ཨེ་ཅིབ་ནས་གནའ་བོའི་རྒྱལ་པོའི་དུས་སྐབས་ཀྱི་བང་སོ་ཞིག་བསྔོགས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-06


     ཟླ་5ཚེས་4ཉིན། ཨེ་ཅིབ་ཆེས་མཐོའི་རིག་དངོས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་མུའུ་སི་ཐཱ་ཧྥ་ཝ་ཆི་ལི་ཡིས་གསལ་བསྒྲགས་ནང་བཤད་དོན། ཨེ་ཅིབ་ཀྱི་གནའ་རྫས་རྟོག་ཞིབ་རུ་ཁག་ཅིག་གིས་ཅི་སཱ་ཀའོ་ཏི་གཏོར་གཟུགས་མཆོད་རྟེན་ཆེ་བའི་འགྲམ་ནས་ཨེ་ཅིབ་གནའ་བོའི་རྒྱལ་པོའི་དུས་སྐབས(སྤྱི་ལོ་སྔོན་གྱི་2686ལོ་ནས་སྤྱི་ལོ་སྔོན་གྱི་2181ལོ་བར)ཀྱི་བང་སོ་ཞིག་བསྔོགས་ཡོད། 
     ཝ་ཆི་ལི་ཡིས། གནའ་རྫས་རྟོག་ཞིབ་རུ་ཁག་གིས་བང་སོ་དེ་ནས་གནའ་བོའི་རྒྱལ་པོའི་དུས་སྐབས་ཀྱི་བང་སོ་མང་པོ་ཞིག་བསྔོགས་ཡོད་ཅིང་། དེའི་ཁྲོད་དུ། ལོ་རྒྱུས་རིང་ཤོས་ནི་རྒྱལ་རབས་ལྔ་བའི་དུས་སྐབས་ཀྱི་ཁྱིམ་རྒྱུད་ཀྱི་བང་སོ་དེ་ཡིན་པ་དང་། བང་སོ་དེ་ལ་བདག་པོ་གཉིས་ཡོད་པ་ལས་གཅིག་ལ་མཆོད་དཔོན་དང་ཁྲིམས་དཔོན་སོགས་ཀྱི་གོ་གནས་7ཡོད་ཅིང་། གཞན་དེ་ལ་རྒྱལ་ཁབ་ཀྱི་འགོ་ཁྲིད་རླབས་ཆེན་དང་། མངའ་ཁོངས་གསར་པའི་སྲུང་འཛིན་པ་སོགས་ཀྱི་གོ་གནས་5ཡོད་པར་བཤད། 
     ཝ་ཆི་ལི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གནའ་རྫས་རྟོག་ཞིབ་རུ་ཁག་གིས་བང་སོ་ནས་ལྡེབས་རིས་སོགས་རྗེས་ཤུལ་རིག་དངོས་མང་པོ་རྙེད་ཡོད་པ་དང་། དེའི་ཁྲོད་དུ་ཆེས་གལ་ཆེ་བ་ནི་བང་སོའི་བདག་པོའི་རྡོ་ཐལ་གྱི་བརྐོས་བརྙན་དེ་ཡིན་པ་རེད། 

     ཅི་སཱ་ཀའོ་ཏའི་སྤྱི་ཁྱབ་ལས་འཛིན་པ་ཨ་ཧྲི་ལ་ཧྥུའུ་མུའུ་ཞི་ཡིས་ངོ་སྤྲོད་བྱས་དོན། བང་སོ་འདི་གནའ་བོའི་ཨེ་ཅིབ་ཀྱི་དུས་མཇུག(སྤྱི་ལོ་སྔོན་གྱི་712ལོ་ནས་སྤྱི་ལོ་སྔོན་གྱི་323ལོ་བར)ཏུ་ཐེངས་མང་པོར་བསྐྱར་བཟློས་ཀྱིས་སྤྱད་ཡོད་པ་དང་། གནའ་རྫས་རྟོག་ཞིབ་རུ་ཁག་གིས་བང་སོ་དེ་ནས་གནའ་བོའི་ཨེ་ཅིབ་ཀྱི་དུས་མཇུག་གི་ཤིང་གི་རོ་སྒམ་དང་འདས་མཆོད་ལ་སྤྱོད་བྱའི་ཤིང་དང་རྡོ་ཡིས་བཟོས་པའི་ངོ་འབག་འགའ་རྙེད་ཡོད་ཅིང་། དེའི་ནང་མང་ཤོས་ལ་ད་དུང་ཚོན་མདོག་ཀྱང་ལྡན་ཡོད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1