རོ་ཙ་ནའི་རྣམ་པར་ཐར་པ་ཞང་གནས་གསར་བས་གཏེར་དུ་སྦས་ནས་ཇོ་སྨན་གྱི་ གདན་དྲངས་ཟེར་བ་དང་། ཡང་འབྲོམ་བན་བཀྲ་ཤིས་འབྱུང་གནས་ལ་བཀའ་བབས་ཏེ། ཟབ་དང་ལེགས་རྣམས་གཅིག་ཏུ་དྲིས་ནས་གསེར་ཕྲེང་དགོན་པར་བསྒྲིགས་ཟེར་བ་སོགས་འདུག་ནའང་། དོན་དུ་བཀའ་ཐང་ཤེལ་བྲག་མ་ལས་ཁ་བཀང་བ་ཁོ་ན་འདུག་ཅིང་མ་ཟད་ལོ་རྒྱུས་གཅིག་ལ་བཀའ་གཏེར་གཉིས་ཀ་ནས་ཚིག་ལན་གཉིས་རེར་བཞག་པའི་གོང་འོག་མཚམས་སྦྱོར་མ་འགྲིགས་པ་སོགས་ཀྱི་སྐྱོན་མང་དུ་མངོན་ཞིང་། གཏེར་མ་དངོས་རྐྱང་ཉིད་ནི་ཤིན་ཏུ་ཡིད་ཆེས་པའི་གནས་སུ་འདུག་ཅིང་། ཁྱད་པར་བོད་གངས་ཅན་པ་རྣམས་ལ་ཞལ་གདམས་ཟབ་པ་མང་དུ་འདུག་ཀྱང་ཕལ་གྱི་རྣ་བར་མི་ཤོང་བས། བཀའ་མ་འདི་ཉིད་གསར་བསྐུར་དུ་བྱས། གཞན་ཡང་རྒྱ་འབག བོད་འབག་ཅེས་པ་བོད་ཀྱི་ལོ་རྒྱུས་མན་ཆད་དང་། ཚ་འབག་ཞེས་སོགས་མིང་གི་རྣམ་གྲངས་དུ་མ་འདུག་ཀྱང་། པོད་གཅིག་ཆ་གསུམ་དུ་བྱས་པ་མ་གཏོགས། དོན་ལ་རྣམ་ཐར་གཅིག་ཏུ་མཛད་པ་མ་ཚང་བར་མི་འདུག་ཅིང་། འདྲ་འབག་པོད་དྲུག་ཙམ་བསྡུར་བས་ཐམས་ཅད་ཆ་མཚུངས་ཙམ་འདུག་ལ། མ་དཔེ་པར་མ་ཉིད་ལས་བྱས་རུང་བྲིས་ངན་རྒྱུན་འབྱམས་སོང་བའི་གཅིག་གཉིས་ཙམ་ཆད་ཅིང་མ་ཚད། ཡིག་སྐྱོན་ཤིན་ཏུ་མང་བ་དཔེ་དུ་མར་བལྟས་ཏེ་ཁུངས་བཙུན་པའི་ཁུལ་དུ་བགྱིས།” ③ཞེས་དང་།《ཆོས་འབྱུང་མཁས་པའི་དགའ་སྟོན་》(ལྕགས་པར་སྟོད་ཆ་ ཤ་594)ལས་“སྤྱིར་ཡི་གེ་སྔ་ཞིང་བར་དུ་ཡིག་མཁན་གྱི་སྐྱོན་བརྒྱུད་པ་དུ་མ་དང་། པདྨ་བཀའ་ཐང་དང་སྲེ་བསླད་མི་འདྲ་བ་མང་དུ་སྣང་བས་འདྲ་འབག་ལྷད་གཏན་མེད་དེང་སང་མི་རྙེད་པར་སྣང་”ཞེས་གསུངས་ཡོད་པ་ལས་《འདྲ་འབག་》ལ་ དམངས་ཁྲོད་དུ་དཔར་མ་མང་ཙམ་ཡོད་པ་དཔར་མ་མི་འདྲ་བར་སྲེ་བསླད་མི་འདྲ་བ་བྱུང་བ་ནི་ཡིག་མཁན་མང་པོ་ཞིག་གི་ཕྱག་སོར་བརྒྱུད་ནས་འཕྲི་བསྣོན་བྱུང་བ་གསལ་བར་བསྟན་ལ། ཉེ་བའི་ཆར་ཁོ་བོར་ཡང་《འདྲ་འབག་》 (བྲིས་མ་)མི་འདྲ་བ་ཁག་གསུམ་ཙམ་བལྟ་བའི་གོ་སྐབས་བྱུང་ཞིང་། དེ་དག་ཀྱང་བེེ་རོ་ཙ་ནའི་མཛད་པའི་ཆ་ནས་ཧ་ལམ་མི་འདྲ་བ་མི་འདུག་ཀྱང་། ནང་དོན་རྒྱས་བཤད་ བྱེད་པའི་བརྒྱུད་རིམ་ནང་། ཚིག་གི་བརྗོད་པ་མི་འདྲ་བ་དང་ནང་དོན་འགའ་རེ་《འདྲ་ འབག་》(ལྕགས་པར་)དུ་ཡོད་ཀྱང་གཞན་རྣམས་སུ་མེད་པ། དཔེར་ན། 《འདྲ་འབག་》(ལྕགས་པར་) ལེའུ་བཅུ་གསུམ་པ། བོད་ཀྱི་གུས་ཞིང་རྫོགས་ནས་ཞིང་ཁམས་ལ་བྱོན་པའི་སྐབས། བེེ་རོ་རྒྱ་ནག་ཏུ་བྱོན་ནས་རྒྱ་ནག་གི་མཁས་པ་རྣམས་ལས་གདམས་པ་ཞུས་པ། ཞེས་པ་དེ་ཉིད་《འདྲ་འབག་》བྲིས་མ་གཞན་རྣམས་སུ་མི་གསལ། ཡང་འགའ་རེ་《འདྲ་འབག་》 (བྲིས་མ་)རྣམས་སུ་ཡོད་ཀྱང་《འདྲ་འབག་》(ལྕགས་པར་) ནང་མི་གསལ་བ་སྟེ། དཔེར་ན་《འདྲ་འབག་》(དབུ་མེད་ བྲིས་མ་)ནང་དུ་བེེ་རོ་ཚ་བ་རོང་དུ་སྤྱུགས་ཁར་བོད་འབངས་རྣམས་ལ་སྙིང་རྗེ་བཅོ་བརྒྱད་ཀྱི་མགུར་བཞེས་པ་དང་། དེ་བཞིན་རྒྱལ་མོ་ཚ་བ་རོང་དུ་ཐུགས་སྲས་གཡུ་སྒྲ་སྙིང་པོ་འཕྲད་དུས་སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་གྱི་མགུར་རེ་རེ་ནས་བཞེས་པ། (4)གསལ་ཡང་《འདྲ་འབག་》(ལྕགས་པར་)ནང་དེ་དག་མི་གསལ་བ་སོགས་ཀྱི་ཁྱད་པར་ཡོད་དོ། ལྷག་པར་དུ་ཕོ་བྲང་པོ་ཏ་ལར་ཉར་ཚགས་གནང་བའི་《འདྲ་ འབག་》(དབུ་མེད་བྲིས་མ་)(པར་གཞི་①)འདི་ཉིད་ལ་མ་གཞི་ཡིག་སྐྱོན་ཤིན་ཏུ་མང་བ་ཡོད་ཀྱང་ཞིབ་ཏུ་བལྟ་དུས་《འདྲ་ འབག་》འདི་ཉིད་ནི་མ་མཐར་ཡང་དུས་རབས་བཅུ་གཉིས་ཙམ་དུ་ཡིན་པ་འདྲ་སྟེ་《འདྲ་འབག་》(ལྕགས་པར་)ལས་སྔ་བ་ནི་བརྗོད་མེད་དེ། གཅིག་ནས་《འདྲ་འབག་》གཞན་རྣམས་དང་མི་འདྲ་བར་《པདྨ་བཀའ་ཐང་》གི་ཤུགས་རྐྱེན་ཆུང་བ། གོང་དུ་ཁོ་བོས་《པདྨ་བཀའ་ཐང་》དང་གཤིབ་བསྡུར་གྱི་ལུང་དྲངས་པའི་ཚིག་རྣམས་འདི་ནང་མི་མངོན་པ་དང་། སྐབས་རེ་འདྲ་བའི་ཚིག་འགའ་རེ་འདུག་ཀྱང་ཡོང་མཚུངས་མ་ཡིན་པ། གཉིས་ནས་《འདྲ་འབག་》(ལྕགས་པར་)ལ་ཁྱོན་བསྡོམས་ལེའུ་བཅུ་གསུམ་བསྟན་ཡོད་ཀྱང་། འདི་ནང་ཁྱོན་བསྡོམས་ལེའུ་བཅུ་ལས་མེད་ཅིང་དག་ཆའི་འགྲོ་སྟངས་ཐད་གནའ་བོའི་ཡིག་རྙིང་དང་འདྲ་བར་སྡེ་པ་གཅིག་གི་ཡི་གེ་ཕན་ཚུན་བརྗེས་པའམ་དབྱངས་ཡིག་ཕན་ཚུན་བརྗེ་བ་སོགས་ཀྱི་ཁྱད་ཆོས་འདུག་སྟེ། དཔེར་ན། བཙན་པོ་ལ། འདི་ནང་བཙད་པོ་དང་རྩད་པོ། བརྩད་པོ་ཞེས་བྲིས་པ་ལྟ་བུ་དང་། བརྡ་རྙིང་པ་མི་ཉུང་བ་ཞིག་འདུག་སྟེ། དཔེར་ན་འཕྱིང་བ་སྟག་རྩེ་ལ་ཆིང་ང་སྟག་རྩེ་དང་གཙང་ཡུལ་ལ་རྩངས་ཡུལ་དང་། འཇའ་ཚོན་ལ་གཞའ་ཚོན། ཉི་ཟླ་ལ་གཉིས་ཟླ་ལྟ་བུ་བྲིས་འདུག གསུམ་ནས་སྙན་ངག་རྒྱན་དུ་མཛེས་པར་མི་འཛིན་པའི་ཕལ་སྐད་དང་ཡུལ་སྐད་མང་ཙམ་ཡོད་པ། བཞི་ནས་《འདྲ་འབག་》(ལྕགས་ པར་)ནང་མི་གསལ་བའི་བོད་མིའི་འབྱུང་ཁུངས་ཀྱི་སྐོར་ལ་“བོད་ལ་མི་རིགས་མང་ཡང་༔ ཕལ་ཆེར་རང་རང་གིས་གཏམ་བརྒྱུད་རེ་རེའི་ཕྱོགས་འཛིན་ནས་༔ ལ་ལ་ལྷ་ཆད་ཡིན་ཟེར་༔ ལ་ལས་སྤྲེལ་ཆད་༔ ལ་ལས་རྒྱ་ནས་༔ དེ་ལ་སོགས་པ་ཕྱོགས་རེ་རེ་ནས་བཤད་ཀྱང་༔ བོད་ལ་མི་རིགས་ཤིན་ཏུ་མང་སྟེ་༔ རིགས་འདི་ཁོ་ནའོ་ཞེས་མ་ངེས་སོ་༔”⑤ཞེས་ཐུན་མོང་མ་ཡིན་པའི་ལྟ་བ་བཏོན་ཡོད། གཞན་ཡང་《བེེ་རོའི་རྒྱུད་འབུམ་》གྱི་མཇུག་བྱང་དུ་བཀོད་པའི་《འདྲ་འབག་》 (པར་གཞི་②)དེ་ནི་《འདྲ་འབག་》(ལྕགས་པར་)དང་ཚིག་གི་བགྲོད་ཚུལ་སོགས་ཁྱད་པར་ཧ་ལམ་མེད་ཀྱང་ཆད་ལྷག་གི་ཁྱད་པར་ཧ་ཅང་ཆེན་པོ་འདུག་སྟེ། 《འདྲ་འབག་》(རྒྱུད་ འབུམ་མཇུག་བྱང་ཤ་87རྒྱབ་ནས་89མདུན་)ནང་བཀོད་པའི་བེེ་རོ་ཙ་ནས་གཡུ་སྒྲ་སྙིང་པོ་ལ་གསང་བ་མན་ངག་གི་ཆོས་ཡོང་རྫོགས་གཏད་པའི་སྐོར་གྱི་ཡིག་འབྲུ་བརྒྱད་བརྒྱ་ལྷག་ཙམ་ཞིག་《འདྲ་འབག་》(ལྕགས་པར་)ལ་མི་གསལ་བ་དང་། དེ་བཞིན་《འདྲ་འབག་》(ལྕགས་པར་ཤ་209ནས་221བར་)རྒྱ་ནག་ཏུ་ཕྱིན་ནས་མཁས་པ་རྣམས་ལས་གདམས་པ་ཞུས་པའི་སྐོར་ཏེ་ཁྱོན་ཡིག་འབྲུ་སུམ་སྟོང་བཞི་བརྒྱར་ཉེ་བ་གོང་དུ་ཞུས་པ་བཞིན་བཀོད་མི་འདུག འདིའི་སྐོར་གོང་འོག་སྔ་ཕྱིའི་ཚིག་བསྡུར་དུས་འདི་ལྟར་ཡོད་དེ་《འདྲ་འབག་》(ལྕགས་པར་) ནང་གོང་དུ་བེེ་རོ་ཙ་ནས་རྒྱལ་རོང་དུ་བཞུགས་དུས་གཡུ་སྒྲ་སྙིང་པོ་བོད་ཡུལ་དབུས་སུ་རྒྱ་གར་ནས་བྱོན་པའི་བི་མ་ལ་མི་ཏྲ་དང་དགོངས་པ་བསྡུར་བར་བཏང་བའི་སྐོར་ཡིན་ཀྱང་གློ་བུར་དུ་བེེ་རོ་རྒྱ་ནག་ཏུ་ཕེབས་ནས་རྒྱ་ནག་གི་མཁས་པ་མང་པོར་གདམས་པ་ཞུས་པ་དང་། སླར་ཡང་རྒྱལ་རོང་དུ་ཕེབས་རྗེས་གཡུ་སྒྲ་གཞི་ནས་བོད་དུ་ཕེབས་པའི་སྐོར་ཡིན་པས། རང་རེ་རྣམས་ལ་འདི་གར་སྲུབས་འཇུག་བྱས་པའི་སྣང་བ་ངང་གིས་སྟེར་གྱིན་འདུག་ན། དེ་ནི་དྷརྨ་སེངྒེས་ཕྱོགས་བསྒྲིགས་གནང་དུས་དཔར་མ་གཞན་ཞིག་ནས་བཏུས་པ་མིན་ནམ་སྙམ། དེ་བཞིན་ཕོ་བྲང་པོ་ཏ་ལར་ཉར་ཚགས་གནང་བའི་《བེེ་རོའི་རྣམ་ཐར་ལོ་རྒྱུས་ཆེན་མོ་》(དབུ་ཅན་བྲིས་མ། པར་གཞི་③)ཞེས་པ་ཞིག་འདུག་ལ། 《འདྲ་འབག་》(ལྕགས་པར་)དང་མི་འདྲ་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ནི་《འདྲ་འབག་》 (ལྕགས་པར་ཤ་162--163བར་)ཡིག་འབྲུ་བཞི་བརྒྱར་ཉེ་བ་ཞིག་འདིའི་ནང་མི་གསལ་ཏེ། དེའི་རྒྱུ་མཚན་ནི།“དཀར་ནག་རྩིས་དང་བོན་དང་ཧ་ཤང་དང་། ། འཚོ་བྱེད་སྨན་དང་བཟོ་རིགས་སྣ་ཚོགས་དང་། ། མདོར་ན་ཤེས་བྱར་བསྒྱུར་ཚད་མ་ལུས་པ་……གྲངས་སུ་བྱས་པས་གླེགས་བམ་ལྔ་བརྒྱ་དགུ་བཅུ་བྱོན་”ཞེས་དང་ཡང་དེའི་མཇུག་ཙམ་དུ་“དེ་དུས་ང་ཉིད་ཤཱཀྱ་ཐུབ་པར་བཞེངས། ། ཀུན་དགའ་བོ་དང་བེེ་རོ་ཡེ་ཤེས་སྡེ། ། མུ་སྟེགས་བོན་དང་ཕྲ་མེན་མཁན་ལ་སོགས། ། མཐོང་སྣང་མི་གཅིག་སྣ་ཚོགས་བྱེད་པ་བྱུང་། ། ”ཞེས་བོན་དང་མུ་སྟེགས། ཕྲ་མེན་མཁན་སོགས་ཀྱི་ཚིག་བསྟུད་མར་ཐོན་ཡོད་པས་འབྲི་བ་པོའི་ཆོས་ལུགས་འདུ་ཤེས་དང་འགལ་ཟླར་གྱུར་ནས་ཆེད་དུ་མ་བྲིས་པ་ཡིན་ནམ་སྙམ། དེ་མིན་རྩ་བའི་ཁྱད་པར་མི་འདུག་ཀྱང་ཡིག་འབྲུ་རེ་རེ་ཇི་བཞིན་གཤིབ་སྡུར་བྱེད་ཁོམ་མ་བྱུང་བས་བཟོད་པར་འཚལ། དེ་ལྟར་དམངས་ཁྲོད་དུ་《འདྲ་འབག་》ལ་དཔར་མ་མི་འདྲ་བ་མང་ཙམ་ཡོད་པ་ནི་གོར་མ་ཆག་ལ། དུས་རབས་མི་འདྲ་བའི་ནང་དུ་བྱུང་ཡོད་པས་དེ་དག་གི་དགོངས་པ་ཡང་ཡོངས་སུ་མཚུངས་པ་མ་ཡིན་པ་དང་ཡིག་མཁན་སོ་སོའི་སྡང་ཞེན་དབང་གིས་འཕྲི་སྣོན་བཟོ་བཅོས་མང་ཙམ་བྱུང་བ་དང་། མཐར་དྷརྨ་སེང་གེས་བཟོ་བཅོས་ཆེ་ཙམ་བསྐྱོན་པའང་འདྲའོ། དྷརྨ་སེང་གེ་ནི་དུས་ནམ་ཞིག་གི་མི་ཡིན་མིན་ཐད། སི་ཏུ་ཆོས་ཀྱི་འབྱུང་གནས་(སྤྱི་ལོ་ ༡༧༠ ༠-༡༧༧༤)ཀྱིས་བརྩམས་པའི་《སྡེ་དགེའི་བཀའ་འགྱུར་དཀར་ཆག་》(ལྕགས་པར་ཤ་305)ལས་“བསྟན་པ་ཕྱི་དར་ཚེ། སྔར་གྱི་རྣམས་ཕལ་ཆེར་ཡོད་པའི་སྟེང་དུ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་མདོ་རྒྱུད་མང་དུ་བསྒྱུར་ཅིང་བསྣན་པར་མཛད་པ་ཡིན་མོད་ཀྱི་རེ་ཞིག་ཕྱོགས་གཅིག་ཏུ་བསྡུས་ནས་དཀར་ཆག་འདེབས་པ་པོ་མ་བྱུང་ལ། ཕྱིས་མཁས་པ་བཅོམ་རལ་པའི་སློབ་མ་འཇམ་དགག་པཀྴིས་ཧོར་ཡུལ་ནས་བཀའ་འགྱུར་བཞེངས་པའི་མཐུན་རྐྱེན་གྱི་ཡོ་བྱད་མང་པོ་བསྐུར་བ་ལ་བརྟེན་ནས་འདུལ་བ་ལུང་གི་མ་ཕྱི་མཆིམས་ཆེན་པོ་ནམ་མཁའ་གྲགས་ཀྱིས་དགེ་བའི་བཤེས་གཉེན་རྒྱ་འདུལ་བ་འཛིན་པ་ཞལ་བཞུགས་པའི་དུས་ན། དགེ་བའི་བཤེས་གཉེན་ཆེན་པོ་འདུལ་བ་འཛིན་པ་ཞིང་མོ་ཆེ་པ་བྱང་ཆུབ་སེངྒེས་གཉེར་མཛད་ནས། ལུང་ཕྲན་ཚེགས་ཀྱི་བམ་པོ་བཅུ་གཉིས་མ་ཚང་བ་དང་། གཞུང་བླ་མའི་ཞུ་བ་མ་རྫོགས་པ་བམ་པོ་བཅུ་གཉིས་དང་། སྡོམ་ཚིག་ཡིག་ཚར་གཉིས་མ་ཚང་བ་རྣམས་བསམ་ཡས་མཆིམས་ཕུ་ལ་སོགས་པ་དབུས་གཙང་གི་གཙུག་ལག་ཁང་རྣམས་ནས་བཙལ་ཏེ། ལ་སྟོད་འོལ་རྒོད་ཀྱི་གཙུག་ལག་ཁང་དུ་གནས་བརྟན་དྷ༷རྨ་སེ༷ང་གེ༷ས་ལུང་སྡེ་བཞི་ཚང་བར་བཞེངས་པ་སྣར་ཐང་གི་གཙུག་ལག་ཁང་དུ་གདན་དྲངས་ཏེ་དེ་ལ་དཔེ་ཕྱི་མཛད་ནས་བཞེངས་པ་དང་......”ཞེས་པའི་ནང་གི་དྷརྨ་སེངྒེ་ནི་བཅོམ་ལྡན་རིག་རལ་དང་དུས་མཉམ་མམ་དུས་ཕྱི་ཙམ་དུ་ཡིན་ནམ་སྙམ་སྟེ། བཅོམ་ལྡན་རིག་རལ་ནི་འགྲོ་མགོན་ཆོས་འཕགས་དང་དུས་མཉམ་ཡིན་པ་《གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་》(ཤ་306)ནང་དུ་ངོ་སྤྲོད་རགས་ཙམ་བཀོད་འདུག་པ་མ་ཟད་“ཁ་བའི་ལྗོངས་འདིར་བཀའ་བསྟན་གྱི་མ་ཕྱི་ཐོག་མ་ནི་བཅོམ་ལྡན་རིག་རལ་གྱིས་བསྡུས་པའི་སྣར་ཐང་གི་བཀའ་བསྟན་འདི་ཁོ་ན་ཡིན་པར་གྲགས།” ཞེས་གསལ་བར་བསྟན་ཡོད་པས། བཅོམ་ལྡན་རིག་རལ་ནི་དུས་རབས་བཅུ་གསུམ་པའི་མི་ཡིན་པ་དང་གོང་དུ་བཤད་པའི་དྷརྨ་སེང་གེའང་ཁོང་དང་དུས་མཉམ་ཙམ་ཡིན་ལ་ད་དུང་《གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་》ཞེས་ པའི་(ཤ་314--315)ནང་“འཁྲུལ་ཞིག་རིན་པོ་ཆེ།” ཞེས་པ་ངོ་སྤྲོད་གནང་སྐབས་“ ཡབ་བདེ་གཤེགས་ཆེན་པོ་ཤེས་རབ་འོད་གསལ་དང་། ཡུམ་མཁར་ཆུའི་རྣལ་འབྱོར་མ་བྱང་ཆུབ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ཆུ་ལུག་ (སྤྱི་ལོ་༡༢༢༣)ལོར་སྐུ་བལྟམས། མཚན་དྷ༷རྨ་སེ༷ང་གེ༷་ཞེས་བཏགས་མཐར་དགུང་གྲངས་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པ་རབ་བྱུང་ལྔ་པའི་ཆུ་ཡོས་(སྤྱི་ལོ་༡༣༠༣)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།”ཞེས་བཀོད་པ་ལས། གལ་སྲིད་དྷརྨ་སེང་གེའམ་འཁྲུལ་ཞིག་རིན་པོ་ཆེ་ནི་《སྡེ་དགེའི་བཀའ་འགྱུར་དཀར་ཆག་》ནང་དུ་གསུངས་པའི་དྷརྨ་སེང་གེ་ཞེས་པ་འདི་ཉིད་ཡིན་པ་དང་། གལ་སྲིད་དྷརྨ་སེང་གེ་འདི་ཉིད་《འདྲ་འབག་》 ཕྱོགས་བསྒྲིགས་གནང་མཁན་དེ་ཡིན་ན། 《འདྲ་འབག་》འདི་ཉིད་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་དུ་བྱུང་བ་གསལ་པོ་ཡིན་ཀྱང་། རྙིང་མ་བའི་བཀའ་རྒྱུད་པ་ཆེན་པོ་གསུམ་སྟེ་གཉགས་གནུབས་ཟུར་གསུམ་གྱི་ནང་ཚན་ཟུར་གྱི་རྒྱུད་པ་ཟུར་ཆུང་ཤེས་རབ་གྲགས་པའི་(སྤྱི་ལོ་༡༠༡༤ -- ༡༠༧༤)སློབ་མ་ཀ་བ་བཞི་དང་གདུང་མ་བརྒྱད། ལྕམ་བཅུ་དྲུག དྲལ་མ་སོ་གཉིས། སྒོམ་ཆེན་མི་གཉིས། སྟ་གུར་མི་གཉིས། གོ་མ་ཆོད་མི་གསུམ་ལ་སོགས་མང་དུ་བྱུང་བའི་གདུང་མ་བརྒྱད་ལས་སྐྱོ་སྟོན་ཆོས་ཀྱི་སེང་གེ་ཞེས་པ་ཞིག་ཀྱང་འདུག་པས་དྷརྨ་སེང་གེ་ཞེས་པའི་མཚན་གཅིག་ཁོ་ནས་《འདྲ་འབག་》གི་ཕྱོགས་བསྒྲིགས་དུས་ཚོད་ནི་འདི་ལྟར་རེད་ཅེས་ཁ་ཚོན་གཅོད་པར་དཀའ་བ་མ་ཟད། ཁོ་བོའི་མཐོང་ཐོས་རྒྱ་ཁབ་ཀྱི་མིག་ལྟར་ཤིན་ཏུ་ཕྲ་བས་ད་དུང་མཚན་དུ་དྷརྨ་སེང་གེར་འབོད་པ་ གཞན་ཡང་ཡོད་སྲིད། འོན་ཀྱང་། གོང་དུ་ཞུས་པའི་འཁྲུལ་ཞིག་རིན་པོ་ཆེ་ཞེས་པ་འདི་ཉིད་ཡིན་སྙམ་སྟེ་《འདྲ་འབག་》གི་མཇུག་གཏམ་དུ་“རྒྱལ་ཁམས་ཀུན་ལ་སྨན་པའི་བློས་ཀུན་རྨོངས་དྷརྨ་སེང་གེས་ཆོས་སྦྱིན་མི་ཟད་པའི་པར་དུ་བཞེངས་པར་ལྷ་ལུང་མཛད་ཟུར་ཁྱབ་གདལ་མཚན་ཅན་ནས་པ༷ར་ཤི༷ང་ཆ༷་ཚ༷ང་”ཞེས་བཀོད་པ་ལྟར་ན། བོད་དུ་པར་ཤིང་བྱུང་བའི་དུས་ཚོད་ནི་དེ་ཙམ་དུ་ཡིན་པས་འདི་ལས་སྔ་བ་ཡིན་མི་སྲིད།
          གཡུ་སྒྲ་སྙིང་པོ་ནི་བེེ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་རྗེས་བེེ་རོའི་ཐུགས་སྲས་སུ་གྱུར་པ་སྟེ། ལོ་རྒྱུས་དེབ་ཐེར་ཁག་ཏུ་རྒྱལ་པོའི་སྲས་དང་སྤྲང་ཕྲུག་ཡིན་པར་གསུངས་ཚུལ་གཉིས་འདུག 《འདྲ་འབག་》རྣམ་ཐར་བསྡུས་དོན་དུ་ (ཤ་267) “གཡུ་སྒྲ་ཉིད་སྤྲང་ཆུང་མ་ཞིག་རྡོ་རྗེའི་མཚན་མ་ཐོབ་ཟེར་བ་དང་ཡང་རྒྱལ་པོའི་སྲས་ཡིན་ཟེར་བ་དང་། སྤྲང་ཕྲུག་ཡིན་ཟེར་བ་དང་། ཡང་རྗེས་སུ་སྤྲང་ཆུང་མ་རྒྱལ་སར་བཀོད་ཟེར་བ་སྣ་ཚོགས་ཤིག་འདུག་”ཅེས་དང་《ཆོས་འབྱུང་མཁས་དགའ་》(ལྕགས་པར་སྟོད་ཆ་ཤ་594)ལས་“དེ་ན་ཁ་ཅིག་རྒྱལ་མོ་གཡུ་སྒྲ་སྙིང་མོ་ཞེས་རྟེན་རྒྱལ་པོའི་སྲས་མོར་འདོད་པ་དང་། ཡང་རྒྱལ་པོའི་སྲས་པོ་ཡིན་པ་བེེ་རོས་དོང་ནས་ནམ་མཁའ་ཆེའི་རྒྱུད་ཁ་ཐོན་མཛད་པ་བློ་ལ་ཟིན་ནས། ཕྱིས་བེེ་རོས་ཡབ་ཡུམ་ལས་བསླངས་བྱ་བ་དང་གཙང་ལེགས་གྲུབ་ཀྱི་སྐྱེ་བའི་སྤྲང་ཕྲུག་ཏུ་འདོད་པ་དང་། དེ་ཡང་བུད་མེད་དུ་འདོད་པ་སོགས་མང་དུ་སྣང་ཡང་ལོ་རྒྱུས་ཀྱི་བབས་རྣམས་བསྒྲིགས་ན་རྒྱལ་མོ་ནི་ཡུལ་གྱི་མིང་དང་རིགས་རྒྱལ་པོའི་སྲས་ཡིན་ལ་མཚན་གཡུ་སྒྲ་སྙིང་པོ་ཡིན་”ཞེས་དང་། དེ་བཞིན་དུ་《གུ་བཀྲའི་ཆོས་འབྱུང་》(ལྕགས་པར་ཤ་187)ལས་“འདི་སྐབས་ཐང་ཡིག་དང་འདྲ་འབག་སོགས་འདོད་ཚུལ་མི་འདྲ་བ་མང་དུ་སྣང་ཡང་ལོ་རྒྱུས་ཀྱི་བབས་རྣམས་བསྒྲིགས་ན་རྒྱལ་མོ་ནི་ཡུལ་གྱི་མིང་དང་རིགས་རྒྱལ་པོའི་སྲས་ཡིན་ལ་མཚན་གཡུ་སྒྲ་སྙིང་པོ་ཡིན་པ་དང་”ཞེས་དང་《རྙིང་མ་ཆོས་འབྱུང་》 (ལྕགས་པར་ཤ་290)ལས་“འདི་སྐབས་ཐང་ཡིག་དང་འདྲ་འབག་སོགས་འདོད་ཚུལ་མི་འདྲ་བ་མང་དུ་སྣང་ཡང་ལོ་རྒྱུས་ཀྱི་བབས་རྣམས་བསྒྲིགས་ན་རྒྱལ་མོ་ནི་ཡུལ་གྱི་མིང་དང་རིགས་རྒྱལ་པོའི་སྲས་ཡིན་ལ་མཚན་གཡུ་སྒྲ་སྙིང་པོ་ཡིན་པ་དང་”ཞེས་གསུངས་ཚུལ་ལ་ཡིག་འབྲུ་གཅིག་གི་ཁྱད་པར་ཡང་མི་འདུག་ལ། འོག་མ་གཉིས་ཀྱི་ལུང་གི་རྒྱབ་རྟེན་ཡང་ཧ་ལམ་《ཆོས་འབྱུང་མཁས་དགའ་》ལ་བཅོལ་བ་འདྲ། དེ་ལྟར་སྤྲང་ཕྲུག་ཡིན་པར་འདོད་མཁན་ཡང་《པདྨ་བཀའ་ཐང་》ཡིན་ཏེ་དེའི་ཤོག་གྲངས་ 451ལས། “གྲལ་མཐར་མཆིས་པའི་སྤྲང་ཕྲུག་གཅིག་ལ་དྲིས། ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་ཟེར། ། དེ་ཡིས་ཤེས་པས་ཕ་མ་སུ་ཡིན་དྲིས། ། ཕ་མ་གཉིས་ཀ་ཤི་ནས་མེད་ཅེས་ཟེར། ། འདི་ལ་སྒྲ་བསླབས་མྱུར་དུ་ཤེས་པར་འདུག ། སྤུན་ཟླ་ལ་སོགས་གཉེན་ཚན་ཅི་ཡོད་གསུངས། ། ཁོ་རང་གཅིག་པུ་མིན་པ་སུ་ཡང་མེད། ། ལྟོ་གོས་ངེད་ཚོས་སྦྲན་གྱིས་སྒྲ་སློབ་ཞུས། ། བྱིས་པ་དེ་ཉིད་སློབ་དཔོན་དྲུང་དུ་ཕུལ། ། སློབ་དཔོན་སྒྲ་བསླབས་སྟེང་ཤོད་བྱས་ནས་བསྡད། ། རེ་ཞིག་དུས་ན་བྱིས་པ་ཆིག་ལབ་གཏོང་། ། སློབ་དཔོན་ལབ་ཟླ་སུ་ཡིན་སྙམ་ནས་གཟིགས། ། རྩངས་སྔོན་ལེགས་འགྲུབ་⑥དེ་ཡི་སྐྱེ་བར་ཤེས། ། མིང་ནས་བོས་པས་ཨ་ཟེར་ཞིབ་ཏུ་གླེང་། ། ག༷ཡུ་སྒྲ༷་སྙི༷ང་པོ༷ར་མཚན་ བཏགས་སྒྲ་ལ་མཁས་”ཞེས་བཀོད་ཡོད་པ་དང་།《འདྲ་འབག་》(ལྕགས་པར་ཤ་203) “གཡུ་སྒྲའི་ཡབ་རྒྱལ་པོ་རིན་ཆེན་དང་ཡུམ་རྒྱལ་མོ་མཚོ་རྒྱལ་མ་གཉིས་ལ། ཁྱོད་ཀྱི་བུ་འདི་ལ་ཆོས་འོང་བར་འདུག་……” ཅེས་བཀོད་ཡོད། གོང་གསལ་དེ་རིགས་ལས་གཡུ་སྒྲ་སྙིང་པོ་རྒྱལ་པོའི་སྲས་དང་སྤྲང་ཕྲུག་གཉིས་སུ་འདོད་པ་གསལ་པོར་མངོན། དོན་དམ་དུ་བཞེད་ཚུལ་གཉིས་ཀར་འགྲིག་པའི་ཕྱོགས་རེ་ཡོད་དེ། གཡུ་སྒྲ་སྙིང་པོ་ནི་རྒྱལ་པོའི་སྲས་ཡིན་ལ་སྤྲང་པོའི་སྤྲང་ཕྲུག་ཀྱང་ཡིན། ཆོས་ལྡན་གྱིས་བརྩམས་པའི་《རྒྱལ་རོང་བོད་རིགས་ཀྱི་ལོ་རྒྱུས་རགས་བཤད་》ཅེས་པའི་ནང་གཡུ་སྒྲ་སྙིང་པོའི་སྐོར་ཁ་གསལ་པོ་གསུངས་འདུག་མདོ་ཙམ་བསྟན་ན་འདི་ལྟ་སྟེ། གཡུ་སྒྲ་སྙིང་པོ། སྔོན་མིང་ནི་ཀུན་དགའ་སྙིང་པོ། རྔ་པ་འབར་ཁམས་རྫོང་ཀྱོམ་ཀྱོའི་མི་ཡིན། ཡབ་ཀྱི་མིང་ལ་ནོར་བུ་དང་། ཡུམ་གྱི་མིང་ལ་ལྷ་མོ་སྟེ་ཐང་ཏས་ཙུང་ཀོང་ཏ་(唐代宗广德)ལོ་དང་པོར་(སྤྱི་ལོ་༧༦༣)བལྟམས། རིགས་རྒྱུད་ཀྱང་རྒྱལ་མོ་ཚ་བ་རོང་ཀྱོམ་ཀྱོ་རྒྱལ་པོའི་⑦ཡིན། དགུང་ལོ་བརྒྱད་དུ་སོན་སྐབས་ཁྱིམ་ཚང་ལ་བར་ཆད་ཆེན་པོ་བྱུང་ནས་དྭ་ཕྲུག་ཏུ་གྱུར་ནས་ཆུ་ཆེན་རྫོང་ཁོངས་ཕྱོགས་སུ་ཡུལ་གྱར་ལ་སོང་། ཕྱིས་བེེ་རོ་ཙ་ན་དང་མཇལ་ཏེ་རིག་པའི་གནས་ཁག་ལ་སྦྱངས་པ་མཛད་ལ་ལེགས་སྦྱར་ལོ་ཙཱ་དང་གསང་བ་མན་ངག་གི་མཁས་པ་ཆེན་པོར་གྱུར། ཐང་ཏས་ཙུང་ཀྲའན་ཡོན་(唐代宗贞元)ལོ་གཉིས་པར་(སྤྱི་ལོ་༧༨༦)བེེ་རོ་ཙ་ན་དང་ལྷན་དུ་དབུས་གཙང་དུ་བྱོན་ནས་བསམ་ཡས་གཙུག་ལག་ཁང་དུ་མདོ་སྔགས་ཀྱི་བཀའ་བསྟན་མང་དུ་བསྒྱུར་བ་ལ་སོགས་སྐུ་ཚེ་གང་པོ་བསྟན་པའི་འཕྲིན་ལས་ལ་ཞུགས། ཐང་ཧུའི་ཁྲང་ལོ་དྲུག་པར་( སྤྱི་ལོ་༨༤༦)དེང་གི་འཕན་པོ་རྫོང་ཁོངས་སུ་དགོངས་པ་མྱ་ངན་ལས་འདས། རྒྱལ་མོ་ཚ་བ་རོང་གི་ཚོང་པ་ཁག་གཅིག་གིས་ཁོང་གི་ཀ་ལི་དང་དབུ་ཞྭ་རྣམས་ཕ་ཡུལ་དུ་ཁྱེར་ནས་རྫི་འགག་ནོར་བུའི་གླིང་དུ་ཕུལ་བར་གསུངས་ཡོད། ⑧མ་གཞི་གོང་དུ་བཤད་པའི་《རྒྱལ་རོང་བོད་རིགས་ཀྱི་ལོ་རྒྱུས་རགས་བཤད་》ནང་མ་ཡིག་གང་ནས་འདྲེན་ཚུལ་བཀོད་མི་འདུག་ཀྱང་། གཡུ་སྒྲ་སྙིང་པོ་ནི་རྒྱལ་པོའི་སྲས་སུ་འཁྲུངས་ཀྱང་ནར་མ་སོན་གོང་ནས་ཡབ་ཡུམ་འདས་ཤིང་ཁྱིམ་ཚང་སྟོངས་པས་སྤྲང་མཐར་འཁྱམ་པ་དང་། དེ་བཞིན་ལོ་དང་གནས་ཡུལ་སོགས་ཤིན་ཏུ་ཁ་གསལ་པོ་ཡོད་པར་བལྟས་ན་ཁུངས་བཙན་པའི་མ་དཔེ་ཡོད་པར་གོར་མ་ཆག་པས་ཡིད་རྟོན་འཕེར་ངེས་སུ་སེམས། དེས་ན་《ཆོས་འབྱུང་མཁས་པའི་དགའ་སྟོན་》དང་《པདྨ་བཀའ་ཐང་》སོགས་བཞེད་ཚུལ་མི་འདྲ་བ་ཡོད་པ་ནི་རང་ཤུགས་ཡིན། གཞན་ཡང་གཡུ་སྒྲ་སྙིང་པོ་ནི་རྒྱལ་པོའི་སྲས་མོ་ཡིན་ཟེར་བ་ནི། མིང་ཆ་ཙམ་འདྲ་བ་ལ་འཁྲུལ་བར་སེམས་ཏེ།《པདྨ་བཀའ་ཐང་》ནང་དུ་གཡུ་སྒྲ་ནི་རྒྱལ་པོ་མདོ་བཞེར་ནག་པོའི་སྲས་མོ་དང་གཡུ་སྒྲ་སྙིང་པོ་ནི་སྤྲང་ཕྲུག་ཡིན་པར་གསལ་པོ་གསུངས་ཡོད་པས་འདིར་སྤྲོས་པའི་དགོས་པ་མ་མཆིས། མདོར་ན། གཡུ་སྒྲ་སྙིང་པོ་ནི་བེེ་རོ་ཙ་ན་རྒྱལ་མོ་རོང་དུ་སྤྱུགས་རྗེས་སློབ་མར་གྱུར་པ་ཞིག་དང་བེེ་རོའི་ཐུགས་སྲས་ཡིན་པར་དུས་རབས་མི་འདྲ་བའི་ནང་བྱུང་བའི་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་རྣམས་རྩོད་མེད་ཡིན་པས་གཡུ་སྒྲ་སྙིང་པོས་རང་གི་རྩ་བའི་བླ་མའི་རྣམ་ཐར་བརྩམས་པའི་ངེས་པ་ཆེན་པོ་ཡོད་པ་དང་གཅིག གོང་བཀོད་དེབ་ཐེར་ཁག་ནང་《འདྲ་འབག་》དང་འབྲེལ་བ་བྱས་ཏེ་གཡུ་སྒྲའི་མཚན་བཏོན་པ་དང་གཉིས།《འདྲ་འབག་》ལ་དཔར་མ་མི་འདྲ་བ་མང་ཙམ་བྱུང་བ་དང་གསུམ་ལ་བལྟས་ན། གཡུ་སྒྲ་སྙིང་པོས་བརྩམས་པའི་《འདྲ་འབག་》ཅིག་ཡོད་ཀྱང་། ཕྱིས་དུས་དང་གེགས་རྐྱེན་སྣ་ཚོགས་ཀྱིས་རིག་རྒྱུ་མེད་པར་གྱུར། མདོར་ན།《འདྲ་འབག་》ནི་ཐོག་མར་གཡུ་སྒྲ་སྙིང་པོས་བརྩམས་པ་དང་ཕྱིས་དམངས་ཁྲོད་དུ་ཡིག་མཁན་མང་པོ་ཞིག་གི་ཕྱག་སོར་བརྒྱུད་སྣོན་འཕྲིའི་བཟོ་བཅོས་མང་པོ་བྱུང་ཡོད་པས་དམིགས་བཀར་གྱི་རྩོམ་པ་པོ་འདི་ཡིན་ཞེས་བསྟན་དུ་མེད་པར་གྱུར་བར་སེམས་སོ།
          གཉིས་པ། 《འདྲ་འབག་》འདི་ཉིད་བརྩམས་པའི་དགོས་པ་བསྟན་པ།
          སྤྱིར་རྣམ་ཐར་དང་རྟོགས་བརྗོད་ནི་ལོ་རྒྱུས་ཀྱི་དངོས་དོན་ཐོག་བྱུང་བའི་མི་སྣའི་མཛད་རྗེས་སོགས་གཙོ་བོར་བྱས་ཏེ་བཀོད་པ་ཡིན་ཞིང་། དེ་ཡང་རང་རེ་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ཁྲོད་མཇལ་རྒྱུ་མང་ཙམ་ཡོད་པའི་རྩོམ་གྱི་རྣམ་པ་ཞིག་ཡིན་ལ། དེ་དག་ནི་བོད་ཀྱི་ལོ་རྒྱུས་ཀྱི་བཞིན་རས་ངོ་མ་གསལ་སྟོན་བྱེད་པའི་གལ་ཆེའི་རྒྱུ་ཆ་ཡིན་པ་སྨོས་མེད་ལགས། དེ་བཞིན་དུ་《འདྲ་འབག་》འདི་ཡང་རྩོམ་ལུས་དེའི་ཁོངས་ཡིན་ལ་ང་ཚོས་དུས་རབས་བརྒྱད་པའི་ནང་གི་མི་སྣ་ཞིག་ལ་རྒྱུས་མངའ་ལོན་ཐབས་བྱེད་པའི་རྩ་ཆེའི་དཔྱད་གཞི་ཞིག་ཀྱང་ཡིན། འོན་ཀྱང་《འདྲ་འབག་》(ལྕགས་པར་)ལ་རྣམ་ཐར་དང་རྟོགས་བརྗོད་གཞན་དང་མི་འདྲ་བའི་ཁྱད་ཆོས་ཆེན་མོ་ཡོད་པ་ནི་ང་ཚོར་《འདྲ་འབག་》(ལྕགས་པར་)བརྩམས་པའི་དགོས་པ་གང་ཡིན་ཤེས་རྟོགས་ཡོང་རྒྱུར་ཆ་འཕྲིན་གསར་པ་ཞིག་བརྒྱུད་སྤྲོད་བྱེད་ཀྱི་འདུག དེ་ཡང་《འདྲ་འབག་》ཧྲིལ་པོར་ཤོག་གྲངས་268དང་ལེའུ་བཅུ་གསུམ་ཡོད་པ་དང་རགས་རྩིས་བྱས་ན་ཡིག་འབྲུ་ཁྲི་བརྒྱད་ལྷག་ཙམ་ཡོད། དེའི་ནང་གོང་གི་ལེའུ་དྲུག་དང་ཤོག་གྲངས་97ཙམ། ཡིག་འབྲུ་ཁྲི་གསུམ་ལ་ཉེ་བ་ནི་རྩོད་མེད་ཨ་ཏིའི་བསྟན་པ་སྟེ་རྫོགས་པ་ཆེན་པོའི་བསྟན་པ་གནས་རིགས་མི་འདྲ་བར་ཇི་ལྟར་དར་ཚུལ་གྱི་ཐོག་མ་ནས་འགོ་ཚུགས་ཏེ་མཐར་ཁ་བ་ཅན་གྱི་ཡུལ་དུ་དར་ཁྱབ་བྱུང་ཚུལ་ཞིབ་ཅིང་ཕྲ་བར་བཀོད་པ་དེ་དག་གིས་རྩོམ་ཧྲིལ་པོའི་བརྒྱ་ཆ་སུམ་ཅུར་ཉེ་བ་ཟིན་ཡོད། དེ་བཞིན་དུ་བེེ་རོ་ཙ་ནའི་མཛད་པ་བརྗོད་པའི་སྐབས་སུ་ཡང་གཙོ་བོར་རྒྱུ་འབྲས་ལས་འདས་པའི་ཆོས་ཏེ་རྫོགས་པ་ཆེན་པོའི་ཆོས་ལ་སྦྱང་པ་གནང་ཕྱིར་ཕལ་སྤྱོད་ལས་འདས་པའི་སྐུ་ངལ་ཆེན་པོ་བསྐྱོན་པ་དང་། དེ་ཉིད་བོད་ཡུལ་སྤྱི་དང་ཡང་སྒོས་རྒྱལ་མོ་ཚ་བ་རོང་ཁུལ་དུ་དར་སྤེལ་མཛད་དེ་ཕྱག་རྗེས་བླ་ན་མེད་པ་བཞག་པའི་སྐོར་བཅས་ལས།《འདྲ་འབག་》འདི་ཉིད་བརྩམས་པའི་དགོངས་པ་ཁ་གསལ་བར་བསྟན་ཡོད་སེམས་ཏེ། དེ་ཡང་བསྟན་པ་ཕྱི་དར་གྱི་དུས་དཀྱིལ་ཙམ་ཞིག་ནས་མདོ་དབུས་ས་མཐོའི་སྟེང་དུ་ཆོས་ལུགས་གྲུབ་མཐའི་དབར་རང་བསྟོད་གཞན་སྨད། རང་གཅེས་གཞན་སྡང་གི་རླུང་ཡན་ཆེན་པོ་ཞིག་འཚུབ་ཡོད་ལ། རླུང་ཡན་དེའི་ཁྲོད་གཡུང་དྲུང་བོན་དང་རྙིང་མ་བ་གཉིས་ལ་ཕོག་ཐུག་ཆེན་པོ་བྱུང་སྟེ་སྣུམ་ཟད་ཀྱི་མར་མེ་ཇི་བཞིན་མར་རྒུད་དུ་ཕྱིན་པ། ཐ་ན་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་རྒྱབ་རྟེན་བཅོལ་ནས་དྲག་ཤུགས་ཀྱི་སྒོ་ནས་རྩ་ནུབ་ཏུ་འགྲོ་ཉེར་བཟོས་ཡོད། ⑨རྙིང་མ་བའི་གྲུབ་མཐའ་ལ་སྡིག་དམོད་དང་རྡུང་རྡེག་གི་ཁ་གཡར་ས་ནི་རྫོགས་པ་ཆེན་པོའི་ལྟ་བ་དེ་ཡིན་པ་དང་། ལྟ་བ་དེ་ཉིད་སངས་རྒྱས་ཀྱི་བཀའ་ཡང་དག་མ་ཡིན་པར་ཕྱི་རོལ་མུ་སྟེགས་ཀྱི་ལྟ་བའི་ལྷད་བསྲེས་པར་བརྩིས་ཏེ་མིག་ནང་གི་ཚེར་མ་ལྟར་སྡང་སེམས་བྱེད་ཀྱི་ཡོད། དེས་ན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྤྱི་ཚོགས་ཀྱི་གནས་བབ་དེ་ལྟ་བུའི་འོག་ཏུ་རྙིང་མ་བའི་གྲུབ་མཐའ་འདི་ཉིད་མུ་མཐུད་གནས་ཐབས་དགོས་པར་ངེས་པར་དུ་རང་གི་རིགས་པའི་གཞུང་ལུགས་ཀྱི་སྒོ་ནས་རྫོགས་པ་ཆེན་པོའི་ལྟ་བ་ཡང་དག་ཡིན་པ་དང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་འཁྲུལ་མེད་ཡིན་པར་བརྡར་ཤ་གཅོད་རྒྱུ་ནི་རྒྱབ་རྟེན་དང་རྒྱུ་སྟོབས་གང་གིས་ཀྱང་དབུལ་བའི་རྙིང་མ་བའི་གྲུབ་མཐའ་འཚོ་གནས་བྱེད་པའི་ཐབས་ལམ་ཉག་གཅིག་དེ་ཡིན་པས་རྙིང་མ་བའི་གྲུབ་མཐའ་འཛིན་མཁན་བླ་ཆེན་དང་མཁས་དབང་མང་པོ་ཞིག་གིས་ཚུར་རྒོལ་བ་རྣམས་ལ་མདུང་རྩེ་ཁ་སྤྲོད་ཀྱི་དགག་ལན་བསྐྱོན་ཡོད། ལྷག་པར་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་སྐབས་ཏེ་བསྟན་པ་སྔ་དར་གྱི་སྐབས་བྱོན་པའི་ལོ་ཙཱ་བ་པ་གོར་བེེ་རོ་ཙ་ན་ལུང་རིགས་ཀྱི་རྒྱབ་རྟེན་དུ་བྱེད་པ་ནི་བྱ་ཐབས་ཤིག་ཡིན་སྲིད་དེ། ཁོང་ནི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་ཕལ་མོ་ཆེས་ཕྱག་སོར་གྱི་རྩེ་མོར་བསྒྲེངས་པའི་ལོ་ཙཱ་བ་ཀུན་གྱི་གཙུག་ཕུད་དང་གྲུབ་ཐོབ་ཡོངས་ཀྱི་སྤྱི་མེས་ཡིན་པའི་ཕྱིར་རོ། དེ་བཞིན་དུ་དུས་སྐབས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་གྱི་ཁྲོད་དུ་《འདྲ་འབག་》འདི་ཡང་གཡུ་སྒྲ་སྙིང་པོས་ཐོག་མར་བརྩམས་པ་ནས་ད་ལྟ་རང་རེའི་མིག་ལམ་དུ་མ་གྱུར་བར་དུ་ཚིག་ཙམ་མ་ཟད་ནང་དོན་གྱི་ཆ་ནས་འགྱུར་བ་ཆེན་པོ་བྱུང་བ་ཡང་དགོས་དབང་ཞིག་དང་དམིགས་ཡུལ་ཞིག་ཡོད་པ་ཡང་གསལ་ཤེས་ཐུབ།
          གསུམ་པ། 《འདྲ་འབག་》གི་ལོ་རྒྱུས་དཔྱད་གཞིའི་རིན་ཐང་སྐོར།
          གོང་དུ་ཞུས་པ་ལྟར་《འདྲ་འབག་》འདི་ཉིད་ལོ་རྒྱུས་འཕེལ་རིམ་གྱི་དྲག་ཆར་རླུང་འཚུབ་ཁྲོད་ནས་བརྒྱུད་ཡོང་བ་དང་བརྒྱུད་རིམ་དེའི་ནང་འཕྲི་བསྣན་དང་བཟོ་བཅོས་སྣ་ཚོགས་ཕོག་པའི་རྐྱེན་གྱིས་ལོ་རྒྱུས་དངོས་དང་བར་ཁྱད་ཇེ་རིང་དུ་སོང་སྟེ་འདྲ་འབག་དེ་ཉིད་“མི་འདྲ་བ་”ལྟ་བུར་གྱུར་ཡོད། ལྷག་པར་དུ་ལོ་རྒྱུས་སྨྲ་བ་པོ་སུ་འདྲ་ཡིན་རུང་དུས་སྐབས་དེ་རང་གི་མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་བ་གཉིས་ཀྱི་ཆགས་སྡང་དང་ཁ་བྲལ་ཐབས་མེད་ལ་ལོ་རྒྱུས་ཀྱི་དུས་ཚོད་བཀག་རྒྱ་དང་ཁོར་ཡུག་གི་གུ་དོག་བཀག་རྒྱ་གཉིས་ལས་གཡོལ་ཐབས་དཀའ་བས་དུས་རབས་ཀྱི་མཚོན་རྟགས་གསལ་པོར་བཀོད་ཡོད་དེ།《འདྲ་འབག་》གི་རིགས་པའི་གཞུང་ལུགས་ཀྱི་རྐང་པ་འཛུགས་ས་ནི་ནང་བསྟན་ཆོས་ལུགས་ཀྱི་ལྟ་བ་དང་གཙོ་བོའི་མི་སྣ་དེ་ཉིད་ཀྱང་མི་ལས་འཕགས་པའི་གཟུགས་བརྙན་དུ་མཛེས་བཟོ་བྱས་ཡོད་ལ་ལོ་ཚིགས་མི་གསལ་བ། གོང་འོག་བཟློས་སྐྱོན་མང་བ། དེ་དང་དེ་བཞིན་གྱི་“དུས་རབས་ཀྱི་བཀག་རྒྱ་”ཡོད་པ་ཡིན་ནའང་།《འདྲ་འབག་》གི་ལོ་རྒྱུས་ཀྱི་གལ་ཆེའི་དཔྱད་གཞིའི་རིན་ཐང་ཡུག་གཅིག་ཏུ་ནག་བསུབ་གཏོང་བ་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་དགོངས་པ་མ་ཡིན་པས་གཅིག་ནས་གཉིས་སུ་གྱེས་པའི་ལྟ་བའི་སྒོ་ནས་དབྱེ་ཞིབ་དང་དཔྱད་བརྗོད་བྱ་རྒྱུ་ཡང་གལ་ཆེ་བར་མངོན།《འདྲ་འབག་》གི་ནང་དོན་གཙོ་བོ་ནི་རྫོགས་ཆེན་བསྟན་པ་ཇི་ལྟར་དར་ཚུལ་བརྒྱུད་བསྒྲགས་བྱ་རྒྱུ་དེ་ཡིན་ཀྱང་གཙོ་བོའི་མི་སྣ་ནི་ལོ་རྒྱུས་ཐོག་དངོས་སུ་བྱུང་བ་ཞིག་དང་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་གི་“ཤ་ཁྲག་ལས་གྲུབ་པ་”དང་། གང་དེའི་མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་བ། སྤྱི་ཚོགས་དང་གྲལ་རིམ། མི་དང་མིའི་དབར་གྱི་འབྲེལ་བར་འཛིན་པའི་དགའ་སྐྱོ་ཆགས་སྡང་གི་འདུ་ཤེས་སོགས་ཀྱང་དཔའ་བོ་གཙུག་ལག་ཕྲེང་བས་“ལྷད་ཅན་གྱི་གསེབ་ནས་ལྷད་མེད་ཀྱི་དོན་གོ་བར་སྣང་” གསུངས་པ་ཇི་བཞིན་དངོས་ཤུགས་ཅི་རིགས་ནས་གོ་བར་ནུས་ལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ལ་ཅུང་སྔ་བ་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》དང་མཁས་པ་ལྡེའུ་ཡི་《རྒྱ་བོད་ཆོས་འབྱུང་རྒྱས་པ་》དེ་བཞིན་གཏེར་ནས་བཏོན་པར་གྲགས་པའི་《པདྨ་བཀའ་ཐང་》དང་《བཙུན་མོ་བཀའ་ཐང་》དང་གཡུང་དྲུང་བོན་གྱི་《གུ་རུའི་རྣམ་ཐར་》སོགས་དང་ལོ་རྒྱུས་དོན་ཆེན་གྱི་གོ་རིམ་སྒྲིག་སྟངས་སོགས་རེ་གཉིས་ཙམ་ཕུད་འགལ་བ་ཆེར་མེད་པ་དང་། གང་དེས་ཞབས་བཅག་མྱོང་བའི་ཡུལ་སྡེ་མི་ཉུང་བ་ཞིག་ལ་ད་ལྟའང་དམངས་ཁྲོད་ཀྱི་ཤོད་རྒྱུན་ཡོད་པ་མ་ཟད། སྒོས་རྒྱལ་མོ་ཚ་བ་རོང་ཁུལ་དུ་དུས་སྐབས་དེ་རང་གི་གནའ་ཤུལ་མང་ཙམ་མཇལ་རྒྱུ་ཡོད་པའང་《འདྲ་འབག་》ནང་དུ་ཐར་ཐོར་བཀོད་ཡོད་པ་འདིར་ཁ་གསལ་ཡོང་ཕྱིར་དཔེ་མཚོན་གཉིས་ཙམ་དྲངས་ན་འདི་ལྟ་སྟེ། ༡ བེེ་རོ་ཙ་ནའི་འཁྲུངས་ཡུལ་སྐོར་ལ་《འདྲ་འབག་》(ལྕགས་པར་ཤ་96---- 97)ནང་དུ་“དེར་ཉང་ཆབ་དང་གཙང་ཆབ་འཛོམས་པའི་འགྲམ། ས་ཆེན་པོ་ཅུང་འབུར་བ་ཕ་རྒན་ཆག་རྡོ་རྗེ་རྒྱལ་པོ་དང་མ་སྲིང་བཟའ་སྒྲོན་མ་སྐྱིད་བྱ་བ་གཉིས་སུ། སྐྱེ་བ་སྔ་མ་རྒྱལ་མོ་ཚ་བ་རོང་གི་དགེ་སློང་པུར་སྣ་ཚེ་འཕོས་པ། པའུ་གན་ཆག་རྟག་ཞེས་བྱ། སྐྱེས་བུ་རིག་པ་གསལ་ཞིང་བློ་དང་ལྡན་པ་ཞིག་བྱུང་ནས།”ཞེས་བཀོད་ཡོད་པ་དང་ཇོ་ནང་ཏཱ་ར་ན་ཐས་མཛད་པའི་《མྱང་ཆོས་འབྱུང་》(ལྕགས་པར་ཤ་202---203) ནང་དུ་“ཅག་པོ་ཡུ་བ་གདོང་⑩གི་གྲོང་དེར་ལོ་ཙཱ་བ་བེེ་རོ་ཙ་ན་[ཕལ་ཆེ་བའི་གྲགས་གཏམ་བླུན་ཚིག་ལ་བེེ་རོ་ཙ་ན་སྙེ་མོ་བྱེད་(བྱེ་)མཁར་དུ་འཁྲུངས་ཀྱང་ཟེར་རོ་]འཁྲུངས་པ་བེེ་རོའི་འགྲམ་(འདྲ་) འབག་འཁྲུལ་མེད་ལས་བཤད་དོ། རྒྱ་གར་གྲུབ་ཐོབ་རྣམས་ཀྱི་ཟབ་དོན་མན་ངག་ཐུགས་ཀྱི་ཉིང་ཁུ་རྫོགས་པ་ཆེན་པོའི་ཉམས་ལེན་གནད་དུ་བསྣུན་ནས་སྒྲུབ་པ་ལ་བསྒྲིལ་ནས་བཞུགས་པའི་བསྟི་གནས་ཀྱི་ཕུག་པ་བྱིན་རླབས་ཅན་ཕོ་བྲང་བསམ་རྩེའི་ཤར་ཕྱོགས་ཀྱི་ཀྱིད་(སྐྱིད་)བདེ་སྦུག་གི་ཕུག་ན་ཡོད་པའི་བེེ་རོའི་ཕུག་པར་གྲགས་པ་དེ་ཡིན་ནོ། ཟངས་ཁར་རིའི་འོག་ཙམ་ན་བེེ་རོའི་ཞབས་རྗེས་དང་གཞན་ཡང་གྲུབ་རྟགས་ཀྱི་ཁྱད་པར་བསྟན་པ་ཡོད་དོ།”ཞེས་《འདྲ་འབག་》ལས་ཁུངས་དྲངས་ཡོད་ལ་དེ་མིན་《གུ་བཀྲའི་ཆོས་འབྱུང་》(ལྕགས་པར་ཤ་170--171)ནང་“ལོ་ཆེན་བེེ་རོ་ཙ་ན་ནི་གདུང་པ་གོར། འཁྲུངས་ཡུལ་ཕྱོགས་གཉིས་སྣང་ཏེ་ཐང་ཡིག་ལས་སྙེ་མོར་བཤད་ཀྱང་བེེ་རོ་ཉིད་ཀྱི་འདྲ་འབག་ལས། ཉང་ཆུ་གཙང་ཆུ་འདྲེས་པ་ཞེས་འབྱུང་བས། ད་ལྟ་ཕོ་བྲང་ཆེན་པོ་བསམ་གྲུབ་རྩེའི་ཤར་ཁ། ཟངས་དཀར་ཟེར་བའི་གྲོང་ཡོད་པ་དེ་ཉིད་དང་ཉེ་བའི་ཐང་དུ་འཁྲུངས་པར་གསལ་ཞིང་། གནས་དེ་ཉིད་ན། ལོ་ཆེན་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་རྡོ་ལ་གསལ་བར་ཡོད་དོ་ཟེར་”ཞེས་དང་《ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་》(ལྕགས་པར་ཤ་135ནང་གསལ་)ལས་ཀྱང་གོང་གསལ་གྱི་གསུང་དང་མཚུངས་པར་བཀོད་ཡོད་པ་དང་། ཉང་ཆབ་དང་གཙང་ཆབ་འཛོམས་པའི་ས་དེ་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཤར་ཙམ་གྱི་ས་ཡིན་པ་དང་ཆུ་དེ་གཉིས་འཛོམས་པའི་ཤར་ཁ་ན་ཆུ་ཤར་ཞེས་པའི་གྲོང་ཚོ་ཡོད་པ་དང་གྲོང་ཚོ་དེ་རུ་ད་ལྟའང་ལོ་ཆེན་བེེ་རོ་ཙ་ན་འཁྲུངས་པའི་ངག་རྒྱུན་འདུག་ལ་གོང་དུ་སྨོས་པའི་བེེ་རོ་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་ད་ལྟ་གྲོང་དེའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་གྲོང་དེའི་ཉེ་འགྲམ་དུ་ཡོད་པའི་ཤར་རིའི་འདབས་འོག་ན་ཐུགས་རྗེ་ཆེན་མོའི་ལྷ་ཁང་ཞིག་ཡོད་པ་དེར་འདུག་པ་ཁོ་བོས་མིག་མཐོང་ལག་ཟིན་བྱུང་། དེས་ན་བེེ་རོའི་འཁྲུངས་ཡུལ་གང་ཡིན་སྐོར་ལ་སྔར་གྱི་མཁས་པས་འདྲ་འབག་ལྟར་གསུངས་ཡོད་ལ། ད་ལྟའང་ཡུལ་དེ་རང་དུ་དམངས་ཁྲོད་ཀྱི་ཤོད་རྒྱུན་དང་གནའ་ཤུལ་ཡོད་པ་ཆ་མཚུངས་ཡིན། ༢ ལོ་ཆེན་བེེ་རོ་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་བའི་སྐོར་《འདྲ་འབག་》(ལྕགས་པར་ཤ་209--221) གི་ནང་དུ་ལོ་ཆེན་གང་དེ་རྒྱ་ནག་ཡུལ་དུ་ཆོས་ཀྱི་དགོངས་པ་བསྡུར་བ་ལ་ཕེབས་པའི་སྐོར་གསུངས་པར་ཡུལ་གྱི་མིང་སོགས་གསལ་བར་མི་སྣང་ཡང་། རྒྱལ་མོ་ཚ་བ་རོང་གི་ཁུལ་དུ་དམངས་ཁྲོད་ཀྱི་ཤོད་རྒྱུན་མ་ཉམས་པར་ད་ལྟའང་ཡོད་དེ། “ ( དེང་རྔ་པ་ཁུལ་འབར་ཁམས་རྫོང་གི་བེེ་རོའི་སྒྲུབ་ཕུག་གཙོ་བོ་འོད་གསལ་ཕུག་ཏུ་)སྦོམ་ཚད་ཁྲེ་ཙེ་གང་ཙམ་དང་མཐོ་ཚད་རྨིད་བདུན་ཙམ་ཡོད་པའི་ཤིང་སྡོང་སྐམ་པོ་གཅིག་ཡོད། ཤོད་རྒྱུན་དུ་ཤིང་དེ་ནི་བེེ་རོ་ཙ་ན་རྒྱ་ནག་ཆིང་ཁྲེན་(青城)དང་གླང་ཆེན་འགྱིང་རི་(峨眉山)སོགས་སུ་དམ་ཆོས་སྤེལ་བར་ཕེབས་དུས་བསྣམས་པའི་འཁར་གསིལ་ཡིན་པ་དང་། ཕྱིར་ལོག་གནང་རྗེས་ས་དེར་བཙུགས་ནས་སླར་ཡང་སྐྱེས་པ་དང་ཆེན་པོ་ཆགས་པ་ཡིན། དད་ལྡན་རྣམས་ཀྱིས་ཤིང་དེའི་སྟེང་ནས་ལྷེབ་ཙམ་བཀོག་ནས་དུ་བ་གཏོང་སྲོལ་ཡོད་པ་དང་དེ་ནི་བཀྲ་ཤིས་རྟེན་འབྲེལ་མཚོན་པར་བྱེད་ཀྱི་ཡོད།”ཅེས་དང་། ཡང་“(བེེ་རོ་ཙ་ན་)རྒྱ་ནག་གི་སངས་རྒྱས་ཆོས་ལུགས་དང་དེ་མིན་ཆོས་ལུགས་རྣམས་དང་འབྲེལ་ལམ་རྒྱ་ཆེར་ཡོད་པ་དང་། ལྷག་པར་དུ་དེང་གི་སི་ཁྲོན་གླང་ཆེན་འགྱིང་རི་དང་ཆིང་ཁྲེན་རི་བོ་ནི་ཁོང་གིས་གནས་མཇལ་དང་། ཆོས་སྤེལ་ཡུལ་དང་གྲུབ་མཐའ་གཞན་དང་མཛའ་བརྩེའི་འབྲེལ་ལམ་འཛུགས་ཡུལ་ཡང་ཡིན།”⑾ཞེས་པ་ལྟ་བུ་བེེ་རོ་ཙ་ན་རྒྱ་ནག་ཏུ་ཕེབས་པ་དགོངས་པ་གཅིག་མཐུན་ཡིན། དེས་ན་《འདྲ་འབག་》གི་ལོ་རྒྱུས་དཔྱད་གཞིའི་རིན་ཐང་ལ་དབྱེ་ཞིབ་བྱེད་དུས་ང་ཚོས་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་ཁག་དང་གཤིབ་བསྡུར་དང་། ཁོང་གིས་ཞབས་བཅག་སའི་གནས་དང་ཡུལ་ཁྱད་པར་ཅན་གྱི་དམངས་ཁྲོད་ཀྱི་ངག་རྒྱུན་ལ་ཡིད་འཇོག་བྱེད་ཐུབ་ན། ལོ་ངོ་སྟོང་ཕྲག་སྔོན་རོལ་གྱི་ལོ་རྒྱུས་མི་སྣ་ཞིག་གི་དོན་དངོས་དང་མཐུན་པའི་གཟུགས་བརྙན་བསྐྱར་གསོ་གང་ཙམ་ཐུབ་ངེས་ཡིན་ལ། ཡིག་རིགས་ཅི་འདྲ་ཞིག་ནས་བྲིས་པའི་ལོ་རྒྱུས་དེབ་ཐེར་གང་འདྲ་ཞིག་ཡིན་ནའང་རུང་། ལོ་རྒྱུས་སྨྲ་བ་པོའི་ལྟ་བ་ལ་གནམ་སའི་ཁྱད་པར་ཡོད་ཀྱང་རུང་། གང་ལྟར་ལོ་རྒྱུས་ཀྱི་དངོས་དོན་དང་བྱ་དངོས་ཀྱི་འཕེལ་ནུབ་དར་རྒུད་སྨྲ་བར་ལོ་རྒྱུས་མི་སྣ་དང་འབྲེལ་བ་མ་བྱེད་དཀའ་མེད་ཡིན་པས་ལོ་རྒྱུས་མི་སྣ་ནི་ལོ་རྒྱུས་འབྲི་བའི་ས་བོན་ཡིན་ན། ང་ཚོས་བེེ་རོ་ཙ་ན་ལ་སོགས་ལོ་རྒྱུས་མི་སྣ་བརྒྱུད། བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་དང་རིག་གནས་གསར་རྙིང་དབར་གྱི་འགལ་འདུམ། སྤྱི་ཚོགས་ཀྱི་རྣམ་པ་སོགས་ལ་རྒྱུས་མངའ་ལོན་པར་ཐབས་ལམ་གསར་པ་ཞིག་མཁོ་འདོན་བྱེད་ངེས་ཀྱང་ཡིན།
          མཆན་འགྲེལ།
          ①②③《འདྲ་འབག་》(ལྕགས་པར་)ཤོག་གྲངས་95ནང་།
          ④《འདྲ་འབག་》(དབུ་མེད་བྲིས་མ་)ཤོག་གྲངས་107མདུན་ནས་109མདུན་བར།
          ⑤གོང་མཚུངས། ཤོག་གྲངས་49རྒྱབ་ནས་50མདུན་བར།
          ⑥རྩངས་སྔོན་ལེགས་གྲུབ། གཙང་ལེགས་གྲུབ་ཅེས་ཀྱང་བྲི། ཁོང་ནི་བེེ་རོ་ཙ་ན་དང་ཆབས་ཅིག་རྒྱ་གར་དུ་སློབ་སྦྱོང་གནང་བར་ཕེབས་ལ་བེེ་རོའི་སྔོན་དུ་རྒྱ་གར་ནས་ལོག་ཕེབས་པས་ལམ་བར་དུ་འཕྲང་སྲུང་བས་བཀྲོངས་པར་གྲགས་སོ། 
          ⑦ནི་རྒྱལ་ཁབ་གཅིག་གི་བདག་པོར་གོ་བའི་ངེས་པ་མེད་དེ། དཔེར་ན་སྡེ་དགེ་རྒྱལ་པོ། བེ་རི་རྒྱལ་པོ། རྒྱལ་རྩེའི་ཆོས་རྒྱལ་ལྟ་བུ་ཡུལ་གྱི་འགོ་པའམ་སྡེ་དཔོན་ལའང་གོ་བ་མང་།
          ⑧ཆོས་ལྡན་གྱིས་བརྩམས་པའི་《རྒྱལ་རོང་བོད་རིགས་ཀྱི་ལོ་རྒྱུས་རགས་བཤད་》(རྒྱ་ཡིག་དཔར་མ་)(1995)མི་རིགས་དཔེ་སྐྲུན་ཁང་གིས་པར། ཤོག་གྲངས་585ནས་587བར།
          ⑨དགའ་ལྡན་ཕོ་བྲང་གི་སྲིད་དབང་དུས་རབས་སྐབས་གོ་ཤྲཱི་ཧན་དང་ཇུན་གར་དགའ་ལྡན་ཚེ་དབང་སོགས་ཀྱིས་དམག་ཤུགས་ལ་བརྟེན་ནས་བོན་དང་རྙིང་མ། བཀའ་རྒྱུད་སོགས་ཀྱི་དགོན་པར་གཏོར་བཤིག་ཚབས་ཆེན་བྱུང་བ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་མཛད་པའི་《ཀུན་གསལ་མེ་ལོང་》དུ་ཞིབ་པར་གསལ།
          ⑩ ཅག་པོ་ཡུ་བ་གདོང་ནི། གཞིས་ཀ་རྩེའི་གནའ་མིང་ཡིན་པར་ཇོ་ནང་ཏཱ་ར་ན་ཐས་མྱང་ཆོས་འབྱུང་དུ་གསུངས།
          ⑾མཆན་⑧དང་མཚུངས། ཤོག་གྲངས་325ནང་།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1