སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་དང་མཛེས་མ་ལུང་པའི་མཛེས་མ་འདེམས་པའི་འགྲན་བསྡུར་གྱི་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-17


        སྤྱི་ཟླ5པའི་ཚེས10ཉིན། 2019ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་དང་མཛེས་མ་ལུང་པའི་མཛེས་མ་འདེམས་པའི་འགྲན་བསྡུར་དེ་རོང་བྲག་རྫོང་རིག་གནས་ཁང་དུ་འགོ་ཚུགས་པ་རེད། ཡུལ་དངོས་ཀྱི་ལས་བྱེད་མི་སྣས་ཐོབ་ཐང་ལག་ཁྱེར་ཞིབ་བསྡུར་དང་འགྲན་ཞུགས་འོས་མིའི་གཟུགས་ཚད་འཇལ་བར་བྲེལ་བཞིན་ཡོད་ཅིང་། གཞུང་དཔང་མི་སྣས་ཀྱང་མིང་ཐོ་བཀོད་པའི་བདམས་ཐོན་པ་རེ་རེའི་ཐོབ་ཐང་ཞིབ་བཤེར་གནས་ཚུལ་ཟིན་བྲིས་ཞིབ་ཕྲ་རྒྱག་བཞིན་ཡོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་མང་འདེམས་ནང་མཛེས་མ་བདམས་པའི་མིང་ཐོ་འགོད་པའི་ཚད་གཞི་ནན་པོ་གཞིར་བཟུང་ནས་གཟུགས་པོའི་རིང་ཚད་ལི་སྨི160ཡན་ཆད་ཡིན་དགོས་པ་དང་། ལོ་ནི16ཡན་ཆད་དང28མན་ཆད་ཡིན་དགོས། འགྲན་བསྡུར་དེ་རྒྱལ་རོང་ས་ཁུལ་གྱི་བུད་མེད་ཡོངས་ལ་ཁ་ཕྱོགས་པ་རེད།

        མང་འདེམས་དེ་ཚེས11ཉིན་གྱི་ཆུ་ཚོད18ཐོག་མཚམས་འཇོག་པ་དང་། མང་འདེམས་བརྒྱུད་ནས་བདམས་ཐོན་པ་བརྒྱ་ལྷག་ལ་དུས་ཡུན་ཉིན་ལྔའི་དུས་ཐུང་སྦྱོང་བརྡར་བྱ་རྒྱུ་ཡིན་ཞིང་། གཙོ་བོ་ནི་གཟུགས་ཕུང་སྦྱོང་བརྡར་དང་རྨང་གཞིའི་གར་སྟེགས་ཐོག་བསྐྱོད་པ། ཞབས་བྲོ་འཁྲབ་པ་བཅས་ཀྱི་གཞི་རྩའི་རྩལ་ནུས་གསོ་སྦྱོང་བྱས་རྗེས། ཚེས19ཉིན་གྲ་སྒྲིག་འགྲན་བསྡུར་བྱ་རྒྱུ་དང་ཚེས20ཉིན་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱ་རྒྱུ་ཡིན་ཞིང་། སྐབས་དེ་དུས་མཛེས་མ་གསེར་གྱི་མེ་ཏོག1བདམས་ནས་མ་དངུལ་སྒོར་ཁྲི8སྤྲད་རྒྱུ་དང་མཛེས་མ་དངུལ་གྱི་མེ་ཏོག2བདམས་ནས་མ་དངུལ་སྒོར་ཁྲི5སྤྲད་རྒྱུ། མཛེས་མ་སེ་འབྲུ་མེ་ཏོག3བདམས་ནས་མ་དངུལ་སྒོར་ཁྲི2སྤྲད་རྒྱུ། དེ་བཞིན་བརྙན་བྱད་བྱ་དགའ་ཡག་ཤོས་དང་། རྩལ་ནུས་བྱ་དགའ་ཡག་ཤོས། མི་གཡང་བྱ་དགའ་ཡག་ཤོས། མཁྱེན་ནུས་བྱ་དགའ་ཡག་ཤོས་བཅས་ཀྱི་མཛེས་མ་རེ་བདམས་ནས་དེ་མཚུངས་ཀྱི་བྱ་དགའ་སྤྲད་རྒྱུ་དང་། མཇུག་འགྲན་དུ་ཚུད་པའི་མཛེས་མ་ཨང20པ་ཡན་ཆད་ལ་ད་དུང་རོང་བྲག་མཛེས་མ་ལུང་པའི་རིག་གནས་སྤྱི་གཉེར་ཁང་དུ་ལས་ཀ་སྒྲུབ་ས་འགྲོ་རྒྱུའི་གོ་སྐབས་ཡོད་པ་རེད། 
        ཤེས་རྟོགས་བྱུང་བར་གཞིགས་ན། རོང་བྲག་གི་རྒྱལ་རོང་བོད་རིགས་ཡུལ་སྲོལ་དུས་ཆེན་ནི་ཐང་དང་སུང་རྒྱལ་རབས་ཀྱི་སྐབས་ནས་དར་བ་དང་། ཆེས་སྔ་མའི་ལོ་ལེགས་དུས་ཆེན་ནས་རིམ་པར་འགྱུར་ལྡོག་བྱུང་ནས་གཞི་ཁྱོན་དང་ནང་དོན་ཇེ་ཆེ་དང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་རེད།

        2009ལོར་རོང་བྲག་གི་རྒྱལ་རོང་བོད་རིགས་ཡུལ་སྲོལ་དུས་ཆེན་ལ་ཀྲུང་གོ་སི་ཁྲོན་གྱི་དུས་ཆེན་ཆེན་པོ་བཅུའི་མཚན་སྙན་ཐོབ།

        2010ལོར་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའི་ཐོག་རོང་བྲག་གི་རྒྱལ་རོང་བོད་རིགས་ཡུལ་སྲོལ་དུས་ཆེན་ལ་རིག་གནས་པུའུ་ཡིས་སྤྲད་པའི་རྣམ་གྲངས་རིགས་ཀྱི་མང་ཚོགས་བྱ་དགའ་ཐོབ།
        2011ལོར་ཀྲུང་གོའི་ཟོང་རྟགས་དུས་ཆེན་གྱི་གཟེངས་བསྟོད་འདུ་ཚོགས་ཐོག་རོང་བྲག་གི་རྒྱལ་རོང་བོད་རིགས་ཡུལ་སྲོལ་དུས་ཆེན་དེ་ཀྲུང་གོའི་མི་རིགས་ཀྱི་ཁྱད་ཆོས་ཆེས་ཆེན་པོ་ཡོད་པའི་དུས་ཆེན་ལ་དཔྱད་འདེམས་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1