གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༡༣ཉིན།

བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་བཤེར་ཐེངས་བཞི་བའི་ལས་དོན་རིམ་པ་གཉིས་པ་སྤེལ་འགོ་ཚུགས།

        རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱིས་2011ལོར་ཁྱོན་ཡོངས་ནས་“རྒྱལ་ཡོངས་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་བཤེར་ཐེངས་བཞི་བའི་ཚོད་ལྟའི་ལས་དོན་”སྤེལ་ཅིང་། བོད་ལྗོངས་ནི་རིམ་པ་གཉིས་པའི་ཚོད་ལྟའི་ཞིང་ཆེན་གྱི་གྲས་ཤིག་ཡིན་པའི་ཆ་ནས།   2012ལོར་རྫོང་26ནས་ཀྲུང་(བོད་)ལུགས་སྨན་རྫས་ཐོན་ཁུངས་ཡོངས་བཤེར་ཚོད་ལྟའི་ལས་དོན་སྤེལ། 2015ལོར་རྒྱལ་ཁབ་ཀྱིས་བོད་ལྗོངས་སུ་མུ་མཐུད་ནས་ཚོད་ལྟའི་རྫོང་4གསར་དུ་བསྣན་པ་དང་། དུས་མཚམས་འདིར། བོད་ལྗོངས་སུ་ཁྱོན་བསྡོམས་རྫོང་30ལ་ཡོངས་བཤེར་ལས་དོན་སྤེལ། རང་སྐྱོང་ལྗོངས་སྨན་རྩིས་ཁང་སྣེ་ཁྲིད་ལས་ཁུངས་ཡིན་པའི་སྟབས་ཀྱིས།  བོད་ལྗོངས་ཞིང་འབྲོག་སློབ་གླིང་དང་མཉམ་དུ་ལྗོངས་ཡོངས་ཀྱི་རྫོང་30ཡི་ཀྲུང་(བོད་)ལུགས་སྨན་རྫས་ཐོན་ཁུངས་ལ་ཡོངས་བཤེར་བྱེད་པའི་བྱ་བར་འགན་འཁུར་བ་དང་། ལས་དོན་བདེ་ལེགས་ངང་ལེགས་འགྲུབ་བྱུང་། ད་ལྟ་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་ཞིབ་བཤེར་རྩིས་ལེན་གྱི་འཁྲོལ་ཡིག་ཐོབ།   ཚོད་ལྟའི་ཡོངས་བཤེར་བྱས་པ་བརྒྱུད།  རྫོང་30ཡི་ཀྲུང་(བོད་)ལུགས་སྨན་རྫས་ཐོན་ཁུངས་ཀྱི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་ཡང་དག་ཐོབ་ཅིང་། རྫོང་སོ་སོའི་མངའ་གཏོགས་ཀྱི་ཀྲུང་(བོད་)ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་ལ་གཞི་གྲངས་ཀྱིས་བདེན་དཔང་བྱེད་ཐུབ་པ་བྱུང་།
        2017ལོར་རྒྱལ་ཁབ་ཀྱིས་ཡོངས་བཤེར་བྱེད་པ་དངོས་སུ་འགོ་བརྩམས་ཤིང་། བོད་ལྗོངས་ཀྱིས་ཀྱང་ཡོངས་བཤེར་ལས་དོན་ལག་བསྟར་བྱེད་འགོ་ཚུགས། འདི་ནི་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྨན་སྤྱོད་སྐྱེ་དངོས་ཐོན་ཁུངས་ལ་ཡོངས་བཤེར་ཐེངས་དང་པོ་ཡིན་པས།  ཐེངས་འདིའི་ཡོངས་བཤེར་ལས་འགན་གང་ཞིག་ཡིན་ཡང་ལོ་རྒྱུས་ཀྱི་སྟོང་ཆ་གསབ་པའི་ཚན་རིག་ཞིབ་འཇུག་གི་ལས་ཀ་འབའ་ཞིག་ཡིན་ལ། ལྷག་པར་དུ་ལྗོངས་ཡོངས་ཀྱི་རྫོང་སོ་སོའི་སྲོལ་རྒྱུན་གྱི་སྨན་རྫས་ཤེས་བྱ་ཕུན་སུམ་ཚོགས་པ་དང་། ཤེས་བྱ་འདི་རྣམས་ཁྱོན་ཡོངས་ནས་སྔོག་འདོན་དང་ལེགས་སྒྲིག་བྱས་པ་དཀོན་པས། ཕལ་ཆེ་བ་རྒྱུན་ཆད་པའི་མུར་ཐུག་པ་ནི་རང་རྒྱལ་གྱི་མི་རིགས་སྨན་རྫས་ཐོན་ཁུངས་ཀྱི་སྲོལ་རྒྱུན་ཤེས་བྱའི་གྲུབ་ཆ་དང་ནང་དོན་ལ་གྱོང་གུན་ཚབས་ཆེན་ཐེབས་སྲིད་པ་དང་།  ཚན་རྩལ་གལ་ཆེན་གྱི་ཐོན་ཁུངས་ལ་གྱོང་གུན་ཚབས་ཆེན་ཐེབས་པ་ཞིག་ཀྱང་ཡིན་པས།  གོ་སྐབས་འདི་འདྲ་ཞིག་ལ་བརྟེན་ནས་བོད་ལྗོངས་ཀྱི་མི་རིགས་སྨན་རྫས་སྲོལ་རྒྱུན་ཤེས་བྱ་ལ་བརྟག་དཔྱད་དང་འཚོལ་བསྡུ་བྱ་བ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། 
        རིམ་པ་དང་པོའི་ཡོངས་བཤེར་བྱས་པ་བརྒྱུད། བོད་ལྗོངས་ཀྱིས་འཕྱོངས་རྒྱས་དང་ཆུ་གསུམ། རྒྱ་ཚ་བཅས་རྫོང་གསུམ་གྱི་རི་ཐང་ཡོངས་བཤེར་དང་ལས་རིགས་ཁྲོད་ཀྱི་གཞི་གྲངས་ལེགས་སྒྲིག གཞི་གྲངས་ཡར་སྤྲོད་བྱེད་པ་སོགས་ཀྱི་ལས་ཀ་ལེགས་འགྲུབ་བྱུང་ཞིང་། ཡོངས་བཤེར་མི་སྣས་རི་སྐྱེས་བོད་ལུགས་གསོ་རིག་སྨན་སྤྱོད་རྩི་ཤིང་གི་ཐོན་ཁུངས་གནས་ཚུལ་ལ་ཁྱོན་ཡོངས་དང་ཞིབ་ཕྲའི་བརྟག་དཔྱད་བྱས།

        མིག་སྔར། ཡོངས་བཤེར་ལག་བསྟར་འཆར་གཞི་ལྟར་ན། སྔོན་འགྲོའི་དུས་རིམ་གྱི་ཡོངས་བཤེར་རུ་ཁག་གི་མི་སྣའི་གསོ་སྦྱོང་ལས་ཀ་ཡོངས་སུ་གྲུབ་ཡོད། བོད་ལྗོངས་ཀྱི་ཡོངས་བཤེར་ལས་ཀའི་མྱུར་ཚད་བཀོད་སྒྲིག་ལྟར།  2019 ལོའི་ལོ་མཇུག་མ་སླེབས་གོང་། རྩ་བའི་ཆ་ནས་རྫོང་20ཡི་རི་ཐང་རྟོག་དཔྱོད་དང་ལས་རིགས་ཁྲོད་ཀྱི་གཞི་གྲངས་ལེགས་སྒྲིག་ལས་ཀ་ཡོངས་རྫོགས་འགྲུབ་ངེས་པ་དང་། 2019ལོར་རྫོང་20ཡི་ཡོངས་བཤེར་ལས་ཀ་ཡོད་པ་ལ་བོད་ལྗོངས་སུ་ད་དུང་ཡོངས་བཤེར་བྱ་རྒྱུའི་རྫོང་ 21ལྷག་ཡོད་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1