༄༅། །ཁྱིམ་ཚང་སློབ་གསོའི་ཐད་ཀྱི་བསམ་ཚུལ་ཞིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-11


   

           དྲང་མོར་བཤད་ན་མི་དང་སྲོག་ཆགས་གཞན་གྱི་ཁྱད་པར་འབྱེད་ཆོས་གཙོ་བོ་ནི་བསམ་གཞིག་གི་ནུས་པ་དང་སྐད་ཆ་བཤད་པའི་ནུས་པ་རེད། དེའི་ཕྱིར་ང་ཚོའི་རིག་གནས་ནང་མིའི་མཚན་ཉིད་འཇོག་དུས་ཀྱང་སྨྲ་ཤེས་ཤིང་དོན་གོ་བ་བཞག་ཡོད་པ་ཀུན་ལ་གསལ་ཞིང་། མི་སུ་ལ་མཚོན་ནའང་ཐོག་མའི་ནར་སོན་ས་དང་། ཐོག་མའི་སློབ་གསོ་མྱོང་ས་ཁྱིམ་ཚང་ཡིན་ལ། དེ་བཞིན་མིའི་ཐོག་མའི་དགེ་རྒན་ཕ་མ་ཡིན་པ་དང་ཐོག་མའི་སློབ་གསོ་གཏོང་བྱེད་ནི་སྐད་ཆ་དང་། ཐོག་མའི་སློབ་གྲྭ་ཁྱིམ་ཚང་ཡིན་པར་ངང་གིས་གྲུབ་འདུག་པའང་ཀུན་ལ་གསལ་བ་འདི་རེད།

          ཡིན་ཡང་ང་ཚོའི་ཕ་མ་མང་བོས་རང་ཉིད་དགེ་རྒན་དང་རང་ཁྱིམ་སློབ་གྲྭ་ཡིན་པར་ངོ་མ་ཤེས་པར། བྱིས་པའི་འགྲོ་འདུག་སྤྱོད་གསུམ་ལ་ཆུང་ངུའི་དུས་ནས་དང་དོད་དང་བླང་བྱ་ནན་མོ་མི་འཛིན་པ་རེད། དེ་ལས་ཀྱང་ཅུང་ཚབས་ཆེ་བ་ནི་ང་ཚོའི་ཕ་མ་མང་བོ་ཡིག་རྨོངས་པ་ཡིན་པ་དེ་རེད། དེ་ནི་ཁྱིམ་ཚང་སློབ་གསོའི་བར་གེགས་ཆེས་ཆེ་ཤོས་ཀྱང་རེད།

          ང་ཚོས་ཇི་ལྟར་བཤད་ཀྱང་སློབ་གྲྭའི་སློབ་གསོ་འཁྱོངས་དགོས་ན་ཁྱིམ་ཚང་སློབ་གསོའི་རྨང་གཞི་ལ་བརྟེན་དགོས་ཤིང་། ཁྱིམ་ཚང་སློབ་གསོ་འཁྱོངས་དགོས་ན་ཕ་མའི་སྤུས་ཀ་ལ་རག་ལས་པས། བོད་ཡུལ་གྱི་ཕ་མ་དག་གིས་ཡི་གེ་ཤེས་མིན་དང་ཁོ་ཚོའི་བསམ་པའི་གོ་རྟོགས་སད་ཡོད་མིན་དེ་ནི། བོད་ཀྱི་སློབ་གསོ་གོང་དུ་འཕེལ་མིན་གྱི་འགག་གནད་ཅིག་ཏུ་གྱུར་ཡོད་པའང་ཁ་གསལ་གཏིང་གསལ་རེད།

          དེ་ཡང་གནད་འགག་དེ་ཐག་གཅོད་དགོས་ན་བོད་ཀྱི་ཕ་མ་ཚང་མས་ཡི་གེ་ཤེས་དགོས་སོ་ཡིག་རྨོངས་སེལ་དགོས་སོ་ལྟ་བུའི་གཏམ་ཆེན་ནི་བརྒྱུད་རིམ་དང་ལྡན་པའི་སྒོ་ནས་མང་དུ་བཤད་ཆོག་ཀྱང་། ཁོ་བོའི་བསམ་པར་མིག་སྔའི་བོད་རང་གི་གཞི་རིམ་གྱི་འཚོ་བའི་གནས་སྟངས་དང་། དེའི་ཕྱོགས་སོ་སོ་ལ་བསམ་གཞིག་ཅུང་ཟད་རེ་བཏང་བ་ཡིན་ན་དེ་ནི་སྟོང་བཤད་ཅིག་ལས་མ་འདས་པར་སྙམ།

          གལ་ཏེ།  མི་སུ་ཞིག་གིས་ཁྱོད་ལྟར་ན་གནད་དོན་དེ་ཇི་ལྟར་ཐག་གཅོད་དགོས་ཞེས་འདྲི་བའི་དབང་དུ་བཏང་ན། ངས་འདི་ལྟར་སྨྲ་བར་འདོད་དེ་ང་ཚོ་བོད་ནི་གནའ་ནས་ད་བར་ཆོས་ཀྱིས་བསྐྱངས་ཤིང་ཆོས་ལ་དད་པའི་མི་རིགས་ཤིག་ཡིན་ལ། བོད་མིའི་དད་སྟོབས་ནི་མཐའ་འཁོར་གྱི་སྣང་ཚུལ་གང་ཞིག་གིས་ཀྱང་ཐད་ཀར་རྩ་སློག་གཏོང་ཐུབ་པ་ཞིག་ཡེ་ནས་ཡིན་ཚོད་མ་རེད། འདི་ལ་དྲང་ཕྱོགས་ནས་འདང་རེ་རྒྱབ་ན་དད་པའི་ཤུགས་འདི་མི་རིགས་ཆིག་སྒྲིལ་གྱི་ཕྲེང་ཐག་ལྟ་བུར་ཡང་གྱུར་ཡོད་ལ། འདིས་ང་ཚོའི་མི་རིགས་འདི་གཞན་ལས་རྣམ་པར་འབྱེད་པའི་ཕྱོགས་ལ་རང་མཚན་གྱི་རྟགས་དང་བྱེད་ནུས་ཆེན་པོ་རེ་ཡང་ཐོན་འདུག་པར་སྙམ། ཡིན་ནའང་དད་པའི་སྟོབས་ཤུགས་དེ་ཕྱི་མའམ་མི་སྒེར་གྱི་དད་མོས་ཁོ་ནར་ཕྱོགས་ཤིང་གཏད་ན། དེ་ནི་མི་རིགས་ཤིག་གི་ངོས་ནས་བལྟས་ན་ཉེན་ཁ་ཆེན་པོར་འགྱུར་གྱི་ཡོད་པའང་མིག་མཐོང་ལག་ཟིན་པས། ན་གཞོན་མང་བོས་རུས་ཞེན་ཀྱི་སྐད་ངག་འཛེར་འཛེར་དུ་འུར་རྒྱག་དགོས་བྱུང་བ་རེད།

          དེ་ན་ང་ཚོས་དད་པའི་སྙིང་སྟོབས་འདི་ཤེས་རིག་སྦྱོང་བ་དང་རང་གི་སྐད་ཡིག་དར་སྤེལ་སྲུང་སྐྱོབ་སོགས་ཀྱི་སྤྱི་བའི་འཕྲིན་ལས་གཉེར་བའི་ཕྱོགས་སུ་སྒྱུར་ཐུབ་ན། ང་ཚོའི་ཉེན་ཁ་མང་བོ་ཞིག་ངང་གིས་ཁེགས་ཤིང་དལ་གྱིས་སེལ་ཐུབ་ཨང་སྙམ་མོད། མང་ཚོགས་ལ་མཚོན་ན་བླ་མས་ཅི་གསུང་ཆོས་དང་མཛུབ་མོས་གར་བསྟན་ཤར་ཡིན་པས། འདི་ཡང་མཐར་གཏུག་ན་ང་ཚོས་ཚད་ལྡན་གྱི་བླ་མ་དང་ཆོས་ལུགས་མི་སྣར་མ་རེ་བར་སློབ་གྲྭ་ཆེན་མོའི་དགེ་སློབ་དག་གི་བསམ་བློས་སྐྱོག་ཐུབ་པ་ཞིག་ཀྱང་མིན་པར་སྣང་།

         དེའི་ཕྱིར་གཞི་རིམ་མང་ཚོགས་ཀྱི་བློ་ཁ་ཤེས་རིག་དང་འཚོ་གནས་ལ་ཕྱོགས་ཤིང་། རང་གི་སྐད་ཡིག་ལ་མཐོང་ཆེན་སོགས་དངོས་ཡོད་གནད་དོན་ལ་གཞོལ་ཆེ་བའི་རྟོགས་སད་ཀྱི་ལམ་དུ་བགྲོད་པའི་སྒུལ་ཤུགས་ནི་སླར་ཡང་ཆོས་ལུགས་མི་སྣས་སྒྲུབ་འོས་ཀྱི་འགན་ཞིག་ཏུ་མཐོང་ལ། དེ་ལྟར་ནུས་ཚེ་གཞི་ནས་ང་ཚོའི་སློབ་གསོ་ལའང་ཅུང་འཐུས་ཚང་གི་བརྒྱུད་རིམ་ཞིག་ཆགས་ཐུབ་ལ། ཁ་ཕྱོགས་དང་དམིགས་འབེན། སྟོབས་ཤུགས་ཞིག་ཀྱང་ངང་གིས་འབྱུང་ངེས་རེད་ཨང་སྙམ་པ། ལྷན་རྒྱས་ལ་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་འཛེམ་དོགས་མེད་པར་བཀོད་པ་ལགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1