ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྣམ་བཤད་དཔེ་སྐྲུན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-07



            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་ནས་རྩོམ་སྒྲིག་བྱས་པའི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྣམ་བཤད་བསྡུས་བསྒྲིགས་ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པ་དང་། རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས་ཡོད་པ་རེད།
            གྲོང་གསེབ་དར་རྒྱས་ཐབས་ཇུས་ལག་བསྟར་བྱ་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཁྱོན་ཡོངས་ལ་གཞིགས་པ་དང་། ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་རྒྱུར་དམིགས་པ། ཞིང་པ་དུང་ཕྱུར་ཁ་ཤས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་འདུན་པ་དང་བསྟུན་ཐབས་བཅས་བྱེད་ཆེད་བཟོས་པའི་གལ་ཆེའི་བཀོད་ཇུས་ཤིག་ཡིན་པ་དང་། དུས་རབས་གསར་པར་ཞིང་གསུམ་ལས་ཀ་ཡག་པོ་བྱེད་པའི་སྤྱིའི་གཞི་འཛིན་ས་དེ་ཡིན། ཞིང་ལས་དང་གྲོང་གསེབ་ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན། ཞིང་ལས་སྟོབས་ཆེ་ཆུང་གང་འདྲ་ཡོད་མེད་དང་། གྲོང་གསེབ་མཛེས་པོ་གང་འདྲ་ཡོད་མེད། ཞིང་པ་ཕྱུག་པོ་གང་འདྲ་ཡོད་མེད་བཅས་ཀྱིས་ཞིང་པ་དུང་ཕྱུར་ཁ་ཤས་ཀྱི་ཐོབ་ཚོར་དང་བདེ་ཚོར་ཐག་གཅོད་བྱེད་པ་དང་། རང་རྒྱལ་གྱི་ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱུ་སྤུས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྤུས་ཚད་ཐག་གཅོད་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གལ་ཆེ་ཤོས་སུ་བཞག་གནང་བ་དང་། ཞིང་གསུམ་ལས་དོན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བས། ཞིང་ལས་དང་གྲོང་གསེབ་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་་བཞིན་གྱི་འཕོ་འགྱུར་བྱུང་ཡོད། བློ་མཐུན་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་སློབ་སྦྱོང་ནན་ཏན་བྱ་རྒྱུ་ནི། ང་ཚོས་གྲོང་གསེབ་དར་རྒྱས་ཐབས་ཇུས་ལག་བསྟར་བྱེད་པའི་ཁ་ཚ་དགོས་གཏུག་དང་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ་དང་། ཆོད་སེམས་སྔར་བས་ཆེ་བ་དང་། དམིགས་འབེན་སྔར་བས་གསལ་བ། བྱ་ཐབས་སྔར་བས་ནུས་ལྡན་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་ཞིང་གསུམ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཞིང་གསུམ་ལེའུ་གསར་པ་འབྲི་རྒྱུར་ཧ་ཅང་གལ་ཆེ་བའི་དོན་སྙིང་ལྡན་པ་ཞིག་ཡིན།
            རྣམ་བཤད་བསྡུས་བསྒྲིགས་དེ་ཁྱོན་ཆེད་དོན་ཁག་11ལ་དབྱེ་ཡོད་པ་སྟེ། ཞིང་ལས་དང་གྲོང་གསེབ་གོང་འཕེལ་གཏོང་རྒྱུ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི་ཐབས་ཇུས་ལག་བསྟར་བྱེད་རྒྱུ་དང་གཅིག གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་སྒྲིག་གཞི་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ་དང་གཉིས། གྲོང་གསེབ་ཀྱི་གཞི་རྩའི་ཁེ་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་གསུམ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱས་ནས། ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པ་དང་བཞི། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ལྔ། འབྱུང་འཕྲོད་གོང་འཕེལ་གྱིས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱ་དགོས་པ་དང་དྲུག ཞིང་རྨོད་ཤེས་དཔལ་རྒྱུན་འཛིན་གོང་སྤེལ་གཏོང་དགོས་པ་དང་བདུན། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་རྒྱུ་དང་བརྒྱད། ཞིང་པས་ལས་ཞུགས་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་སྐུལ་མ་བཏང་ནས། འབབ་འཕར་ལམ་བུ་རྒྱ་ཆེར་གཏོང་དགོས་པ་དང་དགུ གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་གྱི་དབུལ་སྒྲོལ་འགག་གཏོར་ལས་དོན་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་དང་བཅུ། ཏང་གིས་ཞིང་གསུམ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་གཏོང་དགོས་པ་དང་བཅུ་གཅིག་བཅས་ཡིན། དེབ་དེའི་ནང་ཞིང་གསུམ་སྐོར་གྱི་རྣམ་བཤད་དུམ་བུ་286བསྡུས་ཡོད། དེ་ཡང་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ལོ་2012ལོའི་ཟླ་12པ་ནས་སྤྱི་ལོ་2019ལོའི་ཟླ་3པའི་བར་གྱི་གསུང་བཤད་དང་། སྙན་ཞུ། མཛུབ་སྟོན། བཀྲ་ཤིས་བདེ་ལེགས་ཞུ་ཡིག་སོགས་གལ་ཆེའི་ཡིག་ཆ་70ལྷག་ཙམ་ནས་བསྡུས་ཡོད་ཅིང་། དེའི་ནང་རྣམ་བཤད་མང་པོ་ཞིག་ཡོངས་བསྒྲགས་བྱེད་ཐེངས་དང་པོ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1