གཙོ་ངོས།>> གནའ་ཤུལ།>>རྟོག་ཞིབ།

ཉི་མ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༡༠ཉིན།

༄༅།། མངའ་རིས་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོ་ནས་གསར་དུ་རྙེད་པའི་མནའ་གན་དང་གན་རྒྱའི་ཤོག་དྲིལ་ཁག་གཉིས་ལ་དཔྱད་པ།


          [ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་དུ་མངའ་རིས་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོ་རུ་ཉར་བའི་གན་རྒྱ་དང་མནའ་གན་གྱི་དཔེར་བརྗོད་གཉིས་ཀྱི་མ་ཡིག་བཀོད་དེ།  དེང་རབས་ཀྱི་དམངས་དོན་དང་དཔལ་འབྱོར་སྐོར་གྱི་བཅའ་ཁྲིམས་ལས་གན་རྒྱ་སྤྱི་ལ་ཚང་དགོས་པའི་རྩ་བའི་ཆ་རྐྱེན་དང་བསྡུར་ནས་དཔྱད་ཡོད་པ་དང་། མནའ་གན་དང་གན་རྒྱ་གཉིས་མི་འདྲ་བའི་ཁྱད་པར་བཅས་གླེང་ཡོད། 
          [བརྡ་ཆད་གཙོ་བོ།]འཁོར་ཆགས་གྲོང་། མནའ་གན། གན་རྒྱ། ཁྲིམས་ཡིག
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས། ] k281
          [ཡིག་ཚང་མཚན་བྱང་།]A
          [རྩོམ་གྱི་གོ་རིམ་ཨང་སྒྲིག]1002 - 9060 (2012)04 - 0057- 11
          སྤྱི་ལོ་ཉིས་སྟོང་བཅུ་གཅིག་གི་ཟླ་བ་བདུན་པའི་དབྱར་གནང་གི་དུས་ཚོད་བེད་སྤྱད་དེ། བདག་དགེ་བའི་བཤེས་གཉེན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་དང་མཉམ་དུ་མངའ་རིས་སུ་བོད་ཀྱི་རིག་གནས་རྟོག་དཔྱོད་ཞིབ་འཇུག་བྱེད་པར་བསྐྱོད་པའི་གོ་སྐབས་བཟང་པོ་ཐོབ། ལན་གྲུ་ནས་ལྷ་ས་དང་། དེ་ནས་རིམ་གྱིས་མངའ་རིས་སུ་བསྐྱོད་པ་ཡིན། ཟླ་བདུན་པའི་ཚེས་ཉེར་བཞིའི་དགུང་མོར་མངའ་རིས་སྤུ་ཧྲེང་རྫོང་དུ་འབྱོར་ནས་ཞག་མལ་གསོས་ཤིང་། ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོ་སྤུ་རང་ནས་ལམ་དུ་ཆས་ཏེ་ཆུ་ཀླུང་གྲོང་ཚོ་དང་། སོ་རྩེ་གྲོང་ཚོ། དཀྱིལ་རང་གྲོང་ཚོ། རྐང་རྩེ་གྲོང་ཚོ་སོགས་བརྒྱུད་ནས་འཁོར་ཆགས་དགོན་དུ་ཕྱིན།
          དུས་རབས་བཅུ་གཅིག་པའི་དུས་འགོ་ཙམ་ལ་ཕྱག་བཏབ་པའི་དགོན་འདིའི་མཚན་ལ་མཁོ་ཆགས་དང་། ཁོ་ཆགས། ཁ་ཆར། ཁྭ་ཆར། ཁྭོ་ཆར། ཁུར་ཆགས། འཁོར་ཆགས་བཅས་མི་འདྲ་བ་དུ་མ་ཡོད་པ་ལས། མངའ་བདག་འཁོར་ལོའི་ལྡེའམ་ལྷ་ནག་པོ་འཛུམ་མེད་བྱ་བས་རྒྱལ་སྲིད་ཀྱི་བྱ་བ་སྲས་ལྷ་ལྡེར་གནང་ནས།  དཀར་དུང་གི་ཆོས་རྗེ་འཛམ་གླིང་གྲགས་པ་ཞེས་པའི་སྐྱེས་བུ་དམ་པ་དེ་སྤྱི་བོའི་གཙུག་ཏུ་བཀུར་ཞིང་ཟབ་རྒྱས་ཆོས་ཀྱི་མན་ངག་བུམ་པ་གང་བྱོའི་ཚུལ་དུ་གསན། ཛམ་ཕུག་རི་ཁྲོད་དུ་ནོར་ལྷ་གནོད་སྦྱིན་ཨ་རྱ་ཛམ་བྷ་ལ་ཞག་བདུན་བར་རྩེ་གཅིག་སྒྲུབ་པའི་དངོས་གྲུབ་ཏུ་མིའི་རྒྱབ་ཁུར་བདུན་ཙམ་གྱི་དངུལ་བྱུང་བ་བླ་མའི་བཀའ་བཞིན་བཞེར་འགར་ཚང་གླིང་དུ་བསྣམས་ནས་བལ་ཡུལ་དང་། ཁ་ཆེའི་བཟོ་བ་གདན་དྲངས་ཏེ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྣང་བརྙན་ཁྱད་འཕགས་ཅན་བཞེངས་གྲུབ་བྱུང་བ་དཀར་དུང་གསེར་མཁར་དུ་གདན་འདྲེན་པའི་ཚེ། ཤིང་རྟ་འཁོར་ལོ་ད་ལྟའི་འཁོར་ཆགས་ཀྱི་བྱེ་མའི་དཀྱིལ་གྱི་རྡོ་ཨ་མོ་ནི་ཀ་ལ་ཐོགས་པས་ཇོ་བོ་འཇམ་དཔལ་གྱི་ཞལ་ནས་ང་འདིར་འཁོར་ཞིང་ཆགས་སོ་ཞེས་གསུང་བདུན་གྱི་ཐོག་མ་བྱོན།    མངའ་བདག་རྒྱལ་པོ་དུས་རྒྱུན་བཞད་གད་ཉུང་བ་ལ་དེ་ཉིན་ཇོ་བོའི་གསུང་བྱོན་པ་དང་མངའ་བདག་བཞད་མོ་ཆེ་ཙམ་ཤོར་བའི་རྟེན་འབྲེལ་འགྲིགས་པས་གནས་འདིར་འཁོར་ཆགས་ཞེས་པའི་སྒྲ་རྗེས་གྲུབ་ཀྱི་མིང་དེ་ཐོགས་པར་གྲགས་སོ།།
          དགོན་དེའི་ཉེ་འདབས་སུ་ཆགས་པའི་གྲོང་ཚོ་ལ་འཁོར་ཆགས་གྲོང་དུ་འབོད། དེ་ནས་མངའ་བདག་འཁོར་ལོའི་ལྡེས་ཀྱང་ཇོ་བོའི་གསུང་བཞིན་ཇོ་བོ་ཉིད་རྡོ་ཆེན་ཨ་མོ་ནི་ཀ་དབུས་སུ་བྱས་པའི་ལྷ་ཁང་ངམ་ཇོ་ཁང་བཟོ་བཀོད་ལེགས་པ་ཞིག་གསར་བཞེངས་གནང་སྟེ་འཁོར་ཆགས་དགོན་པ་འདི་ཉིད་ཀྱི་ཐོག་མའི་རྨང་བཏིངས། སྲས་ལྷ་ལྡེས་དགོན་པའི་རྟེན་དང་བརྟེན་པ་བཞེངས་ནས་ལོ་ཆེན་རིན་བཟང་(958 - 1055) གདན་དྲངས་ཏེ་དགེ་འདུན་གྱི་སྡེ་བཙུགས་ཤིང་། བསྟན་པའི་རྩ་བ་རྒྱས་པར་མཛད། དེ་རྗེས་མངའ་བདག་གནམ་མགོན་སྡེ་དང་ལྕམ་གྲགས་པ་ཇོ་འབུམ་རྒྱལ་མོ་གཉིས་ཀྱིས་བཟོ་རྩལ་ཁྱད་འཕགས་ཀྱི་བཟོ་བོ་སྤྱན་དྲངས་ནས་སྔོན་དུས་ལྷ་གཅིག་འཁོར་ལོའི་ལྡེ་ཡབ་སྲས་ཀྱིས་བཞེངས་པའི་ཇོ་བོ་འཇམ་དཔལ་དབྱངས་ཀྱི་གཡས་གཡོན་པད་སྡོང་སྟོང་བར་ལུས་པའི་སྟེང་དངུལ་ཊཾ་རྣམས་ལུགས་སུ་བླུགས་ཏེ་གཡས་སུ་འཕགས་མཆོག་འཇིག་རྟེན་མགོན་པོ་དང་། གཡོན་དུ་གསང་བདག་ཕྱག་ན་རྡོ་རྗེའི་སྐུ་བརྙན་ཀེར་བཞེངས་མ་ཞི་བའི་རྣམ་པ་ཅན་བཞེངས་པས། སྟོད་མངའ་རིས་སུ་རིགས་གསུམ་མགོན་པོའི་སྣང་བརྙན་འཁོར་ཆགས་ཇོ་བོ་རྣམ་གསུམ་ཞེས་གྲགས་པའི་མཚན་སྙན་སྲིད་རྩེར་གཡོས་ཤིང་། དད་ལྡན་བསོད་ནམས་གསོག་པའི་ཞིང་མཆོག་དམ་པར་གྱུར་བ་དེའོ།། ཆོས་སྡེ་འདིའི་སྲུང་མ་ནི་ལོ་ཆེན་རིན་ཆེན་བཟང་པོས་གདན་དྲངས་པའི་རྡོ་རྗེ་གཡུ་སྒྲོན་མ་ཡིན་ཟེར།
          ཆོས་སྡེ་འདིས་ཐོག་མར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་(982 – 1054) ལྟ་སྒོམ་སྤྱོད་གསུམ་གྱི་ཕྱག་ལེན་བླ་མེད་ཧུར་བཞེས་མཛད་པས་བཀའ་གདམས་གོང་མའི་རྒྱུད་འཛིན་གྱི་རིང་ལུགས་བྱུང་ཞིང་། དུས་རབས་བཅུ་གསུམ་པའི་སྟོད་ཀྱི་ཆར་སྐྱོབ་པ་འཇིག་རྟེན་མགོན་པོ་རིན་ཆེན་དཔལ་(1143- 1217)གྱི་རྗེས་སུ་འབྲངས་པའི་འབྲི་གུང་ཕྱག་ལེན་ལྷུར་བཞེས་མཛད་པའི་དགོན་སྡེ་ཞིག་ཏུ་གྱུར།  དུས་རབས་བཅོ་ལྔ་པའི་སྟོད་ཙམ་ལ་སྤུ་ཧྲེང་གི་ཡུལ་གློ་བོས་དབང་མཛད་སྐབས། ཆོས་སྡེ་འདི་ངོར་ཆེན་ཀུན་དགའ་བཟང་པོར་(1382 - 1456)ཕུལ་བས་དེ་ནས་བཟུང་ངོར་བའི་འདོན་ཆོག་གི་ཕྱག་ལེན་སྐོར་དང་།  ཆོས་རྗེ་ས་སྐྱ་པ་ཡབ་སྲས་ཀྱི་ཕ་ཆོས་ཟབ་མོ་དང་བཅས་པའི་གདམས་པ་ཁྱབ་ཆེ། རིག་གསར་ཡར་སྔོན་དུ་དགོན་འདིར་ཨེ་ཝཾ་པའི་འདོན་ཆོག་སྐོར་གྱི་ཕྱག་ལེན་རྣམ་དག་ཡོད་པར་སྐད། ད་སྐབས་ཀྱང་ངོར་པའི་ཕྱག་ལེན་དང་། དཔལ་ལྡན་ས་སྐྱའི་གསུང་ངག་ལམ་འབྲས་གཙོ་བོར་གྱུར་བའི་རྒྱུད་སྡེ་ཁག་ལ་བརྩོན་བཞིན་མཆིས་པས།   མངའ་རིས་ཡུལ་གྱི་ས་སྐྱ་པའི་ཆོས་སྡེ་ཆེ་ཤོས་སུ་བགྲངས་ཆོག
          ཆོས་སྡེ་འདིའི་ཇོ་བོ་རྣམ་གསུམ་ནི་རྟེན་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཤ་སྟག་ཡིན་པ་དང་།  ཡུལ་ཕྱོགས་འདིར་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་དང་།   ལོ་ཆེན་རིན་བཟང་།   རྗེ་བཙུན་མི་ལ་རས་པ།(1040 - 1123)གྲུབ་ཐོབ་ཐང་སྟོང་རྒྱལ་པོ།(1361-1485) གཙང་སྨྱོན་ཧེ་རུ་ཀ་(1453-1507) ཞབས་དཀར་ཚོགས་དྲུག་རང་གྲོལ་( 1781 -1850)སོགས་སྐྱེས་ཆེན་དམ་པ་མང་པོ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་གལ་འགངས་ཆེ་བ་ཞིག་ཡིན།
          རིག་གསར་གྱི་སྐབས་སུ་ཆོས་སྡེ་འདིའང་གཞན་དང་འདྲ་བར་རིག་དངོས་རྩ་ཆེན་ཐམས་ཅད་མིང་གི་ལྷག་མར་བྱས་པའི་ལས་འགུལ་ལས་གཡོལ་ཐུབ་མེད། ལོ་རབས་བརྒྱད་ཅུ་པའི་མགོ་ཙམ་ལ་དགོན་པ་བསྐྱར་བཞེངས་ཀྱི་ཆོག་མཆན་ཐོབ་ནས་རྟེན་དང་བརྟེན་པ་གསར་དུ་བཞེངས་ཡོད། གསུང་རབ་མང་པོ་ཞིག་ལྗོངས་རིག་གནས་ཅུས་བདག་དབང་དོ་དམ་གྱི་རྟགས་ཙམ་བཀོད་ཡོད་མོད་ཞིབ་ཚགས་ཀྱིས་དཀར་ཆག་ད་དུང་ལེགས་གྲུབ་བྱུང་མེད།
          ད་ཅག་ཆོས་སྡེ་འདིའི་རྟེན་གཙོ་རྣམས་ལ་ཞིབ་ཏུ་མཇལ་ཚར་རྗེས། མངའ་རིས་ཁུལ་གྱི་ཆོས་ལུགས་ཅུའུ་ལ་འབྲེལ་བ་བརྒྱུད་ནས་གསུང་རབ་རྩ་ཆེན་འགའ་རེ་མིག་དབང་གི་སྤྱོད་ཡུལ་དུ་གྱུར་པའི་གོ་སྐབས་བྱུང་། ཉིན་གུང་གི་དུས་ཚོད་སྤྱད་ནས་དགོན་པའི་ཉེ་འགྲམ་གྱི་གྲོང་ཚོ་རུ་བསྐྱོད་པ་ན། སྟབས་ལེགས་པ་ཞིག་ལ་སྲུང་མ་སྐྱབས་ཞེས་པ་དང་འཕྲད་ནས། ཁོས་རང་གིས་ཉར་བའི་དཔེ་རྙིང་འགའ་ཤས་ང་ཚོར་བསྟན་པ་དང་། དེ་དག་གི་ཁྲོད་དུ་མགོ་རྔ་རལ་སྐྱོན་བྱུང་བའི་དཔེ་དེབ་ལག་བྲིས་མ་ཞིག་ལས་གཤམ་གྱི་གན་རྒྱ་དང་མནའ་གན་གྱི་དཔེར་བརྗོད་ཁག་གཉིས་འདུག་པ་དེ་ཁོང་ལ་པར་དུ་བསྐྱོན་ཆོག་པའི་རེ་འདོད་དང་ཞིབ་འཇུག་བྱས་ཆོག་མིན་ཞུས་པར་ཡིད་འཐད་བྱུང་བ་བཞིན་བརྙན་པར་དུ་བླངས་པ་ཡིན།
          མནའ་གན་དང་གན་རྒྱའི་དཔེར་བརྗོད་འདི་གཉིས་ནི་སྔ་རབས་བོད་པའི་ཡུལ་ཁྲིམས་ལ་ཞིབ་འཇུག་གནང་བར་ཤིན་ཏུ་མཁོ་བའི་རིན་ཐང་ཅན་ཞིག་ཏེ། ད་བར་མང་པོ་ཞིག་གིས་མནའ་གན་དང་གན་རྒྱ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་པའི་འཁྲུལ་བློ་སེལ་ནུས་པ་མ་ཟད། བོད་ཀྱི་གན་རྒྱ་དང་མནའ་གན་བྲི་སྟངས་ལ་རྩ་བའི་སྒྲིག་གཞི་ཚགས་དམ་ཞིང་གོ་རིམ་ལྡན་པ། དོན་གྱི་སྙིང་བོ་གནད་དུ་འཁེལ་ནུས་པའི་ཚིག་ཉུང་དོན་འདུས་ཅན་བཅས་ཀྱི་རྩ་བའི་བླང་བྱ་ནན་མོ་ཡོད་པ་ཤེས་ཐུབ་ལ།    ལྷག་པར་དུ་དུས་སྐབས་དེ་དག་གི་བོད་པའི་སྤྱི་ཚོགས་ཀྱི་ལམ་ལུགས་མངོན་པར་མཚོན་པའི་ཡུལ་ཁྲིམས་ཤིན་ཏུ་ཞིབ་པ་སོགས་རགས་ཙམ་རྟོགས་ནུས་སོ།། འདིར་གཤམ་གྱི་དཔེར་བརྗོད་ཁག་གཉིས་ལ་རང་བློས་ལྕོགས་ཚོད་ཀྱིས་དཔྱད་པར་བྱ་བ་ལ།
དང་པོ། མ་ཡིག་ཕབ་བཤུས།
          1. ༄༅།། མནའ་གན་གྱི་དཔེར་བརྗོད་ན། མེ་སྦྲུལ་ཟླ་ཚེས་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ། དཔལ་ལྡན་དམག་ཟོར་རྒྱལ་མོ། སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ། ཆོས་སྐྱོངས་ཆེན་པོ་དྲེགས་པ་ལྕམ་སྲིང་འཁོར་སྲིང་འཁོར་བཅས་དང་།   གཞན་ཡང་འགོ་བའི་ལྷ་བསྲུང་། ཁྱད་པར་༧ཁྲིམས་བདག་རིན་པོ་ཆེའི་ཞབས་དྲུང་དུ།
          ཞུ་བ། བདག་མིང་རྟགས་ཁུངས་སུ་གསལ་བ་རྣམས་ནས་བློས་བླངས་འགྱུར་མེད་ཀྱི་མནའ་གན་གཙང་མར་ཕུལ་དོན་རྣམས་ལ་ཆེ་གེ་མོའི་དངོས་ཆས་དེ་སྔ་གཉེར་དམ་གྱི་བཅོལ་ལོ་བྱས་པ་དང་སྐྱིར་བཏང་པ་གཡར་སྐྱེད་བདེ་དུ་སྤྲད་པ་སོགས་འདོར་ན་དམར་ནས་རྡོག་གཅིག་དང་། ཟོང་ནས་ཇ་བསྐུད་ཙམ་ལའང་སྦལ་སྐུམ་གཡོ་ཟོལ་དང་བདག་བྱས་རིགས་གཏན་ནས་མེད་ངོས། ད་ལམ་དཔོན་ཁུངས་སུ་དྲང་ཞུས་མིན་རི། སླར་ཁུངས་རྡོལ་ཡོང་རི།  ཀུན་རྫོབ་ཀྱི་ཆ་ཤས་ཕྲ་མོ་ཙམ་ཞུས་རི།  གལ་ཆེ་བློ་ངན་ལང་གཤོར་གྱི་དངོས་དང་རྒྱུད་པའི་སྒོ་ནས་དངོས་པོ་ལྷད་སྤུ་ཙམས་མཆིས་རིགས་ཡོད་ཚེ་ཡེ་ཤེས་སྤྱན་ལྡན་བསྟན་བསྲུང་མཐུ་རྩལ་ཅན་རྣམས་ནས་ནོང་བའི་བྱེད་པོར་ཅི་ཡིན་གྱི་ལུས་སྲོག་ལོངས་སྤྱོད་གང་ཡིན་ལོ་ཟླ་ཞག་བཅས་མ་འགྱངས་པར་བཀའི་ཆད་པ་དྲག་པོས་སྐད་གཅིག་ལ་ཐལ་བའི་རྡུལ་རླག་པར་འགྱུར་བར་ཚར་བཅོད་ཅིང་། བདེན་ཆེ་བའི་ཞུ་བ་པོ་མཆིས་ཚེ་དེ་དག་རྣམས་ལ་བྱ་དགའ་ཇེ་མཐོར་མཐོང་ལ་བསམ་དོན་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། ཅེས་གོང་སྨོད་མཚན་འཁོད་ཀྱི་བསྟན་བསྲུང་དཔང་དུ་གཙུག་ཏེ་ཁྲིམས་སར་སྙན་ཞུ་གསོལ་བ་འདི་ལས་འགལ་བའི་མནའ་བསྐྱོས་ཁུངས་རྡོལ་རིགས་ཕྲ་མོ་ཙམ་སུ་ཐད་ནས་བྱུང་ཤར་ན་ཁྲིམས་ཞབས་སུ་འབའ་གསེར་སྲང་ལྔ་གཙང་སྒྲུབ་ངོས།   དངོས་རིགས་ལ་བརྒྱ་འཇལ་ངོ་དགུའི་འཇལ་སྤྲོད།  ཉེས་ཐོབ་སོགས་ཞུ་ངོ་སྒྲོན་རྒྱུད་མེད་པ་བཀའ་གནང་ལྟར་སྒྲུབ་སྤྲོད་ཞུ། ཞུས་དོན་མིང་ཐོག་རྟགས་ཕུལ་བ།
          2. ༄༅།། གན་རྒྱའི་དཔེར་བརྗོད་ན། ཤིང་སྦྲུལ་ཟླ་ཚེས་ལ། ཕན་བདེའི་འབྱུང་གནས་ལུགས་གཉིས་༧གོང་མ་༧ཁྲིམས་བདག་རིན་པོ་ཆེའི་༧ཞབས་དྲུང་དུ། ཞུ་བ།    བདག་མིང་རྟགས་ཁུངས་གཤམས་གསལ་དངོས་ཁག་རྣམས་ནས། བློས་བླངས་འགྱུར་མེད་ཀྱི་གན་རྒྱ་གཙང་མར་ཕུལ་དོན། ཕྲན་རབ་བསྟན་སྐྱིད་ཁང་པ་ནས་༧གཞུང་ས་ཆེན་པོའི་ཁྲལ་ཆེན་བརྔོད་ཙམ། རྒྱ་ཤིང་སོགས་ལོ་ལྟར་དུས་འབུལ་མ་ཐུབ་པའི་ཁྲལ་ཆེན་གང་ཡིན་ད་ལམ་འདེད་ཆེན་ཁོངས་སུ་ཐོན་པའི་ཁྲལ་འཇོག་ལ་ཁར་རླུང་གསུམ་འཛོམས་ཏེ་ཅི་བྱས་རྒྱ་འུབ་མ་འདུས་པར་བརྟེན་བཀྲ་ཤིས་བདེ་ལྡན་པའི་ཕྱག་ནས་དངུལ་སྲང་བདུན་ཞུ་དགོས་བྱུང་བ་དེ་ལ་བློ་བདེ་མ་འདེབས་ལོ་གསུམ་དང་། སྐུར་ལོ་གཅིག་བཅས་ལོ་བཞིའི་རིང་ཕུལ་བར་ལོ་ལྟར་ས་བོན་གང་ཡིན་གནང་ཕྱིན་སྟོན་དཔྱིད་ཀྱི་འདེབས་རྨོན་ཆུ་ལུས྾྾ བཅས་གཡུལ་སོགས་ཚང་མ་རབ་སྐྱིད་རང་གི་མ་ཞིང་དཔེ་ཞུས་ནས་རྩ་འབྲུ་ཐོན་འབུལ་དུ་ཡོང་བ་ཞུ་ཞུས་ཤིང་།  གལ་སྲིད་གོང་ཚིག་ལས་འགའ་བའི་ང་མིན་ཁོ་ཡིན། ང་ཕམ་ཁོ་རྒྱལ། བཀའ་ཞུ་དམ་འབེབ། ཆེ་གཉན་བསྒུལ་བསྐྱོད། ཚིག་འབྲུ་གོ་ལོག་རྩ་ཚིག་ཁ་བརྡ། གོང་བཞིན་རྒྱ་ཉིས་འཛུགས་ཀྱི་མགོ་ཉོག་བསོད་ནམས་གཞིས་ཞོལ་སོགས་འགལ་ཆར་འགྲོ་བ་ཞུས་སྲིད་ན། ༧ཁྲིམས་ཞབས་སུ་འབའ་གསེར་སྲང་ལྔ་ངོ་སྒྲོན་རྒྱུད་མེད་པ་གཙང་འབུལ་ཐོག ཕྱག་དངུལ་ཞུ་བ་གང་ཡིན་ལ་ངོ་བསྐྱོད་རྩིས་ནས་འདབ་འཕར་འབུལ་རྒྱུ་མིང་ཐོག་རྟགས་འབུལ་བ་རབ་དཀྱིལ་གྱི་྾྾྾རྟགས།
གཉིས་པ། མ་ཡིག་དང་འབྲེལ་བའི་གཏམ།
          1. རྩོམ་པ་པོ་དང་བརྩམས་དུས་ཀྱི་སྐོར། དཔེ་དེབ་དེའི་དབུར་“ཤིང་ཁྱི་ལོའི་ཟླ་བཞི་བར་྾ x xས་འཛིན་྾྾྾྾སྒྲུབས་□□□”ཞེས་དང་། མཇུག་ཏུ་“ཤཱཀྱ་དགེ་སློངས་ཛྙ་ན་སུ་མ་རས་སྨྲས་པའོ་”ཞེས་བཀོད་ཡོད།  ཤིང་ཁྱི་ལོ་ནི་ཤིང་ཕོ་ཁྱིའི་ལོ་སྟེ།  རབ་བྱུང་དང་པོ་(སྤྱི་ལོ་1034)ནས་རབ་བྱུང་བཅུ་དྲུག་པའི་(སྤྱི་ལོ་1934) བར་གྱི་ལོ་གང་རུང་ཞིག་ལ་འཁེལ་ཡོད་པས། ལོ་ཚིགས་གང་ཡིན་ཁ་ཚོན་གཅོད་རྒྱུ་ཤིན་ཏུ་དཀའ་ན་ཡང་། གཞུང་དོན་ལ་བརྟག་དཔྱད་ཀྱིས་ཅུང་ཟད་སྤྲོས་ན། དེབ་དེར་ཆོས་སྐྱོང་ཁག་ལ་འཚམས་ཞུའི་དཔེར་བརྗོད་ཅིག་ཡོད་པའི་ནང་དུ་“གནམ་བསྐོས་དགའ་ལྡན་ཕོ་བྲང་པའི་ཞབས་འདེགས་སྒྲུབ་བྱའི་རིམ་པ་”ཞེས་བཀོད་ཡོད་པས་དགའ་ལྡན་ཕོ་བྲང་གི་སྲིད་དབང་ཚུགས་རྗེས་ཡིན་པ་གསལ་པོར་རྟོགས་ནུས་ཤིང་། དེས་ན་དགའ་ལྡན་ཕོ་བྲང་ནི་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་(1617 - 1682)དགུང་ལོ་ཉེར་ལྔ་བཞེས་པ་སྤྱི་ལོ་1641 ལོར་བོད་ས་གནས་ཀྱི་སྲིད་དབང་ཡོངས་རྫོགས་ཕྱག་ཏུ་བཞེས་ནས་སྲིད་དབང་གསར་དུ་བཙུགས་པ་ལ་ཟེར་བས། དེབ་དེ་ནི་སྤྱི་ལོ་1693དང་། སྤྱི་ལོ1753དང་། སྤྱི་ལོ་1813དང་། སྤྱི་ལོ་1873དང་། སྤྱི་ལོ་1933 བཅས་ཀྱི་ཤིང་ཁྱི་ལོའི་གང་རུང་ཞིག་ལ་བྲིས་པ་གཏན་འཁེལ་བྱེད་ཐུབ་ཙམ་ལས།   བྱེ་བྲག་གི་ལོ་གང་ཡིན་ཁ་ཚོན་གཅོད་ཐབས་བྲལ།
          རྩོམ་པ་པོ་ཛྙ་ན་སུ་མ་ར་ཞེས་པ་དེའང་གཞུང་དོན་ལས་འཛིན་པ་ཞིག་ཡིན་པ་ཁ་བྱང་ལས་ཟུར་ཙམ་གསལ་མོད། ཁོང་གི་ལོ་རྒྱུས་དངོས་རྩད་གཅོད་ཞིབ་འཇུག་བྱེད་ཐབས་མ་བྱུང་པས་རེ་ཞིག་དཔྱད་གཞིར་ལུས།
          2. དེབ་འདི་ནི་རྩོམ་པ་པོའི་ཕྱག་བྲིས་དངོས་ཡིན་མིན། མནའ་གན་དང་གན་རྒྱའི་དཔེར་བརྗོད་འདི་གཉིས་ཀྱི་ནང་དུ་ཚིག་ལྷག་དང་།   དག་ཆ་མ་ཐོན་པའི་སྐྱོན་འདུག་པ་དཔེར་ན། སྲིང་འཁོར་ཞེས་ཚིག་ལྷག་དང་། སྐུད་ལ་བསྐུད་དང་། མདོར་ན་ལ་འདོར་ན་དང་། ལང་ཤོར་ལ་ལང་གཤོར་དང་། སྦས་བསྐུངས་ལ་སྦལ་སྐུམ་དང་། ཙམ་ལ་ཙམས་དང་། གཅོད་ལ་བཅོལ་དང་། དཔང་དུ་བཙུགས་པ་ལ་གཙུག་དང་། བསྐྱལ་ལ་བསྐྱོས་དང་།   གཤམ་ལ་གཤམས་དང་། ནོངས་པ་ལ་ནོང་བ་དང་།  བསྟན་སྲུང་ལ་བསྟན་བསྲུང་དང་། ལྷ་སྲུང་ལ་ལྷ་བསྲུང་དང་། རྒྱ་འུབས་མ་འདུས་པ་ལ་རྒྱ་འུབ་མ་འདུས་པ་ཞེས་དང་། འགལ་ལ་འགའ་ཞེས་པ་ལྟ་བུའོ། ། གཞན་ཆོས་སྐྱོང་ཁག་ལ་འཚམས་ཞུའི་ཡི་གེ་དང་། དཔོན་པོར་འབུལ་བའི་དཔེར་བརྗོད་སོགས་སུའང་ཡིག་ནོར་ཅུང་མང་ཞིང་། སྔོན་འཇུག་གི་ཡི་གེ་ཆད་པ་ཤིན་ཏུ་མང་།   ཅོད་པན་ལ་བཅོད་པན་དང་། འཚམས་ཞུ་ལ་ཚམ་ཞུ། མཆོད་སྤྲིན་ལ་ཆོད་སྤྲིན། འཕེལ་བ་ལ་ཕེལ་བ་ལ་སོགས་པ་ལྟ་བུའོ།། དེ་བས་ཕྱོགས་གང་ཐད་ནས་བལྟས་ཀྱང་དཔེ་དེབ་དེ་ནི་གཞན་ནས་མ་ཡིག་ཕབ་བཤུས་བྱས་པ་ཞིག་ཡིན་པ་ལས་རྩོམ་པ་པོས་ཕྱག་བྲིས་དངོས་ཡིན་པའི་ཚོར་སྣང་སྐྱེ་དཀའ།
          མདོར་ན། དེབ་འདི་གཞུང་ཡིག་གི་དཔེར་བརྗོད་བྲི་སྟངས་སྐོར་གྱི་དཔེ་ཆ་ཞིག་ཡིན་པར་ཐེ་ཚོམ་ཅི་ཡང་མི་འདུག་སྟེ། དཔོན་པོར་འབུལ་ན་ལྟ་བུ་དང་། དཔྱད་ཁྲའི་དཔེར་བརྗོད་ན་ལྟ་བུ་སོགས་ཡོད་དོ།། མ་ཡིག་དབུ་མེད་དང་དོན་ཚན་དག་གི་ཁ་བྱང་ཚོན་དམར་པོས་བྲིས་འདུག སྐུང་ཡིག་རེ་འགའ་མ་གཏོགས་ཐད་ཀར་བཀླག་ཆོག་པ་དང་། དོན་བདེ་བླག་ཏུ་རྟོགས་ཐུབ།
གསུམ་པ།    གན་རྒྱའི་ནང་དོན་ལ་ཚང་དགོས་པའི་ཆ་རྐྱེན་གྱི་སྐོར་གླེང་བ།
          དེང་རབས་ཁྲིམས་རིག་པའི་ཁྱབ་ཁོངས་སུ་གན་རྒྱའི་སྐོར་ལ་ཡིག་ཐོག་གི་གན་རྒྱ་དང་། ཚིག་ཐོག་གི་གན་རྒྱ། ད་དུང་གཞན་པའི་སྐོར་བཅས་ཕྱོགས་ཆེ་བ་གསུམ་གྱི་སྟེང་ནས་དབྱེ་བ་ཕྱེ་ཡོད་ན་ཡང་། གོང་གསལ་དཔེར་བརྗོད་ཁག་གཉིས་ནི་ཡིག་ཐོག་གི་གན་རྒྱ་ཇི་ལྟར་འཇོག་དགོས་པའི་སྐོར་ཡིན། སྤྱིར་གན་རྒྱའི་ནང་དོན་ནི་གན་རྒྱ་ཁྲིམས་དང་མཐུན་མིན་དང་ནུས་པ་ལྡན་མིན་གྱི་གཞི་རྩའི་ཆ་རྐྱེན་ཡིན་ལ། ཕྱོགས་གཉིས་ཀས་གན་རྒྱ་ཁས་ལེན་པ་དང་བཅའ་ཁྲིམས་ཀྱི་འགན་འཁུར་དགོས་པའི་གཞི་བརྟེན་སའང་ཡིན་པས། གན་རྒྱ་འཇོག་དུས་ནང་དོན་ཅི་ནས་ཀྱང་ཁྲིམས་མཐུན་ལུགས་མཐུན་ཡིན་པ། ཁ་གསལ་ཞིང་ཆ་ཚང་ཡིན་པ། ཁག་འཇོག་ས་དང་རྩོད་གླེང་མི་འབྱུང་བ་ཞིག་བྱེད་པར་བརྩོན་དགོས། སྤྱི་ཚོགས་འཚོ་བ་དངོས་ཀྱི་ཁྲོད་དུ། གན་རྒྱ་ལ་རིགས་མང་པོ་ཡོད་ཅིང་བྱེ་བྲག་གི་རེ་འདུན་ཡང་སོ་སོར་མི་འདྲ་བས།  གན་རྒྱའི་རིགས་སྤྱི་ལ་ཅིས་ཀྱང་འཛོམ་དགོས་པའི་ཆ་རྐྱེན་དག་གོང་གསལ་དཔེར་བརྗོད་ཁག་གཉིས་ལ་ཚང་མིན་གྱིས་བསྡུར་ཏེ་དཔྱད་པ་ལ།
          1. རུས་མིང་དང་སྡོད་གནས་གསལ་པོ་ཡིན་དགོས། གན་རྒྱ་གང་ཞིག་ཡིན་རུང་དོ་བདག་གི་(当事人 )རུས་མིང་དང་སྡོད་གནས་གསལ་པོར་བྲི་དགོས། དེང་དུས་སུ་ངེས་པར་དུ་དུད་ཐོའི་ཐོག་བཀོད་པའི་རུས་མིང་ཇི་བཞིན་བྲི་དགོས་པ་ལྟ་བུ་ཡིན།  སྔོན་ཆད་ཀྱང་ཚོ་སྡེ་གང་ཡིན་དང་། རུས་མིང་ཅི་ཡིན་གསལ་པོར་བྲི་དགོས་པ་ཤེས་ཐུབ་ཏེ།  གོང་གསལ་མནའ་གན་གྱི་དཔེར་བརྗོད་དུ་“བདག་མིང་རྟགས་ཁུངས་སུ་གསལ་བ་རྣམས་ནས་”ཞེས་དང་། གན་རྒྱའི་དཔེར་བརྗོད་དུ་“བདག་མིང་རྟགས་ཁུངས་གཤམས་གསལ་དངོས་ཁག་རྣམས་ནས།”་ཞེས་པ་རུ་རང་གི་རུས་མིང་དང་།   ཡང་ན་ཚོགས་མིའི་མིང་གསལ་པོར་བྲི་དགོས་པའི་བླང་བྱ་བཏོན་ཡོད།   དེ་བདག་གི་རུས་མིང་གསལ་པོར་བཀོད་མེད་པའི་གན་རྒྱ་ནི་ཁ་ཕྱོགས་མེད་པ་དང་དོན་གྱིས་དབེན་ཕྱིར་ཁྲིམས་མཐུན་གྱི་གན་རྒྱ་ཞིག་མ་ཡིན་ནོ།།
          2. དམིགས་ས་(标的)གསལ་པོ་ཡིན་དགོས། དམིགས་ས་ཞེས་པ་ནི་གན་རྒྱ་འཇོག་མཁན་ཕྱོགས་གཉིས་ཀྱི་དབང་ཆ་དང་འོས་འགན་གྱིས་ལྷན་དུ་བསྟན་པའི་བྱ་ཡུལ་ཡིན། དམིགས་ས་དེ་དངོས་པོ་ཡིན་ཆོག་སྟེ།  ཉོ་ཚོང་གན་རྒྱའི་ནང་གི་དངོས་པོ་དང་། གཡར་དངུལ་གན་རྒྱའི་ནང་གི་དངུལ་ལོ་ལྟ་བུ་ཡིན། དཔེར་ན། གོང་གསལ་མནའ་གན་དཔེར་བརྗོད་ནང་གི་“ཆེ་གེ་མོའི་དངོས་ཆས་” ལྟ་བུ་དང་། གན་རྒྱའི་དཔེར་བརྗོད་ནང་གི་“བཀྲ་ཤིས་བདེ་ལྡན་པའི་ཕྱག་ནས་དངུལ་སྲང་བདུན་ཞུ་དགོས་བྱུང་བ”ཞེས་པའི་དངུལ་ལོ་དེ་ལ་ཟེར་བས་དམིགས་ས་གསལ་པོ་ཡིན་དགོས་པ་བསྟན་ཡོད། གཞན་བྱ་སྤྱོད་ཀྱང་ཡིན་ཆོག་པ་དཔེར་ན། དངོས་ཟོག་སྐྱེལ་འདྲེན་གྱི་གན་རྒྱའི་ཁྲོད་ཀྱི་ངལ་ལས་ལྟ་བུའོ།། དམིགས་ས་མེད་པའམ་དམིགས་ས་གསལ་པོ་མིན་པའི་གན་རྒྱ་ཡོད་མི་སྲིད་ལ།   ཡོད་ཀྱང་དོན་སྙིང་སྟོངས་པས་ལག་བསྟར་བྱེད་ཐབས་མེད་དོ།།
          3.གྲངས་ཀ་(数量) གསལ་པོ་ཡིན་དགོས། གན་རྒྱའི་དམིགས་ས་ལ་ངེས་པར་དུ་གྲངས་ཀ་གསལ་པོ་ཡིན་དགོས། གྲངས་ཀ་གསལ་པོ་ཡོད་ན་ད་གཟོད་དབང་ཆ་དང་འོས་འགན་གྱི་ཆེ་ཆུང་ཐག་གཅོད་ཐུབ་པ་ཡིན། གོང་གསལ་གན་རྒྱའི་དཔེར་བརྗོད་ལས་“དངུལ་སྲང་་བདུན་”ཞེས་བཀོད་ནས་དངུལ་ལོའི་གྲངས་ཀ་གསལ་བོར་བྲི་དགོས་པའི་རེ་བ་བཏོན་ཡོད་པ་བཞིན་ཡིན་ནོ།། གཞན་ལྷམ་བཟོ་དོན་གྲུབ་ཕུན་ཚོགས་ཀྱིས་ལྷ་གཟིམ་བསམ་ཕོའི་ཞབས་གྲས་ཚེ་ནོར་ལགས་ཀྱི་ཕྱག་ནས་ཊམ་རྡོ་གཡར་བའི་གན་རྒྱའི་ནང་དུ། “ཚེ་ནོར་ལགས་ཀྱི་ཕྱག་ནས་ལོ་འཁོར་བཅུ་སྐྱེད་འཁྲི་འབུལ་ཞུ་རྒྱུར་ངོ་བོ་ཊམ་རྡོ་བརྒྱ་ཐམ་པ་གཡར་ཞུས་དོན་སྨིན་བཀྲིན་ཆེ་བྱུང་ན།”① ཞེས་དམིགས་སའི་གྲངས་ཀ་གསལ་པོ་བྲིས་ཡོད་པ་ལྟ་བུ་ཡིན།
          4.སྤུས་ཚད་( 质量 ) ཞིབ་ཕྲ་ཡིན་དགོས།དམིགས་སའི་སྤུས་ཚད་ཀྱི་ཚད་གཞི་དེ་གྲངས་ཀ་ལས་ཀྱང་ལྷག་པར་དུ་ཕྲ་ཞིབ་དང་གསལ་པོ་ཡིན་དགོས། སྐབས་འགར་མ་དཔེ་དངོས་ཉར་ནས་ཞིབ་བཤེར་རྩིས་སྤྲོད་ལ་གྲ་སྒྲིག་བྱེད་དགོས། དེ་ལྟར་མ་བྱས་ན་ལས་འགན་གྱི་ཡང་ལྕིའི་ཚད་གཏན་འབེབ་བྱེད་དཀའ། འདི་གཙོ་བོ་ཉོ་ཚོང་སོགས་ཀྱི་གན་རྒྱ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། གོང་གསལ་མནའ་གན་གྱི་དཔེར་བརྗོད་དུ་“ཆེ་གེ་མོའི་དངོས་ཆས་དེ་སྔ་གཉེར་དམ་གྱི་བཅོལ་ལོ་བྱས་པ་དང་སྐྱིར་བཏང་པ་གཡར་སྐྱེད་བདེ་དུ་སྤྲད་པ་སོགས་འདོར་ན་དམར་ནས་རྡོག་གཅིག་དང་། ཟོང་ནས་ཇ་བསྐུད་ཙམ་ལའང་སྦལ་སྐུམ་གཡོ་ཟོལ་དང་བདག་བྱས་རིགས་གཏན་ནས་མེད་ངོས།”ཞེས་གཞན་གྱིས་བཅོལ་བའམ་ཡང་ན་གཞན་གྱི་ས་ནས་གཡར་བ་སོགས་ཀྱི་དངོས་པོ་ཕྱིར་སྤྲོད་པ་ལ་སྔོན་གྱི་དངོས་ཆས་ཀྱི་སྤུས་ཀ་གསལ་པོར་ངེས་དགོས་པ་བསྟན་ཡོད། དེ་བཞིན་དུ་ཏུན་ཧོང་བོད་ཡིག་ཤོག་དྲིལ་P. T1297 རྟ་ཉོ་བའི་གན་རྒྱ་རུ། “ དགེ་སློང་ཅང་བོན་ཅར་གྱིས་རྟ་གཅིག་མཇལ་ཏེ།། སྤུ་རྟགས་དང་མདོ་རིས་ལ། ། ཕོ་གྭ་སྐྱའ་མདོ་རིས་ཤྀང་ལོ་དང་ཕྱོ་མཁར་མཆིས་པ་གཅྀག་མཇད་ཏེ། ། རྟ་འདི་ལས་ཞལ་མཆུ་གཅེས་འཕྲ་ཇྀ་བྱུང་ཡང་རུང་སྟེ།། ལྷ་བརྩན་མཆྀད་གྱིས་འཚལ་ཞྀང་ཞལ་ཅེ་ཆད་མྱི་སྡོད་པར། ། རྟ་འདྀའི་མནའ་ལུས་ཀྱི་ཆད་སྐྱན་སྐྱོན་མ་མཆིས་པ་གཅིག་ཕྲལ་དུ་བན་དེ་བོན་ཅར་ལ་འབུལ་བར་བགྱིས། ། རྟ་འདི་དབྱར་སྤུ་ཁྲུ་སྟེ་མདོ་རིས་ལྷག་ཆད་ཅིག་མཆིས་ནའང་དཔའ་རྒྱ་ཕྲལ་ལ་བརྗེ་བར་བགྱིས།།”②ཞེས་རྟ་ཕོ་གྭ་སྐྱའི་སྤུ་རྟགས་དང་མདོ་རིས། སྤུ་རིས་འཁྱིལ་ཚུལ། ཆེ་ཆུང་སོགས་ཇི་བཞིན་བཀོད་ནས། དབྱར་རྟ་དེའི་སྤུ་བརྗེས་ནས་སྤུ་རིས་ལྷག་ཅིག་ཆད་ནའང་དཔའ་རྒྱ་ལ་འཕྲལ་དུ་བརྗེ་དགོས་པ་བསྟན་ཡོད་པ་བཞིན་ནོ།།
          5.རིན་དངུལ་ལམ་རྔན་པ་(价款或报酬) གསལ་བོར་འགོད་དགོས། དེ་ནི་ཕྱོགས་གཅིག་གིས་ཕྱོགས་གཞན་ཞིག་གི་དངོས་པོ་བླངས་པའམ་ཡང་ན་ལས་ཀ་ཁས་བླངས་རྗེས་ཕྱོགས་དེར་ཕར་སྤྲོད་འོས་པའི་དངུལ་ཡིན། རིན་དངུལ་དང་རྔན་པ་ནི་གན་རྒྱའི་ཆེས་གཞི་རྩའི་དོན་ཚན་གཅིག་ཡིན་པས། རིན་གོང་དངོས་དང་། རྩིས་རྒྱག་ཚད་གཞི། རྩིས་རྒྱག་ཐབས། དངུལ་སྤྲོད་ཐབས་སོགས་གན་རྒྱ་འཇོག་པའི་སྐབས་སུ་གཏན་འབེབས་གསལ་པོ་གནང་དགོས། འདི་ནི་གོང་གསལ་གན་རྒྱ་ཁག་གཉིས་དང་འབྲེལ་བ་མེད་པས་དེ་ཙམ་གྱིས་འཐུས་སོ། །
          6.དུས་བཅད་(期限) གསལ་པོ་ཡིན་དགོས། གན་རྒྱའི་དུས་བཅད་དུ་གོ་ཆོད་པའི་དུས་བཅད་དང་ལག་བསྟར་དུས་བཅད་གཉིས་ཀ་འདུས་ཡོད། གན་རྒྱ་རེ་འགའི་ནང་དུ། གན་རྒྱའི་གོ་ཆོད་པའི་དུས་བཅད་དེ་གན་རྒྱ་ལག་ལེན་དུ་བསྟར་བའི་དུས་བཅད་ཡིན། དཔེར་ན། བོགས་མར་གཏོང་བ་སོགས་ལྟ་བུ་ཡིན། ཡང་གན་རྒྱ་འགའ་རེའི་ནང་དུ། གན་རྒྱའི་གོ་ཆོད་པའི་དུས་བཅད་དེ་ལོ་རེ་བཞིན་རྩི་ཆོག་ལ་ལག་ལེན་དུ་བསྟར་བའི་དུས་བཅད་ནི་ཟླ་དུས་ལྟར་བྱེད་པ་ཡིན། གང་ལྟར་གན་རྒྱའི་བྱེད་ནུས་ཐག་གཅོད་པ་དང་། གན་རྒྱ་ལག་བསྟར་བྱེད་བདེ་བའི་ཆེད་དུ། ཕྱོགས་གཉིས་ཀའི་གན་རྒྱ་འཇོག་དུས། ངེས་པར་དུ་དུས་བཅད་ལ་གྲོས་འཆམ་དགོས་པ་མ་ཟད། གན་རྒྱའི་ནང་དུ་གསལ་པོར་བྲི་དགོས། གོང་གསལ་གན་རྒྱའི་དཔེར་བརྗོད་དུ། “བཀྲ་ཤིས་བདེ་ལྡན་པའི་ཕྱག་ནས་དངུལ་སྲང་བདུན་ཞུ་དགོས་བྱུང་བ་དེ་ལ་བློ་བདེ་མ་འདེབས་ལོ་གསུམ་དང་། སྐུར་ལོ་གཅིག་བཅས་ལོ་བཞིའི་རིང་ཕུལ་བར་ལོ་ལྟར་ས་བོན་གང་ཡིན་གནང་ཕྱིན་སྟོན་དཔྱིད་ཀྱི་འདེབས་རྨོན་ཆུ་ལུས྾ བཅས་གཡུལ་སོགས་ཚང་མ་རབ་སྐྱིད་རང་གི་མ་ཞིང་དཔེ་ཞུས་ནས་རྩ་འབྲུ་ཐོན་འབུལ་ཏུ་ཡོང་བ་ཞུ་”ཞེས་དུས་བཅད་ལོ་བཞིར་གཏན་འབེབས་གནང་ཡོད་པ་ལྟར་དེ་དོན་བཞིན་གསལ་བོར་བྲི་དགོས་པའི་བླང་བྱ་བཏོན་ཡོད་པ་ལྟ་བུའོ།།
          7. ཆིངས་འགལ་འགན་ཁུར་(违约责任) ཞིབ་གསལ་ཆ་ཚང་ཡིན་དགོས། གན་རྒྱ་ལས་ཐག་བཅད་པ་གང་འདྲ་ཞིག་ལ་འགལ་ན་དེ་དོན་བཞིན་འགན་འཁུར་དགོས་པར་ཟེར། ཆིངས་ཡིག་དང་འགལ་བའི་འགན་དེ། བཅའ་ཁྲིམས་སུ་ཐག་བཅད་ཡོད་ན་བཅའ་ཁྲིམས་ཀྱི་ཐག་བཅད་ལྟར་འཁུར་དགོས་པ་དང་། བཅའ་ཁྲིམས་སུ་ཐག་བཅད་མེད་ན་ཕྱོགས་གཉིས་ཀས་གྲོས་ཐག་གཅོད་དགོས། ཆིངས་ཡིག་དང་འགལ་བའི་འགན་དེ་གསལ་ཞིང་ཞིབ་ཆ་ལྡན་པ། ཆ་ཚང་བ་བཅས་ཡིན་དགོས་དོན་ནི་གན་རྒྱའི་བྱེད་ནུས་ལ་ཁག་ཐེག་བྱེད་པའི་གནད་འགག་ཡིན།   ཆིངས་ཡིག་དང་འགལ་བའི་འགན་ཁུར་དུ་ཆིངས་ཡིག་དང་འགལ་བའི་ནོར་འཁྲུལ་དང་ཉེས་ཆད་གཅོད་པའི་ནང་དོན་བཅས་འདུས། དེ་བས་གན་རྒྱའི་ནང་དུ་འགན་ཁུར་གྱི་ཆ་རྐྱེན་གསལ་པོ་དགོས་པའི་དམིགས་ཡུལ་ནི་གན་རྒྱའི་གཟབ་ནན་རང་བཞིན་སྲུང་སྐྱོབ་དང་། ཕྱོགས་གཉིས་ཀར་ནན་ཏན་གྱིས་གན་རྒྱ་བརྩི་སྲུང་ལག་བསྟར་བྱེད་པར་སྐུལ་མ་གཏོང་ཆེད་ཡིན་ནོ།། གོང་གསལ་མནའ་གན་གྱི་དཔེར་བརྗོད་དུ། “གོང་སྨོད་མཚན་འཁོད་ཀྱི་བསྟན་བསྲུང་དཔང་དུ་གཙུག་ཏེ་ཁྲིམས་སར་སྙན་ཞུ་གསོལ་བ་འདི་ལས་འགལ་བའི་མནའ་བསྐྱོས་ཁུངས་རྡོལ་རིགས་ཕྲ་མོ་ཙམ་སུ་ཐད་ནས་བྱུང་ཤར་ན་ཁྲིམས་ཞབས་སུ་འབའ་གསེར་སྲང་ལྔ་གཙང་སྒྲུབ་ངོས། དངོས་རིགས་ལ་བརྒྱ་འཇལ་ངོ་དགུའི་འཇལ་སྤྲོད། ཉེས་ཐོབ་སོགས་ཞུ་ངོ་སྒྲོན་རྒྱུད་མེད་པ་བཀའ་གནང་ལྟར་སྒྲུབ་སྤྲོད་ཞུ། ཞུས་དོན་མིང་ཐོག་རྟགས་ཕུལ་བ།”ཞེས་དང་། གན་རྒྱའི་དཔེར་བརྗོད་དུ།“གལ་སྲིད་གོང་ཚིག་ལས་འགའ་བའི་ང་མིན་ཁོ་ཡིན། ང་ཕམ་ཁོ་རྒྱལ། བཀའ་ཞུ་དམ་འབེབ། ཆེ་གཉན་བསྒུལ་བསྐྱོད། ཚིག་འབྲུ་གོ་ལོག རྩ་ཚིག་ཁ་བརྡ།  གོང་བཞིན་རྒྱ་ཉིས་འཛུགས་ཀྱི་མགོ་ཉོག་བསོད་ནམས་གཞིས་ཞོལ་སོགས་འགལ་ཆར་འགྲོ་བ་ཞུས་སྲིད་ན། ༧ཁྲིམས་ཞབས་སུ་འབའ་གསེར་སྲང་ལྔ་ངོ་སྒྲོན་རྒྱུད་མེད་པ་གཙང་འབུལ་ཐོག   ཕྱག་དངུལ་ཞུ་བ་གང་ཡིན་ལ་ངོ་བསྐྱོད་རྩིས་ནས་འདབ་འཕར་འབུལ་རྒྱུ་མིང་ཐོག་རྟགས་འབུལ་བ་རབ་དཀྱིལ་གྱི་྾ ྾྾རྟགས།” ཞེས་བཀོད་ཡོད་པ་ལྟར་རོ། །
          ཆིངས་འགལ་འབའ་ཐོ་གསེར་སྲང་ལྔ་འཇོག་པ་ཅུང་རྒྱུགས་ཆེ་སྟེ། ཏུན་ཧོང་བོད་ཡིག་ཤོག་དྲིལ་P. T1297རྟ་ཉོ་བའི་གན་རྒྱ་རུ། “མཇལ་ཙོང་འདྀ་ལྟར་བགྱིས་པའྀ་འོག་དུ་ལོ་བ་ཞིག་མཆིསྣ་མྱི་ལོ་བ་ལ་དམར་སྲང་ལྔ་སྩལད་བར་བགྱིས།།”③ཞེས་བཀོད་ཡོད། ཡང་འབའ་དངུལ་གྱི་གྲངས་ཀ་གསལ་བོར་བཀོད་མེད་པར་རྩོད་གླེང་བྱུང་ཚེ་ཁྲིམས་བདག་གིས་དངུལ་གྲངས་གཏན་འབེབས་བྱས་ཆོག་པའི་གན་རྒྱའང་ཡོད་པ་དཔེར་ན། མི་སེར་ནས་ཕུལ་བའི་གན་རྒྱ་ཞེས་པའི་ནང་དུ། “གལ་སྲིད་འགལ་གཡོའི་སྐབས་དེར་ཞུ་བ་དེ་མ་བྱུང་ཚུལ་སོགས་རང་གཞན་སུ་ཐད་ནས་ཞུས་པ་ཤར་ཚེ་འབའ་བླ་དཔོན་ཇི་སྩོལ་སྟིག་བསགས་རང་འཁུར་ཞུ་རྒྱུའི་རྟགས་རིམ་འབུལ་ཞུས་པ”④ལྟ་བུའོ།།
བཞི་བ། མནའ་གན་དང་གན་རྒྱ་གཉིས་ཀྱི་ཁྱད་པར་གླེང་བ།
          1. ལྷ་སྲུང་དཔང་དུ་བཞག་ཡོད་མེད། མནའ་གན་དང་གན་རྒྱ་གཉིས་ཀྱི་མི་འདྲ་བའི་ཁྱད་པར་ནི་ལྷ་སྲུང་དཔང་དུ་བཞག་ཡོད་མེད་ཡིན་ཏེ། མནའ་གན་ནི་ཐོག་མར་ལྷ་དང་སྲུང་མ་དཔང་དུ་གསོལ་བ་དང་།  དེ་རྗེས་ཁྲིམས་བདག་གི་དྲུང་དུ་ཁས་ལེན་དམ་བཅའ་འབུལ་བ་ལ་ཟེར་བ་ཡིན་ཏེ། དཔེར་ན། གོང་གསལ་མནའ་གན་གྱི་དཔེར་བརྗོད་ལས། “དཔལ་ཡེ་ཤེས་ཀྱི་མགོན་པོ།  དཔལ་ལྡན་དམག་ཟོར་རྒྱལ་མོ།   སྤྲུལ་པའི་ཆོས་རྒྱལ་སྐུ་ལྔ།  ཆོས་སྐྱོངས་ཆེན་པོ་དྲེགས་པ་ལྕམ་སྲིང་འཁོར་བཅས་དང་། གཞན་ཡང་འགོ་བའི་ལྷ་བསྲུང་།”ཞེས་ཆོས་སྐྱོང་སྲུང་མ་གཉན་པོ་དག་མནའ་དཔང་དུ་གསོལ་ཡོད་པ་དང་། ཁྱད་པར་དུ་ཁྲིམས་བདག་རིན་པོ་ཆེའི་དྲུང་དུ་ཁས་ལེན་དམ་བཅའ་བྱས་པ་དེ་དང་འགལ་ཚེ་ཐོག་མར་ལྷ་སྲུང་གིས་བཀའ་ཆད་དྲག་པོ་གནང་བའི་དམོད་བོར་ཡོད་པ་དང་།   བཀའ་ཆད་དྲག་པོ་གནང་བའི་དམོད་བོར་ཡོད་པ་དང་།  དེ་རྗེས་ཁྲིམས་བདག་རིན་པོ་ཆེས་ཉེས་ཐོབ་ལ་དམིགས་ནས་ཁྲིམས་ཐག་བཅད་པ་དང་ལེན་བྱས་ཡོད་པའོ། །
          ལྷ་སྲུང་དཔང་དུ་བཙུགས་ནས་ཁས་ལེན་དམ་བཅའ་དང་འགལ་ན་དད་གནས་ཀྱི་ལྷ་གང་རུང་གིས་བཀའ་ཆད་གཅོད་པར་རེ་བ་དང་། མནའ་རྟེན་རྡོ་རིང་ལ་བྱས་ཏེ་མནའ་ཚིག་ཀྱང་གསལ་བོར་བྲིས་པའི་སྲོལ་བྱུང་བ་ནི། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བཞེངས་པའི་བསམ་ཡས་ཀྱི་རྡོ་རིང་དུ།  “དཱ:ཕྱིན:་ཅད་། གདུང:རབས: རེ་རེ: ཞིང:ཡང: བཙན་པོ: ཡབ་སྲས:གྱིས་: འདྀ། ། བཞིན་ཡྀ:དམ: བཅའོ། དེ་ལས:མནའ: ཁ: དབུད:པ: དག:ཀྱང་། མྱྀ་བགྱི; མྱི:བསྒྱུར:བར: ། འཇྀག་རྟེན་ལས:། འདའས:པའ: དང་། འཇྀག:རྟེན:གྱི:ལྷ་དང་། མྱྀ་མ: ཡིན:པའ: ། ཐམས:ཅད་གྱང:དཕང་དུ། གསོལ:ཏེ། བཙན་པོ:ཡབ: སྲས་དྔ: ། རྗེ་བློན་ཀུན་གྱིས་དབུ་སྙུང:དང་བྲོ་: ། བོར་རོ: །”⑤ཞེས་འཇིག་རྟེན་ལས་འདས་པ་སངས་རྒྱས་དང་།   འཇིག་རྟེན་གྱི་ལྷ་དང་།   མི་མ་ཡིན་པ་ཐམས་ཅད་དཔང་དུ་གསོལ་ཏེ་གདུང་རབས་རྗེས་མ་དག་ཀྱང་དེ་ལུགས་བཞིན་བྱེད་དགོས་པའི་སྐོར་བྲིས་ཡོད་པ་ལྟ་བུ་ཡིན།  ཏུན་ཧོང་བོད་ཡིག་ཤོག་དྲིལ་སོགས་སུ་ལྷ་སྲུང་དཔང་དུ་བཞག་པའི་སྲོལ་དེ་བཙན་པོ་འདིའི་རིང་ཐོག་མར་མངོན་ཡོད་པས། སྐབས་འདི་ནས་བཟུང་སྟེ་མནའ་དང་ཁྲིམས་ཀྱི་བྱེད་ནུས་ཕན་ཚུན་སྐྱ་གཅིག་ཏུ་འདྲེས་པར་སྙམ་མོ།།
          གན་རྒྱ་ནི་ལྷ་སྲུང་སོགས་དཔང་དུ་གསོལ་མེད་པར་ཐད་ཀར་ཁྲིམས་བདག་གི་དྲུང་དུ་ཁས་ལེན་དམ་བཅའ་བྱས་པ་ཡིན་ཏེ། དཔེར་ན། གོང་གི་དཔེར་བརྗོད་ལས། ཕན་བདེའི་འབྱུང་གནས་ལུགས་གཉིས་༧གོང་མ་༧ཁྲིམས་བདག་རིན་པོ་ཆེའི་༧ཞབས་དྲུང་དུ། ཞེས་བཀོད་ཡོད་པས། ལྷ་སྲུང་གཉན་པོ་དཔང་དུ་བཙུགས་མེད་ལ་དམ་བཅའ་དང་འགལ་ཚེ་དད་གནས་ཀྱི་ལྷ་གང་རུང་གིས་ལུས་སྲོག་ལོངས་སྤྱོད་ཐལ་བའི་རྡུལ་བཞིན་ཏུ་གཏོང་བར་ཤོག་ཅེས་དམོད་ཀྱང་བོར་མེད་པར། ཚུལ་མཐུན་བག་ཡོད་ཀྱི་ཁ་དན་ལས་འགལ་ན་དེ་དོན་བཞིན་ཁྲིམས་བདག་གིས་ཁྲིམས་ཆད་ཕོག་པ་དང་ལེན་བྱེད་པར་དམ་བཅའ་ཕུལ་ཡོད། རིགས་འདི་འདྲ་བ་ཏུན་ཧོང་བོད་ཡིག་ཤོག་དྲིལ་P. T1297རྟ་ཉོ་བའི་གན་རྒྱ་རུ། “ལུག་གི་ལོའི་དཔྱིད།། ཞང་ལྷ་བཟང་དང་།། ཞང་... ལསྩོགས་པ་འ་ཁྲམ་སྲུངུར་བཏབ་... ལའ། ། ཚད་སྟོད་ཀྱི་སྡེ་སྐྱའ་ཙ་ལྷ་བརྩན་ལས། ། དགེ་སློང་བོན་ཅར་གྱིས་རྟ་གཅྀག་མཇལ་ཏེ།། སྤུ་རྟགས་དང་མདོ་རིས་ལ། ། ཕོ་གྭ་སྐྱའ་མདོ་རིས་ཤྀང་ལོ་དང་ཕྱོ་མཁར་མཆིས་པ་གཅྀག་མཇལ་ཏེ། །”⑥ཞེས་པ་ལྟ་བུར་མཚོན་ན་མནའ་གན་གྱི་རིགས་མ་ཡིན་པར་ཉོ་ཚོང་གན་རྒྱའི་སྐོར་ཡིན་ལ། བོད་བཙན་པོའི་དུས་ནས་གན་རྒྱ་བྲི་སྟངས་ཀྱི་རྩ་དོན་ནི་ཞིབ་ཅིང་གསལ་བ་ཞིག་ཡིན་པ་གཞི་ནས་རྟོགས་ཐུབ།
          2.མནའ་གན་ནི་བདེན་དཔང་གཙོར་སྟོན་པ་ཞིག་ཡིན། གོང་གསལ་མནའ་གན་གྱི་དཔེར་བརྗོད་དེ་ལས་རྟོགས་ཐུབ་པ་ཞིག་ནི། མནའ་གན་ཕྱོགས་གཉིས་ལ་རྩོད་གླེང་བྱུང་རྗེས་སམ་ཡང་ན་ལས་དོན་ཞིག་སྒྲུབ་ཚར་རྗེས་རང་ཉིད་ལ་ཉེས་སྐྱོན་མེད་ཚུལ་ལམ་ཡང་ན་དོན་དག་དེ་འདྲ་བ་སླར་མི་འབྱུང་བའི་ཕྱིར་བདེན་དཔང་གཙོར་སྟོན་པ་ཞིག་ལ་གོ་དགོས་པར་འདུག   གན་རྒྱ་དེ་ལས་ལྡོག་སྟེ་ལས་དོན་དེ་མགོ་རྩོམ་པར་གྲ་སྒྲིག་གི་བྱས་པ་བྱེད་པར་ཤུགས་ཆེ་བའོ། ། མནའ་གན་དཔེར་བརྗོད་དུ།  “བདག་མིང་རྟགས་ཁུངས་སུ་གསལ་བ་རྣམས་ནས་བློས་བླངས་འགྱུར་མེད་ཀྱི་མནའ་གན་གཙང་མར་ཕུལ་དོན་རྣམས་ལ་ཆེ་གེ་མོའི་དངོས་ཆས་དེ་སྔ་གཉེར་དམ་གྱི་བཅོལ་ལོ་བྱས་པ་དང་སྐྱིར་བཏང་པ་གཡར་སྐྱེད་བདེ་དུ་སྤྲད་པ་སོགས་འདོར་ན་དམར་ནས་རྡོག་གཅིག་དང་། ཟོང་ནས་ཇ་བསྐུད་ཙམ་ལའང་སྦལ་སྐུམ་གཡོ་ཟོལ་དང་བདག་བྱས་རིགས་གཏན་ནས་མེད་ངོས། ད་ལམ་དཔོན་ཁུངས་སུ་དྲང་ཞུས་མིན་རི། སླར་ཁུངས་རྡོལ་ཡོང་རི།  ཀུན་རྫོབ་ཀྱི་ཆ་ཤས་ཕྲ་མོ་ཙམ་ཞུས་རི།  གལ་ཆེ་བློ་ངན་ལང་གཤོར་གྱི་དངོས་དང་རྒྱུད་པའི་སྒོ་ནས་དངོས་པོ་ལྷད་སྤུ་ཙམས་མཆིས་རིགས་ཡོད་ཚེ་ཡེ་ཤེས་སྤྱན་ལྡན་བསྟན་བསྲུང་མཐུ་རྩལ་ཅན་རྣམས་ནས་ནོང་བའི་བྱེད་པོར་ཅི་ཡིན་གྱི་ལུས་སྲོག་ལོངས་སྤྱོད་གང་ཡིན་ལོ་ཟླ་ཞག་བཅས་མ་འགྱངས་པར་བཀའི་ཆད་པ་དྲག་པོས་སྐད་གཅིག་ལ་ཐལ་བའི་རྡུལ་རླག་པར་འགྱུར་བར་ཚར་བཅོད་ཅིང་།   བདེན་ཆེ་བའི་ཞུ་བ་པོ་མཆིས་ཚེ་དེ་དག་རྣམས་ལ་བྱ་དགའ་ཇེ་མཐོར་མཐོང་ལ་བསམ་དོན་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད།”ཅེས་ཆེ་གེ་མོའི་དངོས་ཆས་བཅོལ་བའམ་གཡར་བ་ཕྱིར་སྤྲད་ཟིན་པས། དེའི་ཕན་ཆད་དུ་དངོས་རིགས་ཁབ་སྐུད་ཙམ་སྦས་བསྐུངས་བྱས་མེད་ཚུལ་དང་། གལ་ཏེ་ཡོད་ཚེ་ཡེ་ཤེས་སྤྱན་ལྡན་བསྟན་སྲུང་རྣམས་ཀྱིས་བཀའ་ཆད་གནང་ཆོག་པའི་དམོད་འབོར་དགོས་པ་མ་ཟད། འདམ་པོ་མཆིས་ཚེ་བྱ་དགའ་སྟེར་ཆོག་པ་སོགས་བཀོད་ནས་དེ་བཞིན་བྲི་དགོས་པར་བསྟན་པ་ལས་ཤེས་ཐུབ། གན་རྒྱ་ལ་དེ་ལྟ་བུའི་རང་སྐྱོན་མེད་ཚུལ་གྱི་ཁས་ལེན་བཀོད་མི་དགོས་སོ།།
          3. མནའ་གན་ལ་གན་རྒྱ་ལས་བྱེད་ནུས་ཆེ་བ། མནའ་གན་གྱིས་ཕྱོགས་གཅིག་ནས་རང་གི་དད་གནས་ཀྱི་ལྷ་སྲུང་དཔང་དུ་བཙུགས་ནས་དེ་ལས་འགལ་ན་ལྷས་བཀའ་ཆད་གནང་ཆོག་པ་དང་། ཕྱོགས་གཞན་ཞིག་ཏུ་ཁྲིམས་ཆད་འཁུར་བར་དང་ལེན་བྱས་ཡོད་པས།  དེ་ནི་སྤྱིར་བཏང་གི་གན་རྒྱ་དང་བསྡུར་ན་བྱེད་ནུས་ཆེ་ཞིང་གན་རྒྱ་བདེ་བླག་ངང་ལག་ཏུ་བསྟར་བར་རྔོ་ཆེན་པོ་ཐོགས་ཡོད།  དད་གནས་ཀྱི་ཀློང་ན་འཚོ་བའི་མི་རིགས་ཤིག་ཡིན་ན།  རང་ཉིད་ཀྱི་དད་མོས་བྱེད་སའི་ལྷ་སྲུང་ལ་བློ་འགལ་བའི་དད་ལོག་བྱེད་མི་སྲིད་ལ།  སེམས་ཉིད་རྣམ་རྟོག་གིས་གཡོས་པས་འགལ་ཆའི་བློ་སྐྱེས་པ་ཙམ་གྱིས་ཀྱང་འཇིགས་སྣང་སྐྱེ་སྲིད་ཕྱིར། ལྷ་སྲུང་དཔང་དུ་བཞག་པ་ནི་ཁྲིམས་ཡིག་གིས་བཅུན་མི་ཐུབ་པའི་བློ་དེ་རང་བཞིན་གྱིས་འདུལ་སླ་བས་ཡིན། ལྷག་པར་དུ་ང་ཚོའི་མེས་པོ་རྣམས་ནི་ངང་ཚུལ་བརྟན་པ། གཡོ་སྒྱུ་ཆུང་བ། མནའ་ལ་ཤིན་ཏུ་བརྩི་བ་ཞིག་ཡིན་པར་བཤད་པས། མནའ་གན་གྱི་རིགས་ལ་འགལ་བའི་བློ་ཅན་ཆེས་ཉུང་བར་སེམས། གན་རྒྱ་ལ་ཁྲིམས་ཀྱིས་བཅུན་པའི་བྱེད་ནུས་མ་གཏོགས་མེད་པས་བརྩི་མཁན་དང་མི་བརྩི་མཁན་ཅི་རིགས་ཡོད་ངེས།   མནའ་གན་གྱི་རིགས་འདི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཆོས་མི་བསྣུབས་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་ཁག་གཉིས་དང་། བསམ་ཡས་ཀྱི་རྡོ་རིང་། དེ་རྗེས་ཁྲི་རལ་བ་ཅན་གྱི་སྐབས་སུ་བཞེངས་པའི་གཙུག་ལག་ཁང་མདུན་གྱི་རྡོ་རིང་སོགས་ལས་རིམ་གྱིས་འཕེལ་བ་ཡིན།  མནའ་གན་ནི་ཆེ་བ་རྒྱལ་ཁབ་ཀྱི་སྲིད་དོན་ནས་ཆུང་བ་འབངས་ཀྱི་ཉོ་ཚོང་གན་རྒྱ་སོགས་དང་འབྲེལ་བས་ཁྱབ་ཆེ་ཞིང་བྱེད་ནུས་མངོན་པར་མཐོ་བ་ཞིག་ཡིན།
          བོད་སིལ་བུའི་དུས་སུའང་། བོད་པ་དང་སིང་པའི་དམག་འཁྲུག་གཅོད་ལུགས་ཀྱི་མནའ་གན་ཞེས་པའི་ནང་དུ། “གཅིག་གིས་གཅིག་ལ་གནོད་མི་སྐྱེལ། ཇ་དང་ལེ་ན་གཏོང་རྒྱུ་ལ་འགལ་མིན་གྱིས་ལོ་སྔ་མ་ནང་ལྟར་གཏོང་རྒྱུ་འདི་ལ་ལབ་རྒྱུ་གླེང་རྒྱུ་མེད། ལ་དྭགས་ཀྱི་ཚོང་པ་འགྲོ་མི་ལ་གནོད་མི་སྐྱེལ། ང་ཚོའི་ལུང་པའི་མི་ཁྱོད་ཚོའི་ལུང་པར་སླེབས་ན་གནོད་མི་བྱེད།   སི་རི་ར་ཛ་ས་ཧེབ་དང་།  ལྷ་སའི་སྐུ་ཚབ་བར་ལ་སྔར་ཕན་ཆད་ཀྱི་ལས་ཆེ་ཆུང་ཚང་མ་སེམས་ལ་མ་བཞག་པར་བསྐྱུར་བཞག དེ་རིང་བཟང་བསྒྲིགས་དྲང་པོ་བྱུང་སོང་། རྟག་པར་དེ་ལ་གནས་ཡོང་། ད་ལམ་ནས་རྒྱུན་རིང་པོའི་བར་འདི་ལྟར་བྱེད།   བར་ལ་དཀོན་མཆོག་བཞག་ནས་རྒྱུན་རིང་བྱས་ཆོག ཡང་བསྐྱར་གངས་ཏི་སེ། མཚོ་མ་ཕམ། ཁོ་ཆར་ཇོ་བོ་དཔང་བོར་པའི་རྟགས་ཐེའུ།” ⑦ཞེས་རང་རང་གི་དད་གནས་ཀྱི་ལྷ་དཔང་དུ་བཙུགས་ནས་ཆིངས་ཡིག་གི་བྱེད་ནུས་ཇེ་ཆེར་བཏང་ཡོད་པ་ལྟ་བུའོ།།
          ལུང་འདྲེན་དཔྱད་ཡིག
          ①④《བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་གཞུང་ཡིག་ཕྱོགས་བསྡུས་དྭངས་ཤེལ་མེ་ལོང》 བཀྲ་ཤིས་དབང་འདུས་ཀྱིས་བསྒྲིགས། 1989ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། P13  P13
          ②③⑥《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ 》ཕྱོགས་སྒྲིག་དང་འགྲེལ་བཤད་བྱེད་མཁན་བསོད་ནམས་སྐྱིད་དང་དབང་རྒྱལ། 1983ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། P96 P96 P96
          ⑤《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་》གཉའ་གོང་དཀོན་མཆོག་ཚེ་བརྟན། 2001 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། P12
          ⑦《ཡིག་བསྐུར་རྣམ་བཞག་མེ་ཏོག་ཕྲེང་བ》ཀརྨ་རྒྱལ་མཚན་གྱིས་རྩོམ་སྒྲིག་བྱས། 2006 ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། P294 - 295
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1