༄༅།། ཀོང་པོ་ས་ཆར་བསྐྱོད་པའི་མཐོང་ཐོས་མྱོང་གསུམ།

རྡོ་རྗེ་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 05-16



ལྷ་ས། རྡོ་རྗེ་སྐྱིད།
        དཔྱིད་ཟླ་གསུམ་པ་ནི་དཔྱིད་ཀྱི་དཔལ་མོ་མི་ཡུལ་དུ་བྱོན་ཏེ་ས་གཞི་ཀུན་ལ་ཚེ་སྲོག་གི་དངོས་གྲུབ་གནང་ཞིང་གཉིད་དུ་ཡུར་བའི་དགུན་ཟླ་རིང་མོར་དྲོད་ཅིང་འཇམ་པའི་ཕྱག་ཟུང་གཉིས་ཀྱིས་ཡང་ཡང་བྱིལ་བྱིལ་བྱས་ནས། ཡོད་ཚད་ལ་བརྩེ་བ་དང་བྱམས་སེམས་ཆེན་པོས་སྐྱོང་བ་དང་།ཚང་མར་རེ་བ་དང་ཡིད་ཆེས། སྤོབས་པ་དང་ང་རྒྱལ་གྱིས་ཁེངས་པའི་དུས་བཟང་དེ་ཡིན་པས།ངའང་ཞོགས་པའི་ཉི་ཟེར་གྱི་འགྲོས་དང་བསྡོངས་ཏེ་ས་ཀོང་པོའི་ཡུལ་དུ་དཔྱིད་ཀྱི་དཔལ་མོར་བསུ་མ་བྱེད་དུ་ཆས་པ་ཡིན།ལྷ་ལྡན་གྲོང་ཁྱེར་ནས་ཉིང་ཁྲི་གྲོང་ཁྱེར་བར་དུ་སྤྱི་ལེ400ལྷག་ཡོད་པ་དང་མྱུར་བགྲོད་གཞུང་ལམ་སྟེང་སྒེར་གྱི་རླངས་འཁོར་རྒྱུག་ཚེ་ཆུ་ཚོད་ལྔ་ཙམ་གྱིས་སླེབས་ཐུབ། ལྷ་སའི་སྟོད་ཕྱོགས་ཏེ་དགའ་ལྡན་དགོན་པར་བསྐྱོད་པའི་ལམ་དེད་ནས་སོང་ན་རིམ་པ་བཞིན་དུ་ཚལ་གུང་ཐང་དང་སྟག་རྩེ་རྫོང་། འཕན་པོའི་ས་ཆ་ཁ་ཤས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་མལ་གྲོ་གུང་དཀར་རྫོང་བཅས་བརྒྱུད་མཐར་བར་ལའི་རི(米拉山)ཟེར་བ་ས་འཛིན་ཡོངས་སུ་ཁ་བས་གཡོགས་པ་མཚོ་ངོས་ལས་མཐོ་ཚད་ལ་སྨི5010ཡོད་པ་ཞིག་ཏུ་ཐོན། བར་ལའི་རི་རྩེ་ནས་འགྲེངས་ཏེ་ལྷ་ས་དང་ཀོང་པོ་ཕྱོགས་གཉིས་སུ་རྒྱང་ལྟ་བྱས་ཚེ་གངས་རི་ར་བས་བསྐོར་བའི་ཞིང་ཁམས་ཞེས་པ་དེ་ཇི་ལྟ་བུ་ཞིག་ཡིན་པ་ཤེས་ཐུབ་པ་དང་།ཡང་མཚམས་ལན་རེར་རང་ཉིད་ཇོ་མོ་གླང་མའི་རི་རྐེད་དུ་སླེབས་ཡོད་པ་ལྟ་བུའི་ཚོར་སྣང་དྲག་པོ་བྱུང་། ལྷ་ས་དང་ཉིང་ཁྲི་གཉིས་རི་འདིས་ཤར་ལྷོ་གཉིས་སུ་བགོས་ཡོད་ལ་འདི་གཉིས་ཀྱི་ས་མཚམས་ཡིན་པས་བར་ལའི་རི་ཟེར། བར་ལའི་ཕུག་ལམ་ནང་དུ་དུས་ཚོད་སྐར་མ་བརྒྱད་དགུ་ལྷག་སོང་རྗེས་གཞི་ནས་ཉིང་ཁྲིའི་མངའ་ཁོངས་སུ་སླེབས་འགྲོ།
        དེ་སྔོན་ལྷ་ས་ནས་བར་ལའི་རི་བར་དུ་ཡར་ནས་ཡར་དུ་འཛེག་དགོས་ལ། རིའི་ཕ་རོལ་བརྒལ་མ་ཐག་ཏུ་ས་བབ་ཇེ་དམའ་ནས་ཇེ་དམའ་ཡིན་པས་རླངས་འཁོར་བྱ་འཕུར་བ་ལྟར་རྒྱུག་ཆོག ས་བབ་ཇེ་དམའ་རུ་སོང་བ་དང་བསྟུན་ནས་རི་བོ་དག་ཀྱང་ལྷ་ས་ལྟར་སྐྱ་ཐིང་ཐིང་མིན་པར་ལྗོན་ཤིང་དང་རྩྭ་རྩི་ཤིང་སོགས་ཀྱིས་བརྒྱན་འདུག་པས་རྟ་ཞོན་ཞོར་དང་མེ་ཏོག་འཐུ་ཞོར་ལྟ་བུ་བྱས་ཆོག དེ་བས་ལུས་ཁམས་ཇེ་བདེ་དང་སེམས་ཁམས་ཇེ་སྐྱིད། གཞོན་ནུའི་སྣང་བའང་རླུང་ཁའི་སྐྲ་རྩེ་དང་རྟ་ཕོའི་བང་རྩལ་ལྟ་བུ་རེད།
        བར་ལའི་རི་ནས་སྤང་རྒྱན་ཐང་ཟེར་བའི་དབུས་པ་བ་དང་ཀོང་པོ་བ་ཚོས་ཡངས་པའི་རྩྭ་ཐང་ཆེན་པོ་ལ་ངོས་འཛིན་བྱེད་བཞིན་པའི་ལྗོངས་ཡོངས་སུ་ནོར་གནག་གི་ཐང་མ་བརྡལ་འདྲའི་སྤང་ཐང་ཞིག་ཏུ་ཐོན། དེ་དུས་ང་ལ་ཕ་ཡུལ་བསང་ཁོག་རྩྭ་ཐང་ན་ཡོད་པའི་སྣང་བ་ཞིག་སྦྱིན་བྱུང་ལ།མིག་ལམ་དུའང་བསང་ཁོག་རྩྭ་ཐང་གི་དབྱར་ཟླ་དྲུག་པའི་མེ་ཏོག་གསེར་ཆེན་དང་སྤང་རྒྱན་མེ་ཏོག་སོགས་ནམ་མཁའི་སྐར་ཚོགས་བཞིན་རྣམ་པར་བཀྲ་བ་དང་།མུ་ཏིག་གི་ཐང་མ་བརྡལ་བ་འདྲ་བའི་གཡང་དཀར་ལུག་ཁྱུའི་ཚོགས་ཀྱི་ཡིད་འོང་གི་རྣམ་པ་དེ་པར་རིས་བཞིན་འཆར་བྱུང་། དེ་ནས་མུ་མཐུད་དུ་མར་དུས་ཚོད་གཉིས་ཙམ་ལ་སོང་ན་ཀོང་པོ་ས་ཆའི་ཀོང་པོ་རྒྱ་མདའ་རྫོང་དུ་ཐོན། རྫོང་འདིའི་མངའ་ཁོངས་སུ་མིང་དུ་གྲགས་པའི་བྲག་གསུམ་མཚོ་ཞེས་རྙིང་མ་པའི་བླ་མཚོ་དང་། ལོ་ངོ1600ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་བཙན་རྫོང་སྟེ་ཨ་སྟག་ལྷ་མོའི་བཙན་རྫོང་ཡོད། དེ་ནི་གླིང་གེ་སར་རྒྱལ་པོའི་སྐབས་སམ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རྩིག་པ་ཡིན་ཟེར། བཙན་རྫོང་དེའི་མཐའ་སྐོར་ཡོངས་སུ་ཁམ་སྡོང་གིས་ལྕགས་རི་བསྐོར་ཡོད་པའི་ཤོ་པ་སྡེ་བ་དང་། ད་དུང་བཙན་པོའི་སྐབས་ཀྱི་ཐང་བོད་གནའ་ལམ་དང་ཇ་རྟའི་ཚོང་ལམ་གྱི་འདུས་སྡོད་ཐའེ་ཀྲོ་གནའ་གྲོང་སོགས་ཀྱང་ཡོད་ལ་དབྱར་དགུན་སྟོད་དཔྱིད་ཀུན་ལའང་ཡུལ་སྐོར་པའི་འདུ་འཛི་གཡོ་བཞིན་ཡོད་ཟེར།
        དེ་ནས་དུས་ཚོད་གཅིག་ཙམ་སོང་རྗེས་གཞི་ནས་ཉིང་ཁྲི་གྲོང་ཁྱེར་ལ་སླེབས་འགྲོ་བ་དང་དགོང་མ་རེ་རེར་ཆར་བ་ཟིམ་ཟིམ་དུ་འབབ་པ་དང་མཚོ་ངོས་ལས་མཐོ་ཚད་ལ་སྨི2900ཡོད། ས་འདི་ནི་ཀན་ལྷོའི་ཐེ་བོ་ས་ཆར་འདྲ་ས་ཤིན་ཏུ་མང་ནའང་སའི་ཁོད་ཡངས་པ་དང་ག་ས་གང་དུ་ཁམ་བུའི་མེ་ཏོག་གི་འཛུམ་མདངས་བཞད་རྣམ་པར་བཀྲ་འདུག་པས་བློ་བདེ་བག་ཕེབས་ཀྱི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་འཆར་ལ། ཉིང་ཁྲི་གྲོང་ཁྱེར་ནས་ནུབ་ཕྱོགས་སུ་སྤྱི་ལེ11གི་མཚམས་ལ་སོང་ན་མཚན་སྙན་གྱི་གཟི་བྱིན་རབ་ཏུ་འབར་བའི་དཀར་ལ་སྡེ་བའི་ཁམ་བུ་མེ་ཏོག་ཚལ་དུ་སླེབས། གོ་ཐོས་སུ་སྡེ་བ་འདིར་བསྡོམས་པས་ཁམ་སྡོང1253ཡོད་ཟེར། རང་རེའི་གངས་ཅན་ལྗོངས་ཀྱི་ཡུལ་གྲུ་ཕལ་ཆེ་བ་ད་དུང་དགུན་ཁའི་འཁྱགས་རུམ་ནས་གྲོལ་མེད་དུས། གནས་འདི་ལ་དཔྱིད་ཀྱི་དཔལ་མོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་འདུག་པས།རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་བ་ཁྲི་ཕྲག་མང་པོ་བུང་བའི་ཚོགས་བཞིན་ཁམ་སྡོང་མེ་ཏོག་ཡོད་སར་ཚོགས་ལ་བུང་བ་སྤྲིན་གྱིས་འཁོར་འདུག དེ་མིན་ས་འདི་ན་ལོ་ངོ་སུམ་སྟོང་ཉིས་བརྒྱ་དང་མཐོ་ཚད་ལ་སྨི50དང་སྦོམ་ཚད་ལ་སྨི14ལྷག་ཡོད་པའི་ཤུག་སྡོང་ཆེན་པོ་ཞིག་ཀྱང་ཤུག་སྡོང་ནགས་ཚལ་དུ་རང་བྱུང་གིས་སྐྱེས་འདུག་པས་མིང་དུ་གྲགས་ལ། ཁོ་ར་ཁོར་ཡུག་ཀུན་ཏུ་ལྷ་ཤིང་ཤུག་པའི་དྲི་ངད་ལྡང་བཞིན་འདུག་པས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་ལྷ་ཁང་ཆེན་པོ་ཞིག་ཏུ་ཐོན་པའི་སྣང་བའང་འདུག
        ཉིང་ཁྲི་ས་ཆ་ནི་དབུས་ལྷ་ལྡན་ཞིང་གི་མཐའ་མཚམས་སུ་ཆགས་འདུག་པས་དགོན་སྡེ་མང་པོ་མེད་ལ་ཡོད་པ་དག་རྙིང་མ་བ་འབའ་ཞིག་ལས་མ་མཆིས་ཏེ།སྐུ་རྟེན་གཙོ་བོའང་གུ་རུ་རིན་པོ་ཆེ་རེད། དེ་མིན་དགོན་པའི་སྒོ་ཆེན་འགྲམ་མམ་སྒོ་རའི་ནང་དུ་ཤིང་ལས་བྱས་པའི་ལིངྒ་དང་ཨི་གསང་མངོན་སུམ་དུ་བཞག་འདུག་པས་ཕལ་བའི་མི་ལ་ཁ་སྐྱེངས་སུ་འཇུག་ནའང་། དེ་ནི་མིའི་རིགས་སྤྱི་ལ་ཡོད་པའི་སྐྱེ་འཕེལ་དད་མོས་ཤིག་སྟེ་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པ་ཕྱི་ནང་མཁས་པའི་ངག་ལས་མཁྱེན་ཐུབ་ལ།གནའ་མིའི་ཤེས་རིག་གི་བྱུང་འཕེལ་དང་བསམ་པའི་དཔལ་ཡོན། འདུ་ཤེས་འཛིན་སྟངས་དང་ཆོས་ལུགས་དད་མོས་སོགས་ཀྱང་རྟོགས་ཐུབ་པས།ཡ་མཚན་པ་དང་ཁ་སྐྱེངས་ངོ་ཚ་དགོས་པ་ཞིག་མིན་པ་འདྲ། དེ་མ་ཟད་ཀོང་པོ་ས་ཆ་འདི་ན་ད་དུང་ལྷའི་ཞིང་ཁམས་ལྟ་བུའི་སྨྲ་བསམ་བརྗོད་ལས་འདས་པའི་རི་བོ་གནམ་ལྕགས་འབར་བ་དང་རྟ་མཆོག་ཁ་འབབ། གདོད་མའི་ནགས་ཚལ་དང་མཚོ་དང་མཚོ་མོ། ནགས་ཚལ་དུར་ས་སོགས་ཧ་ཅང་མང་ནའང་རྒྱུ་རྐྱེན་གང་མང་གི་དབང་གིས་དེ་དག་ལ་དངོས་སུ་འགྲོ་མ་ཐུབ།གང་ལྟར། ཐེངས་འདིའི་འགྲུལ་བཞུད་ལས་བདག་ལ་ཆེས་ཆེ་བའི་སེམས་ཚོར་ནི། མི་ཡུལ་གྱི་དག་ཞིང་ཐམས་ཅད་གངས་ལྗོངས་བོད་ཡུལ་དུ་ཡོད་པ་ཤ་སྟག་ཡིན་པར་སྣང་ནས་ཐོལ་བྱུང་དུ་གླུ་འདི་ལྟར་བླངས་བྱུང་།

གངས་ཤེལ་གྱི་མཆོད་རྟེན་བཞེངས་འདྲ་བོ། །
དཔེ་བཞག་ན་གནམ་ལྕགས་འབར་བ་རེད། །
ཡུལ་ཀོང་པོ་ས་ཆའི་བླ་རི་རེད། །
གངས་ལོ་རེར་བསྡད་ན་ཇེ་མཐོ་རེད། །
བོད་དབུ་འཕང་མཐོ་བའི་རྟེན་འབྲེལ་རེད། །
མཚོ་གཡུ་ཡི་མ ལ་འབུལ་འདྲ་བོ། །
དཔེ་བཞག་ན་བྲག་གསུམ་མཚོ་མོ་རེད། །
ཡུལ་ཀོང་པོ་ས་ཆའི་བླ་མཚོ་རེད། །
མཚོ་ལོ་རེར་བསྡད་ཀིན་ཇེ་རྒྱས་རེད། །
བོད་མངའ་ཐང་རྒྱས་པའི་རྟེན་འབྲེལ་རེད། །
དར་དཀར་པོ་ཁ་བཏགས་འཐེན་འདྲ་བོ། །
དཔེ་བཞག་ན་ཡར་ཀླུང་གཙང་བོ་རེད། །
ཡུལ་ལྷ་ལྡན་ཞིང་གི་ལྷ་ཆུ་རེད། །
ཆུ་ལོ་རེར་བསྡད་ཀིན་ཇེ་ཆེ་རེད། །
བོད་མི་རྒྱུད་རིང་བའི་རྟེན་འབྲེལ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1