༄༅།། ལས་ཀར་ཞུགས་པའི་ལོ་གྲངས་དེ་ང་ཚོའི་ངལ་རྩོལ་ཁེ་དབང་6དང་འབྲེལ་བ་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 05-05


        ལས་ལོ(ལས་ཀར་ཞུགས་པའི་ལོ་གྲངས)རིང་ཐུང་ནི་ལས་བཟོས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཆེ་ཆུང་གི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། ལས་བཟོའི་ངལ་རྩོལ་ཁེ་དབང་དང་ཐོབ་ཆ་ཁག་གི་གཞི་འཛིན་ས་གཙོ་བོ་དེའང་རེད།
1.གླ་ཕོགས། 
        ལས་བཟོའི་གླ་ཕོགས་དང་། ཕོགས་སྣོན་དང་ཁ་གསབ་སོགས་ཚང་མར་ལས་ལོ་རིང་ཐུང་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་དང་ཆབས་ཅིག་གོ་མིང་ཞིབ་དཔྱད་གཏན་འཁེལ་ཁྲོད་སྤྱིར་ན་ལས་ལོར་བླང་བྱ་ངེས་ཅན་ཞིག་འདོན་སྲིད་ལ། གོ་མིང་གིས་གླ་ཕོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། 

2.རྒན་གསོའི་དངུལ་གྱི་ཕོགས་ཐོབ། 
        “མང་ཙམ་བསྐྱལ་ན་མང་ཙམ་ཐོབ་པ་དང་ཡུན་རིང་བསྐྱལ་ན་མང་ཙམ་ཐོབ་པའི”རྩ་དོན་གཞིར་བཟུང་། རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་འཇལ་ཡུན་ཇི་ཙམ་རིང་ན་ལས་བཟོ་རྒན་ཡོལ་ཞུས་རྗེས་ལོངས་སྤྱོད་ཆོག་པའི་ཕོགས་ཐོབ་དེ་བས་མང་བ་མ་ཟད། གྲོན་དངུལ་འཇལ་ཡུན་སྤྱིར་ན་སྤྱི་ཚོགས་ཀྱི་ལས་ལོ་དང་འབྲེལ་བ་ཡོད། 

3.སྨན་བཅོས་བྱེད་ཡུན། 
        སྨན་བཅོས་བྱེད་ཡུན་ནི་ཁེ་ལས་ཀྱི་ལས་བཟོ་ན་བའམ་ཡང་ན་གཞུང་དོན་མིན་པར་རྨས་ནས་ལས་མཚམས་བཞག་ཏེ་སྨན་བཅོས་ངལ་གསོ་རྒྱག་དགོས་བྱུང་བ་གང་ཞིག ངལ་རྩོལ་གན་རྒྱ་རྩིས་མེད་དུ་གཏང་མི་ཆོག་པའི་དུས་ཚད་ལ་བརྗོད། ལས་ལོ་རིང་ཐུང་ལ་གཞིགས་ཏེ་ངལ་རྩོལ་པས་ཟླ་བ་གསུམ་ནས་ཟླ་བ་ཉེར་བཞི་བར་གྱི་སྨན་བཅོས་བྱེད་ཡུན་ལོངས་སྤྱོད་བྱ་ཆོག 

4.གླ་ཕོགས་ཡོད་པའི་འཁོར་ཤག
        《ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་ལྔར། “ངལ་རྩོལ་བས་ལོ་གཅིག་ཡན་བསྟུད་མར་ལས་ཀ་བྱས་ཚེ་གླ་ཕོགས་ཡོད་པའི་འཁོར་ཤག་ལ་བསྡད་ཆོག ཞིབ་ཕྲའི་བྱ་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལ་གཞིགས་དགོས”ཞེས་གཏན་འབེབས་བྱས་ཡོད། ལས་བཟོས་འཁོར་ཤག་རིང་རྒྱུན་གཏན་ལྟར་གླ་ཕོགས་ལོངས་སྤྱོད་བྱ་ཆོག
 
 5.ནད་དགོངས་ཞུ་རིང་གི་གླ་ཕོགས། 
        ལས་བཟོ་ན་བའམ་ཡང་ན་གཞུང་དོན་མིན་པར་རྨས་ནས་བསྟུད་མར་ངལ་གསོ་ཟླ་བ་6ནང་ཚུན་སྡོད་དགོས་རིགས་ལ་ཁེ་ལས་ཀྱིས་ཚད་གཞིར་གཞིགས་ཏེ་ནད་དགོངས་ཞུས་པའི་གླ་ཕོགས་སྤྲོད་པ་དང་། བསྟུད་མར་ངལ་གསོ་ཟླ་བ་6ཡན་བསྡད་ཚེ། ཁེ་ལས་ཀྱིས་ནད་རིགས་ཀྱི་གུན་གསབ་དངུལ་སྤྲོད་དགོས་ཤིང་། དེའི་ཚད་གཞི་ལས་ཀ་བསྟུད་མར་བྱས་པའི་ལོ་དང་འབྲེལ་བ་ཡོད། 

6.དཔལ་འབྱོར་ཁ་གསབ་མ་དངུལ། 
        དཔལ་འབྱོར་ཁ་གསབ་མ་དངུལ་ནི་ངལ་རྩོལ་གན་རྒྱ་རྩིས་མེད་དུ་བཏང་བའམ་ཡང་ན་མཚམས་འཇོག་བྱས་རྗེས། མི་སྤྱོད་ཚན་པས་ཁྲིམས་བཞིན་ངལ་རྩོལ་བར་སྤྲོད་གཅིག་མའི་དཔལ་འབྱོར་ཁ་གསབ་ལ་ཟེར། ངལ་རྩོལ་བ་ཚན་པ་དེར་ལས་ཀ་བྱས་པའི་ལོ་ཚད་ལོ་གཅིག་ཚང་ཐེངས་རེར་ཟླ་བ་གཅིག་གི་གླ་ཕོགས་ཀྱི་ཚད་གཞི་ལྟར་ངལ་རྩོལ་བར་སྤྲོད་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1