དཀར་མཛེས་ཁུལ་གྱི་ཤིན་ཏུ་དབུལ་བའི་ཡུལ་གྲོང་གཅིག་བསྡུས་ཀྱིས་འགག་སྒྲོལ་དང་ཞིང་སྡེའི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་པའི་ཡུལ་དངོས་སྐུལ་འདེད་ཚོགས་འདུའི་ཟུར་བྲིས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-08


རང་ཁུལ་གྱི་ཤིན་ཏུ་དབུལ་བའི་ཡུལ་གྲོང་གཅིག་བསྡུས་ཀྱིས་འགག་སྒྲོལ་དང་ཞིང་སྡེའི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་པའི་ཡུལ་དངོས་སྐུལ་འདེད་ཚོགས་འདུའི་ཟུར་བྲིས།

    ཁོར་ཡུག་བཟང་པོའི་སྡོད་ཁང་གསར་པའི་ནང་གི་གནས་ཚུལ་དངོས་ལ་རྟོག་ཞིབ་བྱེད་སྐབས་མི་རྣམས་སྙིང་སྟོབས་རབ་ཏུ་འཕེལ།

    ལྟ་སྐོར་དང་སློབ་སྦྱོང་། ཉམས་མྱོང་བསྡུ་ལེན་བཅས་བྱས་མཐར་ཚོགས་ཞུགས་མི་སྣར་ཉམས་མྱོང་ཡག་པོ་ཐོབ་ཡོད་པས་ཁོང་ཚོས་རྗེས་མའི་ལས་ཀའི་འཆར་གཞི་བཏིང་བ་རེད།

    སྤྱི་ཟླ4པའི་ཚེས15ཉིན་གྱི་སྔ་དྲོར། རྟོག་ཞིབ་ཚོ་ཆུང་སྡེ་དགེ་རྫོང་ལམ་མདོ་ཤང་ལེགས་སྨད་གྲོང་སྡེའི་འཕེན་ལོག་ཚོ་ཆུང་དུ་བསྐྱོད་པ་རེད། ཆུ་ལེན་སར་ལམ་ཐག་རིང་བ་དང་ཁང་པའི་ནང་དུ་ཨ་བྲ་མང་བ། ཁང་པ་ཐབས་ཆག་ཡིན་པས་ནང་རོལ་དུ་ཉི་མ་ཡང་ལྡེ་ཐུབ་པ་བཅས་ནི་འཕེན་ལོག་ཚོ་ཆུང་གི་སྔོན་མའི་གནས་ཚུལ་ཡིན་ཞིང་། དེ་སྔོན་ཚོ་ཆུང་དེའི་ཁང་པ་ཚང་མ་ས་ཁང་ཡིན་ལ་ཐོག་བརྩེགས་དམའ་ལ་བརླན་གཤེར་ཆེ་བ། གསལ་ཆ་ཞན་ལ་ཡོམ་འགོག་གི་ཕན་ནུས་ཆུང་བ་བཅས་ཡིན་པས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཐད་ཀར་གནོད་ཀྱི་ཡོད།

    2018ལོའི་སྤྱི་ཟླ4པར་སྡེ་དགེ་རྫོང་གིས་རྫོང་ཡོངས་ཀྱི་དུད་ཚང16000ཡི་ས་ཁང་བསྒྱུར་བཀོད་བྱས་ཏེ་ཀ་གདུང་བརྟན་པོ་དང་ཕྱི་ཁོག་བརླིང་པའི་བདེ་འཇགས་སྡོད་ཁང་བསྐྲུན་ཡོད། ན་ལོའི་སྤྱི་ཟླ11པའི་ནང་ཚུན་དུ་འཕེན་ལོག་ཚོ་ཆུང་གི་དུད་ཚང23གྱི་མི96ཁང་གསར་དུ་སྤོས་ཟིན་པ་རེད།

    ཁང་གསར་འཛུགས་སྐྲུན་བྱས་རྗེས་སྔར་གྱི་ཁང་པ་རྙིང་རལ་ད་དུང་བཤིག་ཚར་མེད་པས་གཉིས་པོ་གཤིབ་བསྡུར་བྱེད་དུས་གནམ་ས་བླ་འོག་ལྟ་བུའི་ཁྱད་པར་ཡོད་པ་ནི་སྨོས་ཅི་དགོས།  གསར་དུ་བསྐྲུན་པའི་ཁང་པ་ནི་ཤིང་ལས་གྲུབ་ཅིང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ80ཙམ་ཡོད། སྒོ་རའི་རྒྱ་ཁྱོན་སྔ་ལས་ཆེ་རུ་ཕྱིན་པར་ཕུད་སྨི་གྲུ་བཞི་མ30ཡས་མས་ཀྱི་འདེབས་གསོ་བྱེད་ས་ཡོད་པས་བདེ་སྡོད་ལས་བརྩོན་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཤིག་ཆགས་ཡོད་པ་རེད།

    རྟོག་ཞིབ་ཚོ་ཆུང་དཀར་མཛེས་རྫོང་མདའ་མདོ་ཤང་མདའ་མདོ་གྲོང་སྡེའི་གྲོང་མི་ཡར་དགའ་ཚང་དུ་འགྲོ་དུས་མིག་ལམ་དུ་གཙང་ཞིང་ལེགས་པའི་སྒོ་རའི་ནང་གི་ཁམ་སྡོང་དང་ཀུ་ཤུའི་སྡོང་བོ་སོགས་ལས་དཔྱིད་ཀྱི་རྣམ་པས་རབ་ཏུ་ཁེངས་པ་མཐོང་། ཡར་དགའི་གདོང་ལ་འཛུམ་གྱིས་ཁེངས་ནས་ལམ་དང་ཆུ། ཆབ་ཁང་། སྡོད་ཁང་བཅས་བསྒྱུར་བཀོད་བྱས་མཐར་ང་ཚོ་ཞིང་སྡེའི་འཚོ་བ་དང་ཁོར་ཡུག་ཐད་སྔར་དང་བསྡུར་ན་ཡར་རྒྱས་ཆེན་པོ་བྱུང་སོང་ཞེས་བཤད་པ་རེད།

    མདའ་མདོ་ཤང་གི་ཤང་ཀྲང་བཀྲ་ཤིས་ནོར་བུས་མ་དངུལ་ཉུང་བས་ང་ཚོས་རང་ཤང་གི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་སྡོད་དམངས་ཁོར་ཡུག་ལེགས་བཅོས་ཀྱི་ཐབས་ལམ་ཞིག་བདམས་པ་ཡིན། རྫོང་སྲིད་གཞུང་གི་འགོ་ཁྲིད་འོག་ང་ཚོས་ཡུན་རིང་དམག་འཐབ་བྱེད་པའི་བསམ་བློའི་འདུ་ཤེས་བརྟན་པོར་བཅངས་ཏེ། གྱོན་ཆས་གསར་པ་ཉོ་མི་ཐུབ་ཀྱང་གྱོན་ཆས་གཙང་མར་འཁྲུད་པའི་བྱེད་ཐབས་བཏོན་ཡོད། ཤང་ཡོངས་སུ་བཤིག་འཛུགས་ཀྱི་ལས་གྲྭ་རྒྱ་ཆེན་སྤེལ་མི་ཐུབ་ཀྱང་ཡུལ་བབ་དང་བསྟུན་ནས་ད་ཡོད་ཀྱི་རྨང་གཞིའི་ཐོག་གྲོང་སྡེའི་ཁོར་ཡུག་ལེགས་སུ་གཏོང་བཞིན་ཡོད།  ཤང་ཡོངས་ཀྱི་ས་ངོས་སུ་གད་སྙིགས་མེད་པ་དང་ཆུ་ཁར་དངོས་པོ་ལྷག་མ་མེད་པ། གྱང་ངོས་ཀྱི་གང་སར་རི་མོ་འདྲ་མིན་མི་འབྲི་བ་འགན་ལེན་བྱས་པས་མ་ཚད་སྡོད་ཁང་མདུན་ངོས་ཀྱི་ཕྱི་ནང་ཀུན་ཏུ་གཙང་སྦྲ་ཡག་པོར་བྱས་ཏེ་འདི་ནའི་རི་བོ་མཛེས་ལ་ཆུ་བོ་དྭངས་པ། མི་སེམས་དེ་བས་བཟང་བའི་ལས་དོན་ཁག་ལ་ཁག་ཐེག་ཏན་ཏིག་བྱས་ཡོད་ཅེས་བཤད་པ་རེད།

    དཀར་མཛེས་རྫོང་ལྕེ་རིང་ལུང་དབུལ་སྐྱོར་གནས་སྤོའི་གཅིག་བསྡུས་གཞིས་ཆགས་ས་ཚུགས་སུ་དབུལ་ཕོངས་དུད་ཚང་གི་ཁྱིམ་མི་ཆོས་རྒྱལ་གྱིས་གནས་སྤོ་ཁང་གསར་ལ་ལྟ་ཞོར་ཁང་པ་འདིའི་ཐུག་འཕྲད་ཁང་དང་ཇ་ཁང་། ཆབ་ཁང་སོགས་སྒྲིག་བཀོད་ཧ་ཅང་ལུགས་མཐུན་ཡིན་ཞིང་། སྔོན་མ་དགུན་གྲང་ངར་དང་དབྱར་ཚ་གདུང་གིས་མི་བཟོད་པའི་ས་ཁང་རྙིང་རལ་དང་བསྡུར་ན་བཤད་མི་ཚར་བའི་བཟང་ཆ་མང་པོ་ཡོད་ཅེས་བཤད།

    སྔོན་ཆད། ཆོས་རྒྱལ་ཚང་རི་མགོར་གཞིས་ཆགས་ཡོད་པས་འགྲོ་འོང་མི་བདེ་བ་དང་། དེའི་ཐོག་ལོ་ཟླ་རིང་མོའི་ཆར་རླུང་གིས་ཤུགས་རྐྱེན་འོག་ས་ཁང་རྙིང་རལ་དེའང་བརྡིབས་པ་རེད། དེར་བརྟེན་ཁོ་ཚང་ཡང་གནས་སྤོའི་དུད་ཚང་གི་ཁོངས་སུ་ཚུད་པ་རེད།   ད་ཆར་ཁང་གསར་དུ་སྤོས་ཟིན་པས་མ་ཚད་ཁང་པའི་སྒོ་ཁར་ཚལ་ཞིང་སྒོ་ར་ཆུང་ཆུང་ཞིག་ཀྱང་ཡོད་ཅིང་། ཆོས་རྒྱལ་ལ་ཁོམ་པ་འདྲ་ཡོད་དུས་སྒོ་རའི་ནང་ལ་སོང་ནས་ལས་ཀ་ཙག་ཙིག་ལས་བཞིན་ཡོད།

    དབུལ་སྐྱོར་གནད་སྨིན་གྱི་ལས་དོན་སྤེལ་བ་ནས་བཟུང་། དཀར་མཛེས་རྫོང་གིས་གནས་སྤོ་དབུལ་སྐྱོར་གྱི་སྲིད་ཇུས་གོ་སྐབས་དམ་འཛིན་བྱས་ཏེ་དུས་ཐོག་ཏུ་ལས་གཞི་མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་བཙུགས་ནས། ལག་བསྟར་ཇུས་གཞི་བཟོས་པས་མ་ཚད་ཚོགས་འདུ་ཐེངས་མང་འཚོགས་ཏེ་དངུལ་བུན་རག་ཐབས་མཐུན་སྦྱོར་བྱས་ཤིང་།  སྲིད་ཇུས་འགྲེལ་བཤད་དང་དྲིལ་བསྒྲགས་ཁྲིད་སྟོན་བཅས་བྱས་ནས་མང་ཚོགས་སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་བཏང་བ་རེད།

    སློབ་གསོ་དང་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་།

    སྡེ་དགེ་རྫོང་རྫ་ཁོག་བར་མའི་ཤང་བྱང་ཐོག་སློབ་ཆུང་གི་མཁའ་དབྱིངས་སུ་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་། སློབ་རའི་ནང་གི་དཔེ་ཆ་ཀློག་སྒྲ་ཕྱི་རོལ་དུ་ལྷང་ལྷང་གྲག་བཞིན་མཆིས། རྟོག་ཞིབ་ཚོ་ཆུང་སློབ་རའི་ནང་དུ་སོང་ནས་སློབ་ཁྲིད་བྱེད་སྟངས་དང་སྡོད་ཁང་ཆ་རྐྱེན། སློབ་གཉེར་ཁྱད་ཆོས་བཅས་ལ་རྒྱུས་ལོན་ཞིབ་ཚགས་བྱས་པ་རེད།

    ད་ལོ་ལོ་བཅུ་གསུམ་ལ་སོན་པའི་དབང་འདུས་ནི་སློབ་གྲྭ་འདིའི་ལོ་རིམ་གསུམ་པའི་སློབ་མ་ཡིན་ཞིང་། ཁོ་རང་ལོ་ལྔའི་ཐོག་སླེབས་སྐབས་ཨ་ཕ་ཤི་བ་དང་། དེ་རྗེས་ཁོ་རང་དང་ནུ་མོ་གཉིས་གསོ་མཁན་ཨ་མ་གཅིག་པུ་དེ་ཡང་དཀའ་སྡུག་གིས་མནར་བས་ནད་ཕོག་ནས་ཤི་བ་རེད། འདི་འདྲའི་གནས་ཚུལ་འོག་ལོ་རིམ་གསུམ་པ་འདོན་བཞིན་པའི་དབང་འདུས་ཀྱང་སློབ་མཚམས་བཞག་ནས་གཞན་ལ་རྫི་གླ་མི་འགྲོ་ཀ་མེད་བྱུང་། རྫ་ཁོག་བར་མའི་ཤང་ཏང་ཨུ་དང་སྲིད་གཞུང་། སློབ་གྲྭ་སོགས་ཀྱིས་གནས་ཚུལ་དེ་ཤེས་རྗེས་མཐོང་ཆེན་བྱས་ཏེ་ཁོ་མིང་སྲིང་གསུམ་པོར་རོགས་རམ་ཡག་པོ་བྱས་ཡོད།  ད་ལོར་དབང་འདུས་ཀྱང་ཡང་བསྐྱར་སློབ་གྲྭར་ལོག་ཐུབ་ཡོད།   དབང་འདུས་ཀྱིས་ད་ལྟ་ང་ལ་སློབ་གྲྭའི་ནང་དུ་དཀའ་ཁག་གང་ཡང་མི་འདུག་སྐྱིད་པོ་རེད། ངས་ཧུར་བརྩོན་གྱིས་སློབ་སྦྱོང་བྱ་དགོས། རྗེས་སུ་རང་ཉིད་ཀྱང་དགེ་རྒན་རྣམས་དང་འདྲ་བར་བསམ་པ་རྣམ་དག་གིས་རོགས་རམ་བྱ་དགོས་པའི་མི་དེར་སེམས་ཁུར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་སྡེ་དགེ་རྫོང་དུ་དབུལ་ཕོངས་ཡིན་པ་དང་འགྲིམ་འགྲུལ་མི་བདེ་བའི་དབང་གིས་སློབ་ལོ་རན་པའི་སློབ་མཚམས་འཇོག་པའི་བྱིས་པ་ཁྱོན་བསྡོམས2235ཡོད་ཅིང་། དགེ་རྒན་རྣམ་པ་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཐུན་མོང་དུ་འབད་བརྩོན་བྱས་མཐར་སློབ་མཚམས་འཇོག་པའི་བྱིས་པ་ཚང་མ་སློབ་གྲྭ་རུ་ཕྱིར་ལོག་ཟིན་པ་དང་རྫོང་དེའི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ100ལ་ཟིན་པ་རེད།

    སྡེ་དགེ་རྫོང་རྫ་ཁོག་བར་མའི་ཤང་ག་ཡི་གྲོང་སྡེའི་ཏང་ཡོན་བྱེད་སྒོ་སྤེལ་གནས་ལ་ཕན་འབྲས་གསར་པ་ཐོབ་ཡོད། གྲོང་སྡེ་རིམ་པའི་བྱེད་སྒོ་སྤེལ་ཁང་དུ་ཏང་གི་དར་ཆ་བཀྲག་མདངས་ལྡན་པ་དང་རིག་གནས་ཁང་དུ་དཔེ་དེབ་ཕུན་སུམ་ཚོགས་པོ་འདུག  འཕྲོད་བསྟེན་ཁང་དུའང་སྨན་རྫས་དང་དཔྱད་ཡིག་སོགས་ཆ་ཚང་འཛོམས་ཡོད་པ་རེད།

    སྔར་ག་ཡི་གྲོང་སྡེར་ཐང་སྟོང་ས་རྒོད་མང་བས་འདི་ནའི་གྲོང་མི་ཚོས་ཁ་ཕོ་བའི་ཆེད་དུ་སྡུག་དཀའ་ལས་གང་མང་བརྒྱབ་ཀྱང་གྲུབ་འབྲས་ཡག་པོ་ཐོབ་མི་ཐུབ་པས། མཐར་མི་སེར་ཚོས་ས་ཆ་འདིར་མུ་གེ་ཐང་ཞེས་མིང་བཏགས་མྱོང་བ་རེད། ཡིན་ཡང་དབུལ་སྐྱོར་གནད་སྨིན་གྱི་བྱེད་སྒོ་སྤེལ་བ་ནས་བཟུང་དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་ས་རྒོད་འདི་སྒོ་ཀུན་ནས་བསློགས་ཏེ་སྔོན་ཐོན་ཚན་རིག་གི་རྣམ་པ་དེས་ས་གཞི་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བར་བྱས་ཡོད། འབྲི་ཆུའི་འབབ་རྒྱུད་དུ་ཞིང་ལས་ཐོན་ལས་ཁུལ་བཙུགས་ཏེ་གྲོང་སྡེ་ཡོངས་ཀྱི་དུད་ཚང58མི318ཀྱི་སོ་སོའི་སྒོ་ཁར་ལས་གཉེར་བྱས་ཡོད་པས་དབུལ་ཕོངས་དུད་ཚང18ཀྱི་མི93རྐང་བདག་ལ་གྱུར་ཡོད་པས་ལོ་ལྟར་སྒོར་མོ་བགོ་རྒྱུ་ཡོད་པ་རེད། དེ་ནས་བཟུང་འདི་ནའི་མི་སེར་ཚོས་ས་ཆར་འདིར་བཀྲ་ཤིས་ཐང་ཞེས་མིང་དུ་བསྒྱུར་བ་རེད།

སྤྱི་ཟླ4པའི་ཚེས15ཉིན་ལ་རྟོག་ཞིབ་ཚོ་ཆུང་སྡེ་དགེ་རྫོང་རྫ་ཁོག་བར་མའི་ཤང་གི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་བསླེབས།

    དྲོད་ཁང་ཆེན་མོ20ཡི་ནང་དུ་སྔོ་ལྗང་ལྗང་དུ་སྐྱེས་པའི་སྔོ་ཚལ་འདྲ་མིན་གྱིས་གང་བ་དང་ལས་སྣོན་ཁུལ་དུ་དེང་རབས་སྣོད་ཆས་གྲལ་བསྟར་བསྒྲིགས་ནས་བཞག་པ། མཛོད་ཁང་དུའང་གསོག་འཇོག་འདང་ངེས་ཡིན་པའི་གནས་ཚུལ་མཐོང་དུས་ཉག་ཆུ་རྫོང་དབུལ་ཐར་འགག་སྒྲོལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཅེས་གླིང་ཁུལ་དེ་གཅིག་ནི་དེང་རབས་དང་མཐུན་པ་དང་གཉིས་ནི་ཕན་ཚུན་མཐུན་སྦྱོར་ཡིན་པས་ཕྱིར་ལོག་རྗེས་རང་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཉམས་མྱོང་དང་དེང་རབས་ལག་རྩལ་ཕུན་སུམ་ཚོགས་སུ་བཏང་སྟེ་ཞིང་ལས་ཐོན་ལས་སྟོབས་ཆེར་གཏང་རྒྱུ་ཡིན་ཞེས་བཤད།

   དཀར་མཛེས་རྫོང་ཚ་རྩྭ་ཤང་བཞི་མདོ་གྲོང་སྡེའི་རྡོ་ར་རྭ་སྒམ་མཉམ་ལས་ཁང་གི་ཐོན་ལས་འགྲེམས་སྟེགས་ཐོག་བེ་ཤ་དང་དབྱར་རྩྭ་དགུན་འབུ། སྙི་བ་སོགས་ས་མཐོའི་དམིགས་བསལ་ཐོན་རྫས་དང་། འཇིམ་བརྙན་དང་ཐང་ག   རྡོ་བརྐོས་སོགས་གཟུགས་མེད་རིག་གནས་སྐོར་གྱི་དངོས་པོ་འདྲ་མིན་བཞག་ཡོད་པར་མཐོང་དུས་རྟོག་ཞིབ་ཚོ་ཆུང་གི་ཁོངས་མི་རྣམས་ཧ་ལས་ནས་དེར་འབྲེལ་མཐུད་བྱས། མཉམ་ལས་ཁང་གི་འགན་འཁུར་པས་རྟོག་ཞིབ་བྱེད་མིར་གེ་སར་གྱི་འཇིམ་བརྙན་ཆུང་ཆུང་ཞིག་གི་རིན་ཐང་སྒོར3800ཙམ་ཡིན་ཞེས་བཤད།

   གསེར་ཐར་རྫོང་སྟག་རྩེ་ཤང་ཏང་ཨུའི་ཧྲུའུ་ཅི་བློ་བཟང་དོན་འགྲུབ་ཀྱིས་གེ་སར་རྒྱལ་པོའི་རིག་གནས་ནི་དཀར་མཛེས་ཁུལ་གྱི་རིག་གནས་ཀྱི་གཏེར་ཁ་ཕུན་སུམ་ཚོགས་པ་ཞིག་ཡིན་ཞིང་།  རྡོ་ར་མཉམ་ལས་ཁང་གིས་མི་རིགས་རིག་གནས་སྔོག་འདོན་བྱས་ཏེ་ང་ཚོའི་བློ་སྒོ་ཕྱེ་སོང་།  ང་ཚོས་ཀྱང་ཕྱིར་ལོག་རྗེས་དེའི་སྐོར་ནས་ཞིབ་འཇུག་ནན་ཏན་དང་སྔོག་འདོན་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1