གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

སངས་རྒྱས་བསོད་ནམས། བཟང་མོ་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༢༠ཉིན།

༄༅།། གེ་སར་སྒྲུང་ལས་ཟློས་སྒྲའི་མིང་གི་ཁྱད་ཆོས་དང་ནུས་པ་ལ་དཔྱད་པ།

སངས་རྒྱས་བསོད་ནམས། བཟང་མོ་འཚོ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་འཛམ་བུའི་གླིང་གི་སྒྲུང་རིང་ཆེན་མོ་སྟེ།  བོད་མི་རིགས་ཀྱི་རིག་གནས་ཀྱི་བང་མཛོད་དུ་གྲགས་པའི་གླིང་གི་སར་རྒྱལ་པོའི་སྒྲུང་གི་རྗོད་བྱེད་ཚིག་གི་ཁྱད་ཆོས་ལས།  ཟློས་སྒྲའི་མིང་གི་གྲུབ་ཚུལ་དང་རིགས།  དེའི་ཁྱད་ཆོས་དང་ཚིག་རྒྱན་གྱི་ནུས་པ་སོགས་དཔེར་བརྗོད་དང་བཅས་དབྱེ་ཞིབ་བྱས་ནས་དཔྱད་པ་བཏང་ཡོད།
[བརྡ་ཆད་གཙོ་བོ།] གླིང་སྒྲུང་། ཟློས་སྒྲའི་མིང་། རིགས། ཁྱད་ཆོས། ནུས་པ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214
[ཡིག་ཚང་མཚན་བྱང་།]  A
[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-9060-2014-01-0008-14
གླེང་གཞི།
            དེ་ཡང་རྩོམ་རིག་མཁས་ཅན་ཀོར་ཅིས།  རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་ལ། སྐད་ཆ་ནི་རྩོམ་རིག་གི་རྒྱུ་ཆ་གཙོ་བོ་ཡིན་ཞེས་དང་།  རྩོམ་རིག་གི་རྒྱུ་ཆ་གཙོ་བོ་ནི་སྐད་ཆ་ཡིན།  དེ་ནི་ང་ཚོ་ལ་བཞག་པའི་བག་ཆགས་དང་བརྩེ་དུང་།  བསམ་བློ་སོགས་མངོན་སུམ་དུ་མཚོན་པའི་ཐབས་ལམ་ཡིན་ཅིང་།  “རྩོམ་རིག་ནི་སྐད་ཆའི་ལམ་ནས་སྣང་བརྙན་ཞིབ་འབྲི་བྱེད་པའི་སྒྱུ་རྩལ་ཞིག་ཡིན།་'①ཞེས་གསུངས་པ་བཞིན།  གི་སར་རྒྱལ་པོའི་སྒྲུང་ནི་བོད་ཀྱི་སྐད་ཆའི་སྒྱུ་རྩལ་གྱི་བང་མཛོད་ཅིག་ཡིན་པར་མ་ཟད་རིག་གནས་ཀྱི་བང་མཛོད་ཅིག་རེད་ཅེས་ན་ཡང་མི་འོས་པ་མེད་དེ།  གླིང་སྒྲུང་གི་རྗོད་བྱེད་ཚིག་གི་ཆ་ནས་གོ་སླ་ཞིང་རྣ་བར་སྙན་པས་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་ལྡན་ཞིང་། དཔེ་སྣ་ཚོགས་བཞག་པ་དོན་ལ་འབྱོར་ཞིང་གསོན་ཉམས་ལྡན་པས་སྙན་ངག་གི་ཁྱད་ཆོས་ལྡན།  གཏམ་དཔེ་ཕུན་སུམ་ཚོགས་པ་དང་སྦྱར་བས་ཚིག་ཉུང་ཞིང་དོན་འདུས་པའི་ཁྱད་ཆོས་ལྡན།  བཅད་ལྷུག་སྤེལ་མའི་ལུས་ཀྱིས་མཚོན་པས་མི་སྣའི་གཏམ་གླེང་དང་བྱུང་རིམ་སོ་སོར་ཕྱེ་ཞིང་སྡེབ་སྦྱོར་གྱིས་ཕྱུག་པ།  ཁ་སྐད་དང་ཡིག་སྐད་གཉིས་ཀྱི་མིང་བརྡ་ཕུན་སུམ་ཚོགས་པ་བཀོལ་བས་བརྗོད་དོན་ཇི་བཞིན་མཚོན་ཐུབ་པ་དང་།  ལྷག་པར་ཟློས་སྒྲའི་མིང་སྣ་ཚོགས་སྦྱར་བས་སྣང་བརྙན་རྣམས་མེ་ལོང་གཟུགས་ཤར་ལྟ་བུར་མཛད་པ་སོགས་ཀྱི་ཁྱད་ཆོས་ཤིན་ཏུ་མང་བས་སྐད་ཆའི་སྒྱུ་རྩལ་གྱི་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད།   བརྗོད་བྱ་དོན་གྱི་ཆ་ནས་བོད་མི་རིགས་ཀྱི་དཔའ་བོའི་སྙིང་སྟོབས་དང་རང་གཤིས་མཚོན་པར་མ་ཟད།  ཡུལ་སྲོལ་གོམས་གཤིས་དང་འཇིག་རྟེན་གྱི་ལྟ་བ། ཆབ་སྲིད་དང་དཔལ་འབྱོར།  རིག་གནས་དང་དམག་དོན།  ཆོས་ལུགས་དང་ལོ་རྒྱུས་སོགས་ཕྱོགས་སོ་སོ་དང་མ་འབྲེལ་བ་མེད་སྟབས།  དེ་ནི་བོད་ཀྱི་རིག་གནས་ཀྱི་བང་མཛོད་ཅིག་རེད་ཅེས་བརྗོད་ན་མི་ཆོག་པ་མེད་སྙམ།  འདིར་སྐབས་སུ་བབས་པའི་བརྗོད་བྱ་ནི།  བོད་ཀྱི་གླིང་གེ་སར་རྒྱལ་བོའི་སྒྲུང་ལས་སྒྲུང་དཔེ་འགའ་ཞིག་གི་ཁྲོད་ཀྱི་ཟློས་སྒྲའི་མིང་གི་རིགས་དང་།  གྲུབ་ཚུལ།  ཁྱད་ཆོས་དང་བྱེད་ནུས་སོགས་ལ་དཔྱད་པར་བྱ་བ་དེའོ།། བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཟློས་སྒྲའི་མིང་རྣམས་སྦྱོར་ལ་མཁས་ན་ཆོས་གང་ཡང་རུང་བའི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་བོའི་ཉམས་དང་ཚོར་སྣང་ཕུན་སུམ་ཚོགས་པར་འདོན་ཐུབ་པས།  ཀློག་པ་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག་པའི་ཚིག་རྒྱན་གྱི་ནུས་པ་ཁྱད་དུ་འཕགས་པ་ལྡན་ཏེ།  གླིང་སྒྲུང་དུ་ཟློས་སྒྲའི་མིང་འདི་ཧ་ཅང་མང་པོ་བཀོལ་ནས།  བརྗོད་དོན་ལ་གསོན་ཉམས་ལྡན་པར་མཛད་ཡོད་དེ།  དཔེར་ན།  གཞུ་ཡར་མཆོག་ལྡིར་སྒྲ་འུ་རུ་རུ།། མར་མཆོག་ཟིར་སྒྲ་སི་ལི་ལི།།མདེའུ་རྩེ་གློག་དམར་ཤ་ར་ར།། དུག་གི་རླངས་པ་ཐུལ་ལུ་ལུ།།② ཁྲ་མོ་གླིང་གི་འདོ་ཆེན་རྣམས།། ལ་ལ་སྨུག་པ་ཕྱུར་ཕྱུར་རེད།། ཐད་ལ་རྒྱ་ཁྲ་འཕུར་འཕུར་རེད།། ཐུར་ལ་རྦབ་རྡོ་སྒྲིལ་སྒྲིལ་རེད།།③ ཅེས་པ་སོགས་ཤིན་ཏུ་མང་།  འོན་ཀྱང་དེང་རབས་ཀྱི་བརྩམས་ཆོས་མང་པོ་རུ་འདི་དང་འདི་ལྟ་བུའི་ཟློས་སྒྲའི་ཚིག་རྒྱན་སྦྱར་བ་ཅུང་ཉུང་།  དེར་བརྟེན་འདིར་མེ་ཏོག་ཆུང་རུང་ལྷ་རྫས་ཀྱི་ཚུལ་དུ་དཔྱད་རྩོམ་འདི་ཕུལ་བ་ལགས།  
དང་པོ། གླིང་སྒྲུང་ལས་ཟློས་སྒྲའི་མིང་སྤྱིར་བརྗོད་པ།
            སྤྱིར་མིང་ལ་རིགས་དགར་ཚུལ་སྣ་ཚོགས་མཆིས་ཤིང་།དགར་བའི་གཞི་མ་གཅིག་ན་བཀར་བའི་རྣམ་གྲངས་ཀྱང་མི་འདྲ་སྟེ།  མིང་ལ་འདོགས་ཚུལ་གྱི་ཆ་ནས་དགར་ན་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་དང་།   མིང་དེ་དོན་ལ་འབྱོར་མིན་གྱི་ཆ་ནས་དགར་ན་དངོས་མིང་དང་བཏགས་མིང་། མིང་གི་ངོ་བོའི་ཆ་ནས་དགར་ན་ཁྱད་གཞིའི་མིང་དང་ཁྱད་ཆོས་ཀྱི་མིང་།  བྱ་བའི་མིང་།   གྲངས་ཀའི་མིང་སོགས་ཡོད།  མིང་གི་གྲུབ་ཚུལ་གྱི་ཆ་ནས་དགར་ན་མིང་རྐྱང་བ་དང་མིང་འདུས་མ་གཉིས་ཡོད།  འདིར་མིང་གི་སྒྲ་ལ་བསྐྱར་ཟློས་ཡོད་མེད་ཀྱི་ཆ་ནས་དགར་ན་ཟློས་སྒྲའི་མིང་དང་ཟློས་སྒྲ་མ་ཡིན་པའི་མིང་དུ་དགར་ཆོག་པར་འདོད།  ཟློས་སྒྲའི་མིང་ལ་སྔོན་ཆད་མཁས་པ་སོ་སོས་སྦྱར་བའི་བརྡ་ཆད་ཅུང་ཟད་མི་འདྲ་སྟེ།  《དག་ཡིག་རིག་པའི་གབ་པ་མངོན་ཕྱུང་》དུ།  ཉམས་མཚོན་པའི་སྒྲ་ནི།  ཚིག་སྦྱོར་དུ་བརྗོད་གཞི་དང་འབྲེལ་བའི་ཁྱད་ཆོས་ཀྱི་ཞིབ་ཆ་ཇི་འདྲ་ཡིན་པ་ཉེ་བར་མཚོན་ཐུབ་ཀྱང་།  རང་སྒྲ་ཡན་གར་བ་ཙམ་གྱིས་དོན་གྱི་ངོ་བོ་ཙམ་སྟོན་མི་སྲིད་དོ།།  ས་པཎ་ཚང་གི་《མཁས་པ་འཇུག་པའི་སྒོ་》ཞེས་བྱ་བ་ལས།   ཁྲལ་ཁྲོལ།  དར་དིར།  ཅལ་ཅལ།  ཆིལ་ཆིལ་ལ་སོགས་པ་ལ། ཉེ་བར་མཚོན་པའི་སྒྲ་④ཞེས་གསུངས་ཞེས་པ་ལས་ས་སྐྱ་པཎྜི་ཏ་མཆོག་གིས་ཟློས་སྒྲའི་མིང་ལ་ཉེ་བར་མཚོན་པའི་སྒྲ་ཞེས་དང་།  རྒན་དཔའ་རིས་སངས་རྒྱས་ཚང་གིས་ཉམས་མཚོན་པའི་སྒྲ་ཞེས་བརྗོད་བྱ་དོན་གྱི་ཆ་ནས་བརྡ་ཆད་སྦྱར་བ་དང་།  འདིར་ཟློས་སྒྲའི་མིང་ཞེས་པ་ནི་རྗོད་བྱེད་སྒྲའི་ཁྱད་ཆོས་ཀྱི་ཆ་ནས་བརྡ་ཆད་དེ་ལྟར་སྦྱར་བ་ཡིན།  ཟློས་སྒྲའི་མིང་ནི་རྗེད་བྱེད་ཀྱི་སྒྲ་ཉེ་བའམ་མཚུངས་པས་གྲུབ་པའི་མིང་ལའོ།། དེ་ལ་ཉམས་མཚོན་ཐུབ་མིན་གྱི་ཆ་ནས་ཉམས་མཚོན་པའི་ཟློས་སྒྲ་དང་ཟློས་སྒྲ་སྤྱིར་བཏང་བ་གཉིས་ཡོད། ཉམས་མཚོན་པའི་ཟློས་སྒྲ་ཕལ་ཆེ་བ་ནི་མིང་གི་ངོ་བོའི་ཆ་ནས་དབྱེ་ན་ཁྱད་ཆོས་ཀྱི་མིང་གི་ཁོངས་སུ་གཏོགས་ཤིང་།  ཟློས་སྒྲ་སྤྱིར་བཏང་བ་ནི་ཁྱད་གཞིའི་མིང་དང་བྱ་བའི་མིང་གི་ཁོངས་སུ་གཏོགས་པ་རེད།  
            1.ཉམས་མཚོན་པའི་ཟློས་སྒྲ་ནི།  དཔེར་ན།  ཁྲོམ་ཁྲོམ།  ལྷོག་ལྷོག ཐ་ར་ར།  ཐུ་ལུ་ལུ།  དམ་དུམ།   ཤིགས་སེ་ཤིགས།  ལྟ་བུ་སྟེ།  དཔེར་ན།  《སུམ་གླིང་གཡུལ་འགྱེད་》དུ།   དཔའ་རྒོད་ངར་སྒྲས་ནམ་མཁའ་འུར་རུ་རུ།། རྟ་རྒོད་རྒྱུགས་པས་ས་གཞི་ཐལ་ལ་ལ།། གྲི་མཚོན་འགྲན་པས་མེ་ལྕེ་དམར་ལྷང་ལྷང་།། མདའ་མཚོན་འཕངས་པས་ཤུར་སྒྲ་ཧུར་རུ་རུ།།⑤ ཞེས་པ་ལྟ་བུ་ལས་ཉམས་མཚོན་པའི་ཟློས་སྒྲ་འུར་རུ་རུ་དང་ཧུར་རུ་རུ་ཞེས་པས་སྒྲའི་ཉམས་ཇི་བཞིན་མཚོན་ཞིང་ཀློག་པ་པོས་སྒྲ་དེ་དག་དངོས་སུ་ཐོས་འདྲའི་སྣང་བ་སྟེར་ཞིང་།  ཐལ་ལ་ལ་དང་དམར་ལྷང་ལྷང་ཞེས་པས་གཟུགས་ཀྱི་ཉམས་ཇི་བཞིན་མཚོན་སྟབས།  ཀློག་པ་པོས་རྟ་རྒོད་མང་བོ་རྒྱུག་པས་བར་སྣང་རྡུལ་གྱིས་གང་བ་དང་གྲི་མཚོན་དྲག་ཏུ་འགྲན་པའི་མེ་ལྕེ་དམར་ལྷང་ལྷང་དུ་དངོས་སུ་རིག་འདྲའི་ཁྱད་ཆོས་ཐོན་པ་ལྟ་བུའོ།།  
            2. ཟློས་སྒྲ་སྤྱིར་བཏང་བ་ནི།  དཔེར་ན།  ཁྲུང་ཁྲུང་།  དཀར་དཀར།  ལ་ལ།  མ་མ།  གཅིག་གཅིག་གཉིས་གཉིས།  བསད་བསད།  ལྟ་བུ་སྟེ།  དཔེར་ན།《བྱེ་རིའི་བྱུར་རྫོང་》དུ།  འགྲོ་འོས་དཔའ་རྟུལ་བརྒྱད་ཅུ་རེད།།  གར་སོང་རྟིང་མ་ཆོད་ལེ་དགོས།།  མགྱོགས་མགྱོགས་གང་ཡོད་སྔོན་ལ་སོང་།།  རྒོད་རྒོད་ཁས་ལེས་རྗེས་ནས་ཡོང་།།  སྟེ་གྲུ་གཉིས་ཀྱི་ས་མཚམས་ནས།། ན་བ་བྲག་ཐང་ཨེ་ཟིན་ལྟོས།།⑥  ཞེས་པ་ལྟ་བུ་ལས་མགྱོགས་མགྱོགས་དང་རྒོད་རྒོད་ཅེས་པ་གཉིས་ནི་ཟློས་སྒྲ་ཡིན་མོད་དེས་ཉམས་ག་གེ་མོ་ཞིག་མི་སྟོན་པར་སོང་ན་མགྱོགས་པ་དང་དཔའ་རྩལ་རྒོད་པའི་ཁྱད་ཆོས་ཟློས་པ་ལས་མགྱོགས་པོ་དང་རྒོད་པོ་ཐམས་ཅད་ཅེས་པ་འདྲ་བ་ལྟ་བུའོ།།  ཟློས་སྒྲའི་མིང་ཚིག་ཏུ་སྦྱར་ན་འདོད་ཡོན་ལྔའི་ཉམས་དང་འགྱུར་བ་གསལ་བར་བྱས་ཏེ་བརྗོད་བྱའི་དོན་དེ་ལ་གསོན་ཉམས་ལྡན་པའི་ཁྱད་ཆོས་འདོན་ཐུབ་ཅིང་།  རྗོད་བྱེད་སྒྲ་ཡི་ཆ་ནས་ངག་ནས་བརྗོད་བདེ་ཞིང་རྣ་བར་སྙན་པ་སྒྲ་རྒྱན་གྱི་ནུས་པ་ཞིག་ཀྱང་ཐོན་ཐུབ་བོ།། 
གཉིས་པ།  གླིང་སྒྲུང་ལས་ཟློས་སྒྲའི་མང་གི་རིགས་བཤད་པ།
            སྤྱིར་མིང་ལ་རིགས་དགར་ཚུལ་སྣ་ཚོགས་མཆིས་ཏེ།  མིང་གི་འདོགས་ཚུལ་གྱི་ཆ་ནས་འདོད་རྒྱལ་དང་རྗེས་གྲུབ་གཉིས་སུ་དགར་ཆོག་ཅིང་།  དེ་དག་རེ་རེ་ལ་ཡང་དངོས་མིང་དང་བཏགས་མིང་དུ་དགར་ཆོག  མིང་ལ་གྲུབ་ཚུལ་གྱི་ཆ་ནས་མིང་རྐྱང་བ་དང་མིང་འདུས་མ་གཉིས་སུ་དགར་ཆོག་པ་རེད།  སྤྱིར་ཟློས་སྒྲའི་མིང་ལ་ཟློས་སྒྲའི་མིང་དངོས་དང་ཟློས་སྒྲའི་མིང་ཆ་འདྲ་བ་ཞེས་རིགས་ཆེ་བ་གཉིས་སུ་དགར་ཡོད་ཅིང་།  ཟློས་སྒྲ་དངོས་ལ་རྣམ་པའི་ཆ་ན་རིགས་བརྒྱད་དང་ཟློས་སྒྲའི་མིང་ཆ་འདྲ་བ་ལ་རྣམ་པའི་ཆ་ནས་རིགས་གསུམ་དུ་དགར་ཡོད།⑦  མིང་ལ་ངོ་བོའི་ཆ་ནས་རིགས་དགར་ཚུལ་ཐད་བཞེད་པ་མི་མཐུན་པ་འགའ་རེ་མཆིས་ཏེ།   རྒན་དཔའ་རིས་སངས་རྒྱས་ཚང་གིས་རིགས་བཞི་རུ་དགར་ཡོད་དེ།  མིང་གི་རིགས་ལ་དངོས་པོའི་མིང་དང་།  ཁྱད་ཆོས་ཀྱི་མིང་དང་།  བྱ་བའི་མིང་དང་།  གྲངས་ཀའི་མིང་བཅས་རྣམ་པ་བཞི་ཡོད་དོ།།⑧  ཞེས་དང་།  རྒན་ལྕགས་ཐར་རྒྱལ་ལགས་ཀྱིས།  ཁྱད་གཞི་བརྗོད་པའི་མིང་དང་།  ཁྱད་ཆོས་བརྗོད་པའི་མིང་།  བྱ་བ་བརྗོད་པའི་མིང་།  གྲངས་ཀ་བརྗོད་པའི་མིང་།  འཇལ་བྱེད་ཀྱི་མིང་།  ཤུགས་འདོན་པའི་མིང་།  ངེས་བཟུང་གི་མིང་།  གསལ་བྱེད་ཀྱི་མིང་བཅས་བརྒྱད་དུ་བཀར་ཡོད།⑨ འདིར་གླིང་སྒྲུང་གི་ཟློས་སྒྲའི་མིང་རྣམས་ངོ་བོའི་ཆ་ནས་རིགས་བཞི་སྟེ།  ཁྱད་གཞིའི་མིང་དང་ཁྱད་ཆོས་ཀྱི་མིང་།  བྱ་བའི་མིང་།  གྲངས་ཀའི་མིང་བཅས་ལ་ཁྱབ་ཡོད་ཚུལ་ཅུང་ཟད་བཤད་པར་བྱ།  
            གཅིག  ཁྱད་གཞིའི་མིང་གི་ཟློས་སྒྲ།  ཁྱད་གཞིའི་མིང་གི་ཟློས་སྒྲ་ནི་ཟློས་སྒྲའི་མིང་སྤྱིར་བཏང་བ་ཡིན་པས་འདོད་ཡོན་ལྔ་བོའི་ཉམས་མཚོན་མི་ཐུབ་པར།   ཆོས་རང་གི་ངོ་བོ་ཙམ་མཚོན་པ་ཞིག་སྟེ།  དཔེར་ན།ཆག་ཆག་དང་ཁྲུང་ཁྲུང་།   ཙི་ཙི།   ཚེ་ཚེ།  ཚ་ཚ།  རང་རང་།  ལ་ལ།  ལྟ་བུ་སོགས་ལས་ཆག་ཆག་ནི་ཐལ་རྡུལ་གནོན་བྱེད་ཀྱི་གད་ཆུའི་མིང་ཡིན་ཞིང་།  ཁྲུང་ཁྲུང་ཞེས་པ་བ་ཞིག་གི་མིང་།  ཙི་ཙི་ནི་བྱི་བའི་མིང་།  ཚེ་ཚེ་ཞེས་པ་ནི་ར་མའི་མིང་།  ཚ་ཚ་ནི་ས་དམར་སོགས་ལས་བྱས་པའི་སྐུ་འདྲ་ཆུང་ཆུང་གི་མིང་། རང་རང་དང་ལ་ལ་སོགས་ནི་མི་རང་སྒེར་དང་རེ་འགའ་སོགས་ཀྱི་དོན་ཙམ་ལ་འཇུག་པ་ལས།  ཆོས་དང་བྱ་བའི་ཉམས་ཅི་ཡང་མཚོན་མི་ཐུབ་པ་རེད།  དཔེར་ན།  《བྱེ་རིའི་བྱུར་རྫོང་》དུ།  གླིང་བཞི་སྨུག་པོའི་ཡ་བདག་སྟེ།། སྟག་རྫོང་བཙན་པོ་གླུ་ལ་གསོན།། བྱ་ཁྲུང་ཁྲུང་དར་གྱི་སྣམ་བུ་ཅན།།  བྱ་ཕ་ཡུལ་སྡོད་ལ་ལོས་དགའ་སྟེ།།   དུས་ཀྱི་ཁ་བ་འབབ་ལ་ལྟོས།།  རོང་རྒྱ་ཤོད་འགྲིམ་པ་ཨེ་མི་དགའ།།⑩ ཞེས་པ་ལྟ་བུ་ལས་བྱ་ཁྲུང་ཁྲུང་དར་གྱི་སྣམ་བུ་ཅན་ཞེས་པ་ལས་ཁྲུང་ཁྲུང་ཞེས་པ་ནི་ཐོག་མ་ཉིད་ནས་བཟུང་ཁྱད་གཞིའི་མིང་ཞིག་ཏུ་གྲུབ་ཡོད་ཅིང་དེའི་རྣམ་པ་ནི་ཟློས་སྒྲའི་ཚུལ་དུ་གྲུབ་ཡོད་མོད་དེས་ཆོས་དེའི་ངོ་བོ་ཙམ་ལས་ཁྱད་ཆོས་དང་ཉམས་སོགས་སྟོན་མི་ཐུབ་པས་ཟློས་སྒྲ་སྤྱིར་བཏང་བ་ཡིན།  ཡང་དཔེར་ན།  《རྟ་རྒྱུག་ནོར་བུ་ཆ་བདུན》དུ།   ལ་ལ་ནི་ཐང་དཀར་ནམ་འཕང་བཅད་འདྲ།  ལ་ལ་ནི་་་་ཐང་སྨུག་གཟན་ལ་བཅུམས་འདྲ།  ལ་ལ་ནི་གླག་ནག་རྩལ་གྱིས་གཞུང་འདྲ།⑾ ཞེས་པ་ལྟ་བུ་ལས་ལ་ལ་ཞེས་པ་ནི་ཟློས་སྒྲ་སྤྱིར་བཏང་བ་ཡིན་སྟབས་ཉམས་མཚོན་པའི་ཟློས་སྒྲའི་མིང་དང་ཁྱད་པར་ཆེན་པོ་ཡོད་དོ།། 
            གཉིས།    ཁྱད་ཆོས་ཀྱི་མིང་གི་ཟློས་སྒྲ།   ཁྱད་ཆོས་ཀྱི་མིང་གི་ཟློས་སྒྲ་ཡིས་ཆོས་སོ་སོའི་རང་བཞིན་དང་ཉམས་འགྱུར།  ཁ་དོག་སོགས་ཀྱི་ཁྱད་ཆོས་གསལ་བར་མཚོན་ཐུབ་ཏེ།  དཔེར་ན།  གོར་གོར་དང་དཀར་དཀར།  ཆེ་ཆེ།  ཆུང་ཆུང་།  《ལྷ་གླིང་གར་ཙེ་དགུ་སྐོར་》དུ།   ཀླུ་ཡུལ་སྲིད་པ་གཡུ་མཚོ་དེ་ན།   ཀླུ་ནད་པ་ཐམས་ཅད། གཡས་ཉལ་འཁུན་པ་དིར་དིར།། གཡོན་ཉལ་སྐད་ངན་ཙིར་ཙིར།།   གདང་ཀ་རྒྱབ་ཉལ་སིག་སིག། སྦྲུལ་མཇུག་འགྲེ་ལྡོག་ལིང་ལིང་བྱས་ཤིང་།  ཆོ་ངེ་དི་རེ་འདུག⑿ ཅེས་པ་ལྟ་བུ་ལས་དིར་དིར་དང་ཙིར་ཙིར་ཞེས་པས་སྒྲ་གྲགས་ཚུལ་གྱི་ཁྱད་ཆོས་མངོན་པར་མཚོན་ཡོད་ཅིང་།  སིག་སིག་དང་ལིང་ལིང་ཞེས་པས་གཟུགས་ཀྱི་ཉམས་ཇི་བཞིན་མཚོན་པར་བྱས་པ་གསོན་ཉམས་དང་ལྡན་པ་ཞིག་རེད།  ཡང་དཔེར་ན།  ཀླུ་ཡུལ་ནིའུ་གསེང་གཡུ་ཐང་ནས།  ཞ་བོས་བྲོ་བརྡུང་ཁྲིགས་སེ་ཁྲིག།  ལྐུགས་པས་གླུ་ལེན་ཀྱུ་རུ་རུ།།  ལོང་བས་ཞལ་མཇལ་ལམས་སེ་ལམ།།  འོན་པས་ཆོས་ཉན་ལྷངས་སེ་ལྷང་།།  ཞེས་དང་།དཀར་པོ་དུང་གི་མགོ་བོ་ཅན།། དུང་རྭ་དུང་རྣ་སྤུངས་སེ་སྤུང་།།  དུང་གི་ཁ་ཆུ་ཉིལ་ལི་ལི།། དུང་གི་རྔ་མ་ཤངས་སེ་ཤང་།།  དེ་འཁོར་བརྒྱ་དང་བརྒྱད་ཅུ་དེ།།   འཛམ་གླིང་ལྷ་ཡི་སྐུ་ཟོག་ཡིན།། སེར་པོ་གསེར་རྭ་གསེར་མིག་ཅན།།  གསེར་རྭ་གསེར་རྣ་སྤུངས་སེ་སྤུང་།། གསེར་གྱི་ཁ་ཆུ་ཉིལ་ལི་ལི།།  གསེར་གྱི་རྔ་མ་ཤངས་སེ་ཤང་།། དེ་འཁོར་བརྒྱད་ཁྲི་བརྒྱད་སྟོང་དེ།། འཛམ་གླིང་རྒྱལ་བོའི་སྐུ་ཟོག་ཡིན།།⒀ ཞེས་པ་སོགས་ཀྱི་ཟློས་སྒྲའི་མིང་རྣམས་ནི་ཆོས་དང་བྱ་བ་གང་རུང་གི་ཉམས་ཇི་བཞིན་མཚོན་པ་ཤ་སྟག་ཡིན་སྟབས།  མིང་ཧྲིལ་བོའི་ཆ་ནས་བཤད་ན་ཁྱད་ཆོས་ཀྱི་མིང་གི་རང་བཞིན་ཡོད་པ་སོགས་ཤིན་ཏུ་མང་ངོ་།།  
            གསུམ།  བྱ་བའི་མིང་གི་ཟློས་སྒྲ། བྱ་བའི་མིང་གི་ཟློས་སྒྲ་ཡིས་སེམས་ཅན་གྱི་རྩོལ་བ་དང་བེམ་པོའི་འགྱུར་སོགས་ཀྱི་ཉམས་འགྱུར་གསོན་ཉམས་ལྡན་པའི་ངང་ནས་མཚོན་ཐུབ་ཏེ།  དཔེར་ན།  སྤྱི་དཔོན་རྒྱལ་བོ་འདི།  སྐུ་དལ་ལེ་གླང་ཆེན་འགྱིང་འགྲོས།། གསུང་དལ་ལེ་ཆུ་ཆེན་ཀླུང་སྒྲ།།  ཐུགས་དལ་ལེ་དཔྱིད་ཀའི་ཉི་མ།།  བརྗིད་ཆགས་ལེ་རི་རྒྱལ་ལྷུན་པོ།། རྒྱ་ཆེ་ལེ་ས་གཞི་ཡངས་མོ་འདྲ་འདྲ་དེ།  དེ་རིང་ར་རྒན་འབའ་འབའ།  ཁྱི་རྒན་ཟུག་ཟུག   ཁོ་རེ་ཤིང་ཆགས་གསེ་གསེ།  འབོད་ཤ་ལྕགས་ནག་རྡུང་རྡུང་།  ཅི་རེད་བསམ།  ཨ་ལགས་ཨ་ལགས་ཟེར་ཤིང་།   སྐེ་རགས་ལེན་ལོང་མ་བྱུང་།  སྔོན་ཐུ་ཐང་ཁུག་བསུམ་བསུམ།  གོས་མཐའ་རྡོག་ནོན་རྫི་རྫི།  སྣ་ཚུགས་རྒུམ་བུ་འཐུ་འཐུ།  ཀ་ཐོད་ཇོ་བོ་མཇལ་མཇལ་བྱས་ཤིང་།  ཇེན་རྩེ་ནང་སོང་།⒁  ཞེས་པ་འབའ་འབའ་དང་ཟུག་ཟུགགསེ་གསེ།  རྡུང་རྡུང་།  བསུམ་བསུམ།  རྫི་རྫི།  འཐུ་འཐུ་དང་མཇལ་མཇལ་ཞེས་པ་སོགས་ནི་བྱ་བའི་མིང་ཁོ་ནས་གྲུབ་པ་ཡིན་ཞིང་། དོན་གྱི་ཆ་ནས་བྱ་བ་དེ་དག་དང་འདྲ་བམ་མཚུངས་པའི་དོན་བསྟན་པ་ལྟ་བུ་དང་།《མངའ་རིས་གསེར་རྫོང་》དུ།  དམག་འགོ་གཟའ་འགོ་ཁྱུག་ཁྱུག་གྱིས།།  དམག་སྐེད་རླུང་དམར་འཚུབ་འཚུབ་གྱིས།། དམག་རྟིང་རྦབ་རྡོ་འགྲིལ་འགྲིལ་གྱིས།། མདའ་བ་ཤ་ཁྱི་རྒྱུག་རྒྱུག་གྱིས།། མདུང་བ་སྤྱང་མོ་འདུར་འདུར་གྱིས།།དཔའ་བོ་སྟག་མོ་མཆོང་མཆོང་གྱིས།།⒂ ཞེས་པ་ལྟ་བུ་སོགས་ཤིན་ཏུ་མང་ཞིང་།  ཟློས་སྒྲའི་མིང་དེ་དག་ཕལ་ཆེར་བྱ་བའི་མིང་དུ་ངེས་ལ།   རྗོད་བྱེད་ཚིག་ཏུ་སྦྱར་ན་དཔེ་དང་དཔེ་ཅན་གྱི་ཚུལ་དུ་སྣང་བརྙན་གསོན་ཉམས་ལྡན་ཞིང་ཀློག་པ་པོས་མིག་གིས་དངོས་སུ་རིག་པ་ལྟ་བུའི་ཉམས་ཐོན།   གོང་གི་དཔེར་བརྗོད་ལས་དཔའ་བོ་སྟག་མོ་མཆོང་མཆོང་གྱིས་ཞེས་པ་དེ་ནི།  གླིང་གི་དཔའ་བོ་རྣམས་སྡང་དགྲ་བོའི་སྟེང་ལ་རྒྱ་སྟག་ངར་མོ་མཆོང་བ་བཞིན་དུ་མཆོངས་ཤིག་ཅེས་པའི་ཚིག་སྣ་བསྡུས་པ་ལྟ་བུའི་དོན་སྟོན་ཐུབ་པས་ཚིག་ཉུང་ལ་དོན་མང་བོ་བསྟན་པ་རིན་ཆེན་རིལ་བུའི་ཁྱད་ཆོས་ཐོན་འདུག   གཞན་ཡང་དཔེར་ན།   ཤ་ཕུ་ནུ་མི་མཐུན་དགུ་མཐུན་ལ།  དགྲས་བསྡུས་ན་གྱོད་ཁ་མཉམ་གཤིབ།  རྩྭ་རྩི་ཐོག་མི་སྐྱེ་དགུ་སྐྱེ་ལ།  རླུང་བྱུང་ན་རྩེ་མོ་ཕྱོགས་སྟོན།  དགུང་སྐར་ཚོགས་མི་བཀྲ་དགུ་བཀྲ་ལ།  ནམ་ལངས་ན་བསམ་པ་ཕྱོགས་མཉམ།⒃ཞེས་དང་།  སྐྱིད་ན་མི་འཁྲུལ་དགུ་འཁྲུལ་རེད།།  མཚན་གཉིད་ཁུང་ཞབས་ནས་གླུ་རྒྱངས་བྱེད།། རྒྱགས་ན་མི་ཟེར་དགུ་ཟེར་རེད།།  བུ་རམ་གྱིས་མཆིན་པ་ན་དུ་ཟེར།།  ཕྱུག་ན་མི་བྱེད་དགུ་བྱེད་རེད།།  མུ་ཏིག་སོག་ལྷམ་འཇའ་མ་བསྒྲིགས།། ཞེས་པ་ལྟ་བུ་རྣམས་ལས་བསྐྱར་ཟློས་ཀྱི་མིང་དེ་ནི་བྱ་བའི་མིང་ཡིན་ཞིང་མིང་གཞན་པ་དེ་གཉིས་ཀ་ཕན་ཚུན་ལྡོག་ཟླའམ་ཐ་དད་པ་ཞིག་ཡིན་དགོས་པ་བོད་སྐད་ཀྱི་ཆོས་ཉིད་ཅིག་ཡིན་ནོ།།  
            བཞི།  གྲངས་ཀའི་མིང་གི་ཟློས་སྒྲ།   གྲངས་ཀའི་མིང་གི་ཟློས་སྒྲས་བརྗོད་བྱའི་དོན་དེ་ལ་ངེས་པ་ཆེ་བའམ་ཁ་གཏད་དུ་ལངས་པ་སོགས་ཀྱི་ནུས་པ་ཐུན་མོང་མ་ཡིན་པ་ཞིག་ཐོན་ཏེ།  དཔེར་ན།  གཅིག་གཅིག་གཉིས་གཉིས།  ཁྲི་ཁྲི་འབུམ་འབུམ། ལྟ་བུ། 《མངའ་རིས་གསེར་རྫོང་》དུ། མངའ་རིས་གསེར་གླིང་རྒྱལ་ཁམས་དང་།། ཁྲ་མོ་གླིང་གི་རྒྱལ་ཁམས་གཉིས།། གཅིག་རྒྱབ་གཅིག་གིས་གནོན་ལེ་ཡིན།། གཅིག་ཕན་གཅིག་གྲོགས་བྱེད་ལེ་ཡིན།།⒄ ཞེས་པ་ལྟ་བུ་གཅིག་ཅེས་པ་ཟློས་པ་ལས་ཕན་ཚུན་ཞེས་པའི་དོན་སྟོན་པ་དང་།  ཡང་།  རྩལ་ཆེན་ཤན་པ་ལྔ་བོ་དེ།  རང་རང་གི་སྒར་ནས་བྲེལ་ཚུབས་སེ་བྱས་ནས།  གཅིག་ཤོར་གཉིས་ཤོར་གྱིས་རྒྱུགས་བྱུང་།  ཞེས་པ་ལྟ་བུ་དང་།  དཔའ་མཉམ་ན་སྟག་རོ་གཟིག་རོ་བྱེད།། དཔའ་མ་མཉམ་གཅིག་ཤི་གཅིག་གསོན་བྱེད།།  《ཟློས་སྒྲའི་ཚིག་མཛོད་》དུ།  སློབ་དཔོན་གྱིས་གཅིག་གཅིག་གཉིས་གཉིས་གསུངས་པ།  སློབ་བུ་ཡིས་བྱང་བྱང་འཇགས་འཇགས་བྱ་དགོས།⒅ ཞེས་པ་ལྟ་བུ་ལས་གཅིག་གཅིག་གཉིས་གཉིས་ཞེས་པ་ནི་ཧ་ཅང་ཞིབ་ཅིང་ཁ་གསལ་བའི་སྒོ་ནས་ནན་ནན་ཏིག་ཏིག་བྱས་པའི་དོན་མཚོན་པ་ལྟ་བུའོ།  
གསུམ་པ། གླིང་སྒྲུང་ལས་ཟློས་སྒྲའི་མིང་གི་ཁྱད་ཆོས་བཤད་པ།  
            གཅིག  སྡེབ་སྦྱོར་གྱི་དཔལ་ཐོན་པའི་ཁྱད་ཆོས།  སྡེབ་སྦྱོར་ནི་མིང་དང་ཚིག་གི་སྐད་ཀྱི་གདངས་དང་སྒྲའི་ང་རོ་སྙན་པར་སྒྱུར་བྱེད་ཡིན།⒆ ཞེས་གསུངས་པ་བཞིན་རྩོམ་རིག་བརྩམས་ཆོས་ཕུལ་ཏུ་བྱུང་བ་ཞིག་ཡིན་ན།དེ་ཡི་བརྗོད་བྱའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་དང་རྗོད་བྱེད་ཚིག་གི་རྒྱན་དང་སྡེབ་སྦྱོར་ཧ་ཅང་ལེགས་པོ་ཞིག་འཛོམས་ངེས་རེད།  གལ་ཏེ་སྡེབ་སྦྱོར་གྱི་ཁྱད་ཆོས་མེད་ན་དེ་ནི་རྐང་ལག་ཞ་བའི་བུད་མེད་ཅིག་དང་གཉིས་སུ་མ་མཆིས་སོ།། དེ་ཡང་འཛམ་གླིང་གི་སར་རྒྱལ་བོའི་སྒྲུང་ནི་ཐོག་མར་དམངས་ཁྲོད་རྩོམ་རིག་གི་རྣམ་པ་ལྟར་མི་མང་དམངས་ཚོགས་ཀྱི་ངག་ནས་ངག་ལ་བརྒྱུད་པའི་ཐབས་གཙོ་བྱས་ཏེ་རིམ་གྱིས་དར་ཞིང་འཕེལ་བ་ཞིག་ཡིན། བརྒྱུད་རིམ་དེའི་ཁྲོད་དུ་སྒྲུང་བ་མང་པོས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།  གླིང་སྒྲུང་གི་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཆ་ལ་ལེགས་བཅོས་ཡང་དང་ཡང་དུ་མཛད་པར་བརྟེན།  དེ་ནི་རང་ཅག་བོད་མི་རིགས་ཀྱི་ངག་གི་སྒྱུ་རྩལ་གྱི་བང་མཛོད་ལྟ་བུ་ཞིག་ཏུ་གྱུར་བ་ཡིན་པས།  རྗོད་བྱེད་ཚིག་གི་ཆ་ལ་ཡུལ་གྲུ་སོ་སོའི་གཏམ་དཔེ་དང་ཐ་སྙད་ཕུན་སུམ་ཚོགས་པ་སྣ་ཚོགས་ཀྱིས་སྤུད་པར་མ་ཟད།  སྒྲའི་ལྕི་ཡང་དང་ཚིག་གི་རིང་ཐུང་སོགས་སྡེབ་སྦྱོར་གྱི་ཁྱད་ཆོས་འབུར་དུ་ཐོན་པས། བཤད་པ་པོས་བཤད་ན་ངག་ལ་བརྗོད་བདེ་ཞིང་ཉན་པ་པོའི་རྣ་ལ་སྙན་ཞིང་ཡིད་ཀྱི་དབང་བོ་ཅིག་ཅར་དུ་འགུག་པའི་ཁྱད་ཆོས་ཧ་ཅང་མང་བར་བརྟེན།  གླིང་སྒྲུང་དེ་མི་རིགས་གཞན་གྱི་སྐད་ཡིག་མང་པོར་བསྒྱུར་ཀྱང་བརྗོད་བྱའི་དོན་སྤྱི་བམ་པ་ཞིག་ལས་བརྙན་འཕྲིན་དང་གློག་བརྙན་ལ་བལྟས་འདྲའི་སྣང་བརྙན་གསོན་ཉམས་ལྡན་པ་ཞིག་ཐོན་མི་ཐུབ་པ་གཙོ་བོ་ཡང་།  བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་སྡེབ་སྦྱོར་གྱི་ཁྱད་ཆོས་དེ་དག་མི་རིགས་གཞན་གྱི་སྐད་ཡིག་ཏུ་ཇི་མ་ཇི་བཞིན་དུ་བསྒྱུར་ཐབས་མེད་པས་ལན་ཞིང་།  ལྷག་པར་ཟློས་སྒྲའི་མིང་གི་ཁྱད་ཆོས་བསྒྱུར་མ་ཐུབ་པ་ལ་རག་ལས་པ་རེད།    དཔེར་ན།《འཛམ་གླིང་སྤྱི་བསང་》དུ།  ཕོ་རབ་འདྲ་གཉིས་ཐུག་པ་ན།།དར་དང་གོས་ཚར་སྡེབས་པ་འདྲ།། ཡང་ནི་འཇམ་ནི་གཉིས་འཛོམ་རེད།། དྲོད་ནི་ཡང་ནི་བཞི་འཛོམ་རེད།། ཕོ་འབྲིང་འདྲ་གཉིས་ཐུག་པ་ན།། མངར་མོའི་གྲོ་ཞུན་སྡེབས་པ་འདྲ།།  ཞིམ་ནི་སྣུམ་ནི་གཉིས་ཀ་རེད།། མངར་ནི་བརྒྱཊ་ནི་བཞི་འཛོམ་རེད།། ཕོ་མཐའ་འདྲ་གཉིས་ཐུག་པ་ན།། བོང་བུས་ཐལ་བ་བརྩུབས་འདྲ་རེད།། ན་ནི་ཚ་ནི་གཉིས་ཀ་རེད།།འདྲོགས་ནི་གཡུགས་ནི་བཞི་ཀ་རེད།།⒇ ཅེས་པ་ལྟ་བུ་ལས་ཕོ་གསར་རབ་འབྲིང་ཐ་གསུམ་ཐུག་ན་གནས་ཚུལ་ཅི་ལྟ་བུ་ཞིག་ཡིན་པ་དཔེ་དང་སྦྱར་ན་གསལ་བོར་བསྟན་པ་མ་ཟད།  དེ་དག་གི་ཁྱད་ཆོས་ལ་ཡང་ནི་འཇམ་ནི་ཞེས་པ་དང་།   ཞིམ་ནི་སྣུམ་ནི། ན་ནི་ཚ་ནི་ཞེས་ནི་སྒྲ་ཟློས་ནས་སྡེབ་སྦྱོར་གྱི་དཔལ་ཐོན་པར་བྱས་པ་མ་ཟད། ནི་སྒྲ་བསྣན་པའི་ཚུལ་དུ་སྦྱར་ནས་དོན་གྱི་ནུས་པ་སྟེར་ཚབས་ཆེ་བར་བྱས་འདུག་པ་ལྟ་བུ།  ཡང་དཔེར་ན།  《ཧོར་གླིང་གཡུལ་འགྱེད་》དུ།  རླུང་མ་ཡོང་བྱས་ན་ཁྲིག་གིར་འདུག། ད་ཤོག་བྱས་ན་འུར་སེ་ཡོང་།། ཆུ་མ་འབབ་བྱས་ན་འཁྱིལ་ལེར་འདུག།  ད་བོབས་བྱས་ན་ཤར་ལེར་འབབ།། མེ་མ་འབར་བྱས་ན་ཁྲིག་གིར་འདུག། ད་འབོར་བྱས་ན་ལྷབས་སེ་འབར།། ས་མ་འགུལ་བྱས་ན་བརྟན་སེ་འདུག། ད་འགུལ་བྱས་ན་ཤིགས་སེ་འགུལ།། འབྱུང་བ་བཞི་ལ་རང་དབང་ཐོབ།།(21) ཅེས་ལས་ཁྲིག་གིར་ཞེས་པ་དང་འུར་སེ།  འཁྱིལ་ལེར།  ཤར་ལེར།   ལྷབས་སེ།  བརྟན་སེ།  ཤིགས་སེ་ཞེས་པ་ལྟ་བུ་སོགས་ཀྱིས་འབྱུང་བ་བཞིའི་འགྱུར་ལྡོག་གི་ཉམས་ཕུན་སུམ་ཚོགས་པ་མཚོན་པར་མ་ཟད་ཚིག་གི་སྡེབ་སྦྱོར་གྱི་དཔལ་ཐོན་པ་ཤིན་ཏུ་མང་ངོ་།།  
            གཉིས།  འདོད་ཡོན་ལྔ་བོ་དབང་བོས་དངོས་སུ་མྱོང་འདྲའི་ཁྱད་ཆོས། འདོད་ཡོན་ལྔ་སྟེ་གཟུགས་སྒྲ་དྲི་རོ་རེག་བྱ་བཅས་ནི་དབང་བོ་ལྔའི་ལོངས་སུ་སྤྱད་བྱ་ཡིན་ཏེ།  གཟུགས་ནི་འདྲེན་བྱེད་མིག་གི་ལོངས་སུ་སྤྱད་བྱ་དང་།   སྒྲ་ནི་དར་ལུང་རྣ་བའི་ལོངས་སུ་སྤྱད་བྱ།   དྲི་ནི་དྲི་འཛིན་སྣ་ཡི་ལོངས་སུ་སྤྱད་བྱ།   རོ་ནི་རོ་འཛིན་ལྕེ་ཡི་ལོངས་སུ་སྤྱད་བྱ།  རེག་བྱ་ནི་ཟག་བཅས་ལུས་ཀྱི་ལོངས་སུ་སྤྱད་བྱ་ཡིན་པ་རེད།  གླིང་སྒྲུང་དུ་ཟློས་སྒྲའི་མིང་གིས་ཉམས་ཕུན་སུམ་ཚོགས་པ་ཞིག་མཚོན་ཐུབ་པ་ནི་འདོད་ཡོན་ལྔ་བོ་ཀུན་ལ་མ་ཁྱབ་པ་མེད་པས།  ཀློག་པ་པོའམ་ཉན་པ་བོ་ཞིག་ལ་མཚོན་ན་རང་ཉིད་དངོས་སུ་གླིང་སྒྲུང་གི་ཡུལ་དུས་ངོ་མ་དེར་ཡོད་པ་ལྟ་བུའི་ཚོར་སྣང་གསོན་ཉམས་ལྡན་པ་ཞིག་སྟེར་ཐུབ་ཏེ།  དཔེར་ན།  《ལྷ་གླིང་གབ་ཙེ་དགུ་སྐོར་》དུ། བླ་མའི་ཞལ་ངོ་གནམ་ནག་ལོང་ལོང་།  སྤྱན་སྐོར་གློག་དམར་འཁྱུག་འཁྱུག   སྣ་ཤངས་ཆུ་རླབས་གཉེར་གཉེར་མཛད།(22) ཅེས་པ་ལྟ་བུ་ལས། བླ་མ་ཁོང་ཁྲོ་ལངས་པའི་ཞལ་ངོ་དང་སྤྱན། སྣ་ཤངས་སོགས་ཀྱི་རྣམ་པ་དེ་རྣམས་གནམ་མཁར་སྤྲིན་ནག་ལོང་ལོང་དུ་འཁྲིགས་ཤིང་གློག་དམར་འཁྱུག་འཁྱུག་བྱེད་པ་དང་རླུང་དྲག་ཏུ་གཡུག་པའི་མཚོ་ཁའི་རླབས་གཉེར་སོགས་ཀྱི་གཟུགས་སུ་བཀོད་ཅིང་།  ལྷག་པར་བླ་མའི་ཞལ་ངོ་གནམ་ནག་ལོང་ལོང་ཞེས་པའི་ཟློས་སྒྲའི་མིང་དེས་སྤྲིན་ནག་ལང་ལོང་དུ་འཁྲིགས་པ་སྟེ་སྤྱིར་བཏང་གི་སྤྲིན་ནག་འཐིབས་པ་ཙམ་མ་ཡིན་པར་སྤྲིན་ནག་འཕྱུར་བ་མགྱོགས་ཤིང་གཡོ་བའི་རྣམ་པ་མིག་ལམ་དུ་དངོས་སུ་ཤར་བའི་ཉམས་ཐོན་ཡོད་ཅིང་།  སྤྱན་སྐོར་གློག་དམར་འཁྱུག་འཁྱུག་ཅེས་པའི་ཟློས་སྒྲའི་མིང་དེས་བླ་མ་ཁྲོས་ཏེ་མིག་ལོག་གིས་བལྟས་པ་ནི་དྲག་ཆར་ཆེན་པོ་འབེབས་པའི་སྐབས་སུ་འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་པ་དང་མཉམ་དུ་གློག་ཞགས་འཁྱུག་པ་བཞིན་འཁྱུགས་སེ་འཁྱུག་བྱེད་པ་དེ་ཧ་ཅང་མྱུར་ཞིང་དྲག་པའི་ཉམས་ཐོན།  སྣ་ཤངས་ཆུ་རླབས་གཉེར་གཉེར་མཛད་ཅེས་པའི་ཁྲོད་ཀྱི་ཟློས་སྒྲའི་མིང་དེས་བླ་མའི་མཆུ་བརྫེ་བརྫེ་དང་སྣ་གཉེར་གཉེར་བྱས་པ་དེ་རྒྱ་མཚོའི་རྦ་རླབས་ཀྱི་གཉེར་མ་བཞིན་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་ཉམས་ཇི་བཞིན་མཚོན་ཡོད་སྟབས།  ཟློས་སྒྲའི་མིང་དེ་དག་གིས་བླ་མ་ཧ་ཅང་ཁོང་ཁྲོ་བའི་སྣང་བརྙན་དེ་ཇི་མ་ཇི་བཞིན་དུ་ཀློག་པ་བོའི་མིག་ལམ་དུ་ཤར་དུ་འཇུག་པའི་ནུས་པ་ཐོན་འདུག   ཡང་དཔེར་ན།  དེར་བླ་མའི་མདུན་དུ་སླེབས་པ་དང་།  ཁོང་ཚོས་སྐྲག་མདོག་ཞེད་མདོག་མགོ་གུག་གུག   ཐོད་པ་གཙི་གཙི། མིག་ཟུམ་ཟུམ།   རྐང་བ་སྡོད་ཚུགས་མེད་མདོག    ལག་པས་མགོ་ཤིག་འཕྲུག་མདོག་བྱེད།   བླ་མས་དབུ་ཕར་སྒྲིལ་ཚུར་སྒྲིལ་བྱེད།  སྤྱན་བྱ་ཕོས་ལྟ་ལྟ་བྱས།(23) ཞེས་པ་ལྟ་བུ་ལས། མགོ་གུག་གུག་ཅེས་པའི་ཟློས་སྒྲའི་མིང་གིས་བླ་མ་ལ་སྐྲག་ཁུལ་གྱིས་མགོ་བོ་སྨད་ཅིང་གུག་པའི་ཉམས་དང་།  ཐོད་པ་གཙི་གཙི་ཞེས་བླ་མ་ལ་ཧ་ཅང་དད་ཅིང་དགའ་བའི་ཚུལ་གྱིས་ཐོད་པ་གཏུགས་པའི་ཉམས་མཚོན་ཞིང་།  མིག་ཟུམ་ཟུམ་ཞེས་པ་ལས་མིག་མཚམས་མཚམས་སུ་བཙུམ་ཞིང་མཚམས་མཚམས་སུ་ཅུང་ཟད་རེ་ཕྱེ་བའི་རྣམ་པ་ཇི་མ་ཇི་བཞིན་ཧ་ཅང་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པ་ལ་སོགས་པའི་དཔེར་བརྗོད་ཤིན་ཏུ་མང་པོ་ཡོད་ཅིང་།  ཟློས་སྒྲའི་མིང་དེ་དག་གིས་གཟུགས་ཀྱི་ཉམས་ཅི་ལྟ་བུ་ཞིག་ཡིན་ནའང་ང་ཚོའི་མིག་གིས་དངོས་སུ་རིག་པ་ལྟར་གསོན་ཉམས་ལྡན་པའི་སྒོ་ནས་ཡོངས་སུ་མཚོན་ཐུབ་པའི་ཁྱད་ཆོས་ཐོན་ཡོད།  ཡང་དཔེར་ན།《འཛམ་གླིང་སྤྱི་བསང་》དུ།  གཞུའི་ཡར་མཆོག་འོག་ནས་སྤྲིན་ནག་འཁྲིགས།། རྔམས་པའི་འབྲུག་སྒྲ་ལྡི་རི་རི།། གཞུའི་མར་མཆོག་འོག་ནས་གློག་དམར་འཁྱུགས།། མི་བཟད་ཆར་བ་ཤར་ར་ར།།(24) ཞེས་པ་ལས་རྔམས་པའི་འབྲུག་སྒྲ་ལྡི་རི་རི་ཞེས་པ་ནི་མདའ་གཞུ་བཀུག་པའི་སྒྲ་དེ་གནམ་ནས་འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་པའི་གཟུགས་སུ་བཀོད་ཅིང་།   དེ་ལས་ལྡི་རི་རི་ཞེས་པའི་ཟློས་སྒྲའི་མིང་དེས་འབྲུག་སྒྲ་དེ་ཡང་ལྡིར་སེ་ཞེས་པ་ལྟར་ཐེངས་གཅིག་ཙམ་མ་ཡིན་ལ་ལྡིར་ལྡིར་ཞེས་པ་ལྟར་འབྲུག་སྒྲ་ཐེངས་རེ་གཉིས་ཙམ་གྱིས་མཚམས་ཆད་པ་ཞིག་དེ་བས་ཀྱང་མ་ཡིན་པར།  འབྲུག་སྒྲ་ལྡི་རི་རི་ཞེས་འབྲུག་གྲགས་པའི་སྒྲ་དེ་མཚམས་མ་ཆད་པར་ཡུན་རིང་དུ་གྲགས་ཤིང་སྒྲ་ཤིན་ཏུ་ཆེ་བས་གནམ་ས་ཁ་གས་ལ་ཉེ་བ་ལྟ་བུའི་སྒྲ་འཇིགས་སུ་རུང་བ་ཞིག་ཡིན་པ་མངོན་སུམ་དུ་མཚོན་ཡོད།  མི་བཟད་ཆར་བ་ཤར་ར་ར་ཞེས་པ་ལས་གཞན་གྱིས་མི་བཟོད་པའི་རྣམ་པ་དེ་དྲག་ཆར་བབས་པའི་གཟུགས་སུ་བཀོད་ཡོད་ཅིང་།  དེ་ལས་ཤར་ར་ར་ཞེས་པའི་ཟློས་སྒྲའི་མིང་དེས་ཆར་བ་བབས་པ་ཤིན་ཏུ་དྲག་ཅིང་གནམ་མཁའ་ནས་ཆུ་བྱོ་བ་ལྟར་ཡུན་རིང་དུ་བབས་པའི་སྒྲའི་ཉམས་ཇི་བཞིན་དུ་མཚོན་ཡོད། དེ་ཡང་《ཧོར་གླིང་གཡུལ་འགྱེད་》དུ།  གནའ་མི་བོད་ཀྱི་གཞུང་གཏམ་ལ།། ཕོ་ཁ་དགུ་བསྐོར་ན་བྱང་མ་ཡིན།།  བྱང་མའི་བྱང་གཏམ་ཤ་ར་ར།། མོ་ཁ་དགུ་བསྐོར་ན་ཁྲམ་མ་ཡིན།།  ཁྲམ་མས་ཁྲམ་གཏམ་ཤུ་རུ་རུ།། ཁྱི་ཁ་དགུ་བསྐོར་ན་རྐུན་མ་ཡིན།།  རྐུན་མས་སྣ་སུད་ཁྱི་ལི་ལི།།(25)  ཞེས་པ་ནི་བོད་ཀྱི་གཏམ་དཔེ་ལ་སྦྱར་ཏེ་གཏམ་སོགས་བཤད་པའི་གནས་ལུགས་བསྟན་ཡོད་ཅིང་།  དེ་ལས་བྱང་མའི་བྱང་གཏམ་ཤ་ར་ར་ཞེས་པ་ནི་གཏམ་བཤད་པ་ལ་ཧ་ཅང་མཁས་པ་སྟེ་གཏམ་བཤད་པ་ལ་ཐོགས་པ་མེད་ཅིང་མྱུར་བ།  རྒྱུན་མི་ཆད་པ་སྟེ་གནམ་ནས་ཆར་ཆེན་པོ་བབས་པ་བཞིན་བཤད་ཐུབ་པ་དང་།   ཁྲམ་མས་ཁྲམ་གཏམ་ཤུ་རུ་རུ་ཞེས་པ་ནི་ཁྲམ་མ་སྟེ་བུད་མེད་གཡོ་སྒྱུ་ཅན་གྱི་གཡོ་གཏམ་དང་ཕྲ་མའི་གཏམ་སྣ་ཚོགས་ཤུ་རུ་རུ་ཞེས་སྐད་དམའ་མོའི་ངང་ནས་གཞན་ལ་ཤབ་ཤུབ་ཏུ་ཡང་དང་ཡང་དུ་བཤད་པའི་ཉམས་མཚོན་ཡོད།  རྐུན་མས་སྣ་སུད་ཁྱི་ལི་ལི་ཞེས་ཁྱི་རྐུན་གྱིས་ག་ས་གང་དུ་དྲི་ལ་སྣོམ་པའི་སྒྲ་ཇི་མ་ཇི་བཞིན་དུ་མཚོན་ཡོད།   གླིང་སྒྲུང་དུ་འདི་དང་འདི་ལྟ་བུའི་ཟློས་སྒྲའི་མིང་གིས་སྒྲའི་ཉམས་ཇི་བཞིན་མཚོན་ཏེ་ཀློག་པ་བོའམ་ཉན་པ་བོས་དངོས་སུ་སྒྲ་དེ་གོ་ཐུབ་པ་ལྟ་བུའི་ཁྱད་ཆོས་འབུར་དུ་ཐོན་པ་ཤིན་ཏུ་མང་།  དེ་བཞིན་སྒྲུང་དཔེ་དེར།  གླིང་གི་དཔའ་རྟུལ་སུམ་ཅུ་འདི།།  མི་རྒོད་དཔུང་བ་ལྷུག་ལྷུག་བྱས།། རྟ་རྒོད་བཤུལ་ཤ་བྱང་བྱང་ཕྱིན།། དགྲ་ཕར་རྒྱག་རྩི་རྩི་གྲངས་མེད་ཡིན།།(26)  ཞེས་པ་ལྟ་བུ་ལས་ཟློས་སྒྲའི་མིང་ལྷུག་ལྷུག་ཅེས་པ་དང་བྱང་བྱང་ཞེས་པ་གཉིས་ཀྱིས་ལུས་ཀྱི་རེག་བྱའི་ཉམས་ཕུན་སུམ་ཚོགས་པ་རེ་སྟོན་ཏེ།   མི་རྒོད་དཔུང་བ་ལྷུག་ལྷུག་ཅེས་པ་དེས་གླིང་གི་དཔའ་རྟུལ་སུམ་ཅུ་བོ་ཚང་མ་གཅིག་ལ་ལྟོས་ན་གཅིག་དཔའ་ཞིང་རྒོད་པ་དེ་སོ་སོའི་དཔུང་བ་ལ་བལྟས་པ་ཙམ་གྱིས་ཤེས་ཤིང་།  ལྷུག་ལྷུག་ཅེས་དཔུང་བའི་ཤ་རྒྱས་ཤིང་སྦོམ་པའི་ཉམས་ཐོན་ལ།  རྟ་རྒོད་བཤུལ་ཤ་བྱང་བྱང་ཕྱིན་ཞེས་པ་ནི་དཔའ་རྟུལ་སུམ་ཅུ་ནི་དཔའ་ཞིང་རྒོད་པར་མ་ཟད།  དེ་དག་གི་བཅིབས་རྟ་ཡང་རེ་རེ་བཞིན་སོམ་ལག་ལྡན་ཞིང་ཤ་ཤེད་རྒྱས་པ་མཚོན་ཡོད་དེ།  བཤུལ་ཤ་བྱང་བྱང་ཞེས་པས་རྟའི་གྲུ་ཤ་ཧ་ཅང་རྒྱས་པས་རེག་པའམ་སོང་ན་བྱང་བྱང་བྱེད་བཞིན་པའི་ཉམས་ཕུན་སུམ་ཚོགས་པ་མཚོན་པ་སོགས་ཤིན་ཏུ་མང་ངོ་།།  
            གསུམ།   སེམས་ཀྱི་འགྱུར་བ་མཚོན་པར་ཀུན་གསལ་མེ་ལོང་ལྟ་བུའི་ཁྱད་ཆོས།  གླིང་སྒྲུང་དུ་ཟློས་སྒྲའི་མིང་གིས་ཕྱིའི་ལུས་ཀྱི་ཉམས་ཙམ་མཚོན་པ་ཁོ་ན་མ་ཡིན་པར་ནང་གི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་ཡང་མངོན་པར་མཚོན་ཐུབ་པ་ནི།  མེ་ལོང་གཟུགས་ཤར་ལྟ་བུའི་ཁྱད་ཆོས་ཡོད་དེ།  དཔེར་ན།  《བྱེ་རིའི་བྱུར་རྫོང་》དུ།  ཉིན་དེར་རུ་སྣེ་མདུན་རུ་ཡིན་པས་དཀར་བོ་གནམ་ལྷ་ཐོག་འབེབས།  སེར་པོ་རྔམ་ཆེན་འབྲུག་སྒྲ།  ཁྲ་བོ་སྐར་ཚོགས་ཁྲ་རིས།  ཀུན་དགའ་ཉི་ཁྲི་འབུམ་ཐུབ་བཞིས་ཨ་ཆེན་བྱེ་མའི་རི་དྲུག་གི་འབུམ་དམག་དེ་ཁྲིད་ཅིང་།  རི་བོར་མེ་ལྕེ་མཆེད་མཆེད།  ས་གཞིར་གློག་དམར་འཁྱུག་པ་ལྟར་རུ་སྣེ་དྲངས།  ཤམ་མཐུད་དུ་འཇང་དམག་འཕྲུ་སྔོན་ཅན་ལ་རྒྱ་མཚོ་འཕྱུར་འཕྱུར།  རྟིང་གནོན་ལ་སྟག་གཟིག་གི་དམག་འཕྲུ་དཀར་ཅན་ལ་སྤྲིན་དཀར་འཁྲིགས་འཁྲིགས།  དེའི་རྟིང་གནོན་དུ་རྒྱབ་རུ་གུང་རུ་གཉིས་ཀྱི་རྟ་དམག་སེར་རྒོད་འབབ་འབབ།  དེའི་རྗེས་སུ་སོག་རུའི་དམག་དེ་རི་བོ་ལ་སྨུག་རྒོད་རྒྱུག་རྒྱུག    དེའི་རྗེས་སུ་བདུད་དམག་གི་དཔུང་འཕྲུ་ནག་གྲིབ་སོ་བཀུག་འདྲ།  དེའི་རྒྱབ་ལྷོ་མོན་གྱི་དམག་འཕྲུ་སྣ་ཚོགས་ཅན་ལ་འཇའ་ཚོན་ཤར་འདྲ་བཅས་དགུ་འབུམ་ཉིས་ཁྲི་སུམ་སྟོང་དེ་རྟ་དམག་མཉམ་མཚུངས་སུ་བཤར་རོ།།  ཉི་མ་ཕྱི་དྲོའི་དུས་སུ་དབྱར་ས་བར་ཐང་གི་བྱང་བྱེ་རིའི་སྟག་རྫོང་རྒྱལ་པོ་དཔོན་བློན་རྣམས་ལ་མངག་ཆ་འབྱོར་བས་སེམས་འདར་ལྷང་ལྷང་དུ་ཡོད་ཀྱང་མི་སྐྲག་པའི་ཚུལ་དུ་རྟ་རྒྱུག་མདའ་འཕེན་བྱེད་ཅིང་ཀི་བསྭོ་སོགས་བཏབ་ནས་བསྡད།(27) ཅེས་པ་ལྟ་བུ་ལས་གླིང་དམག་འབུམ་ཕྲག་དུ་མ་བཤར་བའི་གཏམ་དེ་བྱེ་རིའི་རྒྱལ་བློན་རྣམས་ཀྱིས་ཐོས་འཕྲལ་སེམས་ཧ་ཅང་སྐྲག་པ་དེ་སེམས་འདར་ལྷང་ལྷང་ཞེས་པའི་ཟློས་སྒྲས་ཇི་བཞིན་མཚོན་པར་བྱས་པ་དང་།     ད་དུང་མི་སྐྲག་པའི་ཚུལ་བསྟན་པ་སོགས་གསལ་བོར་བརྗོད་དེ་ཕྱིའི་ལུས་ཀྱི་ཉམས་དང་ནང་སེམས་ཀྱི་འགྱུར་བ་སོ་སོར་སོང་བའི་གནས་ཚུལ་གསོན་ཉམས་ལྡན་པའི་སྒོ་ནས་བསྟན་པ་ལྟ་བུ་སོགས་མང་ངོ་།། 
བཞི་བ། གླིང་སྒྲུང་དུ་ཟློས་སྒྲའི་མིང་གིས་ཐོན་པའི་ནུས་པ། 
            གཅིག  ཚིག་གི་སྙན་ཆ་འདོན་པར་སྙན་ངག་སྒྲ་རྒྱན་ལྟ་བུའི་ནུས་པ་ཐོན་པ།  འཛམ་གླིང་གི་སར་རྒྱལ་པོའི་སྒྲུང་ནི་ཕྱིའི་རྗོད་བྱེད་ཚིག་དང་ནང་གི་བརྗོད་བྱ་དོན་གང་གི་ཆ་ནས་བཤད་ནའང་བོད་མི་རིགས་ཀྱི་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་ཡིན་པ་བསྙོན་དུ་མེད་དེ།   བརྗོད་བྱ་དོན་གྱི་ཆ་ནས་ནང་བསྟན་ཆོས་ལུགས་ཀྱི་ལྟ་བ་ཡང་དག་པས་སྣེ་ཁྲིད་དེ་ཟབ་མོ་སྟོང་བ་ཉིད་ཀྱི་ལྟ་བ་རྒྱ་ཆེན་པོ་དེ་རྒྱས་པར་བསྟན་ཡོད་ཅིང་།  ཞོར་དུ་དུས་རབས་བཅོ་ལྔ་བའི་སྐབས་ཀྱི་བོད་མི་དམངས་ཀྱི་སྤྱི་ཚོགས་འཚོ་བ་དང་བསམ་བློའི་འདུ་ཤེས།  ཡུལ་སྲོལ་གོམས་གཤིས་སོགས་བརྗོད་དོན་ཟབ་མོ་བསྟན་འདུག    རྗོད་བྱེད་ཚིག་གི་ཐད་ནས་སྤྱིར་བཅད་ལྷུག་སྤེལ་མའི་རྩོམ་ལུས་སྤྱད་ཡོད་ཅིང་ཚིགས་བཅད་དང་ཚིག་ལྷུག་གང་ཡིན་རུང་སྡེབ་སྦྱོར་ལེགས་ཤིང་བརྡ་རྙིང་སོགས་ཀྱིས་བཅིངས་མེད་སྟབས་དོན་གོ་སླ་བ།   བོད་ཀྱི་དམངས་ཁྲོད་གཏམ་དཔེ་སྣ་ཚོགས་བཀོད་ཡོད་ཅིང་སྙན་ངག་གི་རྒྱན་སྣ་ཚོགས་ཀྱིས་སྤུད་ཡོད།  ལྷག་པར་ཟློས་སྒྲའི་མིང་གང་ལ་གང་འཚམ་གྱིས་བཀོལ་བས་ཉམས་སྣ་ཚོགས་གསོན་ཉམས་ལྡན་པར་མཛད་པ་ནི། གླིང་སྒྲུང་གི་མི་སྣ་དང་ཁོར་ཡུག་ཞིབ་འབྲི་བྱས་པ་དེ་ཀུན་གསལ་མེ་ལོང་དུ་གཟུགས་བརྙན་ཤར་བའམ་ཡང་ན་བརྙན་འཕྲིན་དུ་གློག་བརྙན་ཤར་བ་ལྟར།  རྩོམ་རིག་སྒྱུ་རྩལ་གྱི་ཚད་ཧ་ཅང་མཐོན་པོ་ཞིག་ཏུ་སླེབས་ཡོད་པ་རེད།  ཟློས་སྒྲའི་མིང་དེ་དག་གིས་ཉམས་སྣ་ཚོགས་ཇི་བཞིན་དུ་མཚོན་པར་མ་ཟད་སྙན་ངག་གི་རྒྱན་ལས་སྒྲ་རྒྱན་གྱི་ཁྱད་ཆོས་ཀྱང་ཐོན་ཡོད་དེ།  དཔེར་ན། 《འཛམ་གླིང་སྤྱི་བསང་》དུ། ཡ་ཨ་ཆེན་ཧོར་གྱི་རྒྱལ་བློན་རྣམས།། ཉམས་མཚར་ཏེ་ལྟད་མོ་བལྟས་བལྟས་ནས།། མིག་ཨ་འབྲུའི་ཐག་པ་ཆད་ནས་ཐལ།། སྐུ་མཛེས་པའི་གཟི་བརྗིད་ངོམ་ངོམ་ནས།། དགུང་ཉི་མའི་འོད་སྣང་ཉམས་ནས་ཐལ།། གསུང་མཐོན་པོས་ལྷ་སྲུང་མཆོད་མཆོད་ནས།། ལྷོ་གཡུ་འབྲུག་སྐད་འགོ་དམའ་ནས་ཐལ།། ཐུགས་འོད་གསལ་དགོངས་པ་མཐོ་མཐོ་ནས།། དབྱིངས་སྟོང་བའི་མཐའ་རྒྱ་འགུམ་ནས་ཐལ།། རྟ་མགྱོགས་པའི་རྒྱུག་ཐག་བཅད་བཅད་ནས།། རླུང་སྐྱི་སེར་བྱང་ཁ་ལྷོད་ནས་ཐལ།།དཔའ་སྐྱེན་པོས་མདའ་རྩལ་འགྲན་འགྲན་ནས།། ཐོག་དམར་པོའི་རྩལ་ཀྱང་ཞན་ནས་ཐལ།(28)  ཞེས་པ་ལྟ་བུ་ནི་ཚིག་གི་སྡེབ་སྦྱོར་ལེགས་ཤིང་དོན་ཡང་ཧ་ཅང་འབྲེལ་ཆགས་པ་ཞིག་ཡིན་ཏེ།  ཚིག་བཞི་བ་ནས་བཟུང་སྐུ་གསུང་ཐུགས་གསུམ་དང་སྦྱར་ཞིང་དེ་དག་གི་ཁྱད་ཆོས་ཀྱིས་ཉི་མ་དང་གཡུ་འབྲུག་སོགས་ཀྱི་ཁྱད་ཆོས་ཟིལ་གྱིས་གནོན་ཚུལ་བརྗོད་དེ་སྒྲོ་བཏགས་ཀྱི་ངང་ནས་བསྟོད་པ་བྱས་ལ། ལྷག་པར་ཟློས་སྒྲའི་མིང་དེ་དག་གིས་སྒྲའི་ཆ་ནས་སྙན་ངག་གི་སྒྲ་རྒྱན་ལྟ་བུའི་ནུས་པ་ཐོན་པར་མ་ཟད། དོན་གྱི་ཆ་ནས་བྱ་བ་དེ་དག་ཡུན་རིང་ཞིག་ཏུ་བསྒྲུབས་པའམ་ཡང་ན་ཧ་ཅང་མང་པོ་ཞིག་བསྒྲུབས་པའི་ཉམས་ཐོན་པ་རེད། ཡང་《མངའ་རིས་གསེར་རྫོང་》དུ། དཀར་པོ་དུང་གི་མགོ་བོ་ཅན།། དུང་རྭ་དུང་རྣ་སྤུངས་སེ་སྤུང་།།  དུང་གི་ཁ་ཆུ་ཉིལ་ལི་ལི།། དུང་གི་རྔ་མ་ཤངས་སེ་ཤང་།། དེ་འཁོར་བརྒྱ་དང་བརྒྱད་ཅུ་དེ།།  འཛམ་གླིང་ལྷ་ཡི་སྐུ་ཟོག་ཡིན།། སེར་པོ་གསེར་རྭ་གསེར་མིག་ཅན།།གསེར་རྭ་གསེར་རྣ་སྤུངས་སེ་སྤུང་།། གསེར་གྱི་ཁ་ཆུ་ཉིལ་ལི་ལི།།  གསེར་གྱི་རྔ་མ་ཤངས་སེ་ཤང་།། དེ་འཁོར་བརྒྱད་ཁྲི་བརྒྱད་སྟོང་དེ།། འཛམ་གླིང་རྒྱལ་བོའི་སྐུ་ཟོག་ཡིན།། ཁམ་པ་དངུལ་རྭ་དངུལ་སྣ་ཅན།། དངུལ་གྱི་ཁ་ཆུ་ཉིལ་ལི་ལི།།དངུལ་གྱི་རྔ་མ་ཤངས་སེ་ཤང་།།  དེ་འཁོར་བདུན་ཁྲི་བདུན་སྟོང་དེ།།  སྲས་ཆུང་དགྲ་ལྷའི་སྐུ་ཟོག་ཡིན།།  ཁྲ་བོ་གཟི་རྭ་གཟི་མིག་ཅན།། གཟི་རྭ་གཟི་སྣ་སྤུངས་སེ་སྤུངས།། གཟི་ཡི་ཁ་ཆུ་ཉིལ་ལི་ལི།།  གཟི་ཡི་རྔ་མ་ཤངས་སེ་ཤང་།།  དེ་འཁོར་ལྔ་ཁྲི་ལྔ་སྟོང་དེ།།  ཚ་ཞང་འདན་མའི་སྐུ་སྐལ་ཡིན།།དམར་པོ་བྱུ་རུའི་བྱུར་མིག་དེ།།  བྱུ་རུའི་བྱུར་སྣ་སྤུངས་སེ་སྤུངས།། བྱུ་རུའི་བ་ཆུ་ཉིལ་ལི་ལི།།  བྱུ་རུའི་རྔ་མ་ཤངས་སེ་ཤང་།། དེ་འཁོར་ལྔ་ཁྲི་ལྔ་སྟོང་དེ།།  ཧོར་སྡིག་གཅོད་ཤན་པའི་སྐུ་སྐལ་ཡིན།།(29) ཞེས་ལྟ་བུ་ནི་སྟག་གཟིག་ནོར་རྫོང་ཕབས་ནས་ནོར་འགྱེད་གཏོང་སྐབས་ནོར་སོ་སོའི་ཁ་དོག་ལྟར་དཔེ་རེ་སྦྱར་ཡོད་ཅིང་།  གྲངས་ཀྱི་མང་ཉུང་མི་འདྲ་བ་ལྟར་ནོར་རྣམས་གླིང་གི་རྒྱལ་བློན་རྣམས་ལ་བགོ་བཤའ་བརྒྱབ་པ་མ་ཟད་ཐ་ན་གླིང་གི་ཡུལ་ལྷ་གཞི་བདག་ལའང་བགོ་སྐལ་ཡོད་པ་རྟོགས་ཐུབ།  དེ་རུ་ཟློས་སྒྲའི་མིང་སྟེ་དུང་རྭ་དུང་སྣ་དང་གསེར་རྭ་གསེར་སྣ་ཞེས་པ་སོགས་ཀྱིས་དཔེ་མཚོན་པ་ཙམ་མ་ཡིན་པར་སྙན་ངག་གི་སྒྲ་རྒྱན་གྱི་ནུས་པ་ཕུན་སུམ་ཚོགས་པ་ཞིག་ཐོན་སྟབས་ངག་ནས་བརྗོད་བདེ་ཞིང་རྣ་ལ་སྙན་པའི་ཁྱད་་ཆོས་ཐོན་པ་སོགས་ཤིན་ཏུ་མང་ངོ་།།  
            གཉིས།  གླུ་ཡི་སྡེབ་སྦྱོར་སྙོམ་པར་རོལ་ཆའི་རམ་འདེགས་ལྟ་བུའི་ནུས་པ་ཐོན་པ།  གེ་སར་རྒྱལ་པོའི་སྒྲུང་ལ་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་མང་པོ་ལྡན་པས་ཚིག་སྦྱོར་བདེ་ཞིང་གོ་སླ་བ་ནི་སྒྲུང་ཡོངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན།  སྤྱིར་གླིང་སྒྲུང་གི་ལུས་ནི་བཅད་ལྷུག་སྤེལ་མའི་ཚུལ་དུ་ཡོད་མོད།  ཚིགས་བཅད་དང་ཚིག་ལྷུག་གང་ལའང་ཟློས་སྒྲའི་མིང་གིས་སྡེབ་སྦྱོར་ཤིན་ཏུ་མཉམ་པའི་ཁྱད་ཆོས་ཐོན་ཡོད་དེ།  ཚིགས་བཅད་ལ་དཔེར་ན། 《མངའ་རིས་གསེར་རྫོང་》དུ།  ཤར་ཕྱོགས་ལྷ་དམག་དཀར་པོ་གདའ། ལྷ་དམག་སེང་ཕྲུག་རྩེ་རྩེ་རེད།། ལྷོ་ཕྱོགས་གཉན་དམག་སེར་པོ་གདའ།། གཉན་དམག་གཟིག་ཕྲུག་རྩེ་རྩེ་རེད།། ནུབ་ཕྱོགས་བཙན་དམག་དམར་པོ་གདའ། བཙན་དམག་སྟག་ཕྲུག་རྩེ་རྩེ་རེད།། བྱང་ཕྱོགས་ཀླུ་དམག་སྔོན་པོ་གདའ། ཀླུ་དམག་གཡུ་འབྲུག་རྩེ་རྩེ་རེད།།(30) ཅེས་པ་ལྟ་བུ་ནི་བརྗོད་བྱ་དོན་གྱི་ཆ་ནས།  གླིང་དམག་རྣམས་སྐོར་དང་སྐོར་བྱས་ཏེ་དམག་སྐར་ཆེན་པོ་བརྒྱབ་པའི་རྣམ་པ་དེ་ཤར་ལྷོ་ནུབ་བྱང་སྟེ་ཕྱོགས་བཞི་ལ་སྦྱར་ཞིང་དེ་དག་གི་དམག་རྣམས་ལྷ་ཀླུ་གཉན་བཙན་རྣམས་དང་སྦྱར་ལ། དེ་དག་གི་ཁ་དོག་ཀྱང་དཀར་པོ་དང་སེར་པོ།  དམར་པོ། སྔོན་པོ་བཞི་སྟེ་རྩ་བའི་ཁ་དོག་བཞི་ཡི་ཁྱད་ཆོས་དང་སྦྱར་ནས་དཔེ་ལ་སེང་ཕྲུག་དང་སྟག་ཕྲུག   གཟིག་ཕྲུག  ཀླུ་དམག་རྣམས་བཀོད་པ་  སོགས་དཔེ་དང་དཔེ་ཅན་གྱི་ཆ་ནས་ཧ་ཅང་དོ་མཉམ་པ་དང་།  རྗོད་བྱེད་ཚིག་གི་ཆ་ནས་ཚིགས་བཅད་ཚེག་བར་བདུན་མའི་སོ་ནས་ཆ་ཆ་ཆ་ཡ་ཡི་སྡེབ་སྦྱོར་ཤིན་ཏུ་མཉམ་པས་ངག་ནས་བརྗོད་བདེ་ཞིང་།  ཟློས་སྒྲའི་མིང་རྩེ་རྩེ་ཞེས་པས་དཔེ་དོན་ཡོངས་སུ་འདྲ་བར་བསྟན་པས་མཚུངས་པ་གསལ་བྱེད་ཀྱི་སྒྲའི་ཁྱད་ཆོས་དང་སྒྲ་རྒྱན་གྱི་ཁྱད་ཆོས་ཀྱང་ཐོན་ཡོད་པ་རེད།  ཡང་ཚིག་ལྷུག་ལ་དཔེར་ན། 《སུམ་གླིང་གཡུལ་འགྱེད་》དུ། གླིང་ཚོང་འགྲུལ་བཅོམ་པའི་རིན་ཆེན་ཚོང་ཟོག་ཁག་གཅིག་རྒྱལ་བློན་ཚོགས་པའི་དབུས་སུ་ཕུལ། སུམ་རྒྱལ་གའུ་རྒྱལ་མཚན་གྱིས་ལོ་རྒྱུས་རྣ་བར་ཐོས་འཕྲལ་ངོ་བོ་མུན་ནག་འཁྲིགས་འཁྲིགས།  མིག་རྩ་གློག་དམར་འཁྱུག་འཁྱུག    སོ་སྒྲ་གཡུ་འབྲུག་གྲགས་གྲགས།  ཁུ་ཚུར་སེར་རྒོད་ཡར་ཡར་བྱེད་བཞིན་པའི་ངང་རིན་ཆེན་ནོར་བུའི་དངོས་ཟོག་སྤུངས་པ་མཐོང་བ་དང་།  རྒྱལ་པོ་བཟི་བ་ལས་དྭངས་པ་ལྟར་ངོ་གདོང་ཉི་འོད་འཚེར་སེ་འཚེར།   མིག་ལྤགས་པད་མ་ཟུམ་སེ་ཟུམ།  ཁ་སེ་གེ་སར་གཡེར་སེ་གཡེར་བྱས་ནས་བུ་མོ་ལག་ཏུ་མི་ལོན་པས་ཅུང་ཞིག་འགྱོད་ཀྱང་།  ཁྱོད་བློན་པོ་གོ་ཆོད་འདུག་ཟེར་ནས་ཅི་ཡང་མ་བརྗོད་པར་འདུག་ཅེས་པ་ལྟ་བུ་ནི་ཚིག་ལྷུག་ཡིན་མོད།  ང་ཚོས་ཀློག་པའི་སྐབས་སུ་ཚིག་གི་གཅོད་མཚམས་ནི་དབུགས་ཀྱི་རྒྱུ་བ་ལྟར་རང་བྱུང་དུ་ཐོན་པའི་ཚོར་བ་སྟེར་ཐུབ་ཅིང་།ལྷག་པར་ཟློས་སྒྲའི་མིང་དེ་དག་གིས་ཚིག་ཧྲིལ་བོའི་སྡེབ་སྦྱོར་ལ་ནུས་པ་ཆེན་པོ་ཐོན་པར་མ་ཟད།  སུམ་རྒྱལ་གའུ་རྒྱལ་མཚན་གྱིས་ཐོག་མར་གླིང་གི་ཚོང་འགྲུལ་བཅོམ་པའི་གནས་ཚུལ་གོ་ནས་ཧ་ཅང་ཁོང་ཁྲོ་བའི་རྣམ་འགྱུར་དང་།  དེ་ནས་རིན་ཆེན་ནོར་བུའི་དངོས་ཟོག་སྤུངས་པ་མཐོང་རྗེས་ཡིད་དགའ་བའི་རྣམ་པ།  དེ་ནས་ད་དུང་རང་གི་བུ་མོ་མ་རྙེད་པས་ཅུང་ཟད་འགྱོད་པའི་ཕྱིའི་ཉམས་དང་ནང་གི་འགྱུར་བ་སོགས་ཧ་ཅང་གསལ་བར་མཚོན་པར་ནུས་པ་ཆེན་པོ་ཐོན་ཡོད་དོ།།  
            གསུམ།  སྣང་བརྙན་ཇི་བཞིན་མཚོན་པ་མེ་ལོང་གཟུགས་སར་ལྟ་བུའི་ནུས་པ་ཐོན་པ།   སྤྱིར་གླིང་སྒྲུང་གི་མི་སྣའི་བྱུང་རིམ་ནི་ཧ་ཅང་གསལ་ཞིང་ཐ་ན་མི་རེ་རེའི་འགྲོ་འདུག་སྤྱོད་གསུམ་སོགས་དོན་དངོས་ལ་རབ་བཏགས་ཀྱི་ཚུལ་གྱིས་ཤིན་ཏུ་གསལ་བར་མཛད་པས་ཀློག་པ་བོ་དང་ཉན་པ་བོའི་མིག་ལམ་དུ་མི་སྣའི་སྣང་བརྙན་ཇི་བཞིན་ཤར་བའི་སྣང་བ་སྟེར་ཐུབ་པ་ནི་གླིང་སྒྲུང་གི་སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་ཡིན་ལ།  ལྷག་པར་ཟློས་སྒྲའི་མིང་སྣ་ཚོགས་དང་སྦྱར་ན་དེ་བས་ཀྱང་གསོན་ཉམས་ལྡན་པར་མཛད་ཡོད་སྟབས།  ད་བར་དུ་གླིང་སྒྲུང་འཛམ་གླིང་གི་ཡིག་རིགས་སྣ་ཚོགས་ལ་བསྒྱུར་མོད་མ་ཡིག་ལྟར་མི་སྣའི་སྣང་བརྙན་གསོན་ཉམས་ལྡན་པ་དེ་ལྟ་བུ་ཞིག་ཤིན་ཏུ་ཐོན་དཀའ་བའི་གནད་ཀྱང་ཟློས་སྒྲའི་མིང་གི་ཁྱད་ཆོས་ཕུན་སུམ་ཚོགས་པ་དེ་ལྟ་བུ་ཞིག་མི་རིགས་གཞན་གྱི་སྐད་ཡིག་ཏུ་ཐོན་དཀའ་བའི་སྟབས་ཀྱིས་ཡིན་ཏེ།  དཔེར་ན། 《སུམ་གླིང་གཡུལ་འགྱེད་》དུ།  ཉི་མ་དེ་ཡི་ནང་པར་སྐུ་མཁར་སེང་འབྲུག་གི་རྒྱ་ཕིབས་ལ་ཉི་མ་ཤར་བ་དང་མཉམ་དུ་གླིང་རྒྱལ་ཁག་ཁག་གི་རྐང་དམག་ཐང་ནག་འཁྱིལ་ལེ།  རྟ་དམག་རྨིག་རྡུལ་འཚུབས་སེ།  དམག་དཔོན་དགྲ་དར་ལྷབ་བེར་རྨ་དེལ་ཡག་སྟག་ཐང་ཁྲ་མོར་འཛོམས་པ་དང་།(31) ཞེས་པ་ལྟ་བུ་ལས་ཡུལ་དུས་ཧ་ཅང་གསལ་བར་མཛད་ཡོད་དེ།  ཡུལ་ནི་སྐུ་མཁར་སེང་འབྲུག་སྟག་རྩེ་དང་དུས་ནི་ཞོགས་པའི་ཉི་འོད་ཕོ་བྲང་གི་རྒྱ་ཕིབས་ལ་ཤར་བའི་སྐབས་ཡིན་པ་གསལ་བོར་བསྟན་ཅིང་།  རྐང་དམག་མང་པོ་འཛོམས་པ་ཐང་ནག་གི་ནགས་ཚལ་སྐྱེས་འདྲ་དང་།  རྟ་དམག་ཕྱོགས་བཞི་ནས་མཉམ་དུ་འཛོམས་པས་རྨིག་པའི་ས་རྡུལ་གྱིས་ནམ་མཁའ་གང་འདྲ།  དམག་དཔུང་སོ་སོས་རང་རང་གི་དགྲ་དར་སྣ་ཚོགས་བཙུགས་པས་བར་སྣང་གང་འདྲ་བྱས་པའི་ཉམས་དེ་དག་ཐང་ནག་འཁྱིལ་ལེ་ཞེས་པ་དང་།  རྨིག་རྡུལ་འཚུབས་སེ།  དགྲ་དར་ལྷབ་བེ་ཞེས་པ་སོགས་ཀྱིས་ལྷག་པར་གསོན་ཉམས་ལྡན་པར་བྱས་ཡོད་པ་ལྟ་བུ་དང་།  ཡང་སྒྲུང་དཔེ་དེར།  ཡོས་ཟླ་བའི་ཚེས་དགུར་དགྲ་ཕར་འདུལ་གྱི་སྐར་མ་ཤིན་ཏུ་བཟང་།  གླིང་གི་དཔའ་ལྷ་དང་བྱེ་བློན་ཆོས་འགྲུབ་གཉིས་ཀྱིས་ཧྲག་བསྡུས་རྟ་དམག་བརྒྱ་རེས་བསྐོར་ནས་རྦབ་རྒོད་འགྲིལ་བ་བཞིན་ཤར་དོམ་ཐང་ཐོག་རྒོད་ཀྱི་སྐར་དུ་རྒྱུགས།  གཡུ་ལྷ་དང་དུང་སྐྱོང་གཉིས་ཀྱིས་རྟ་དམག་བརྒྱ་རེས་བསྐོར་ནས་ལྷོ་ཉ་ཐང་ཕུང་བདུད་ཀྱི་སྒར་དུ་རྒྱུགས།   མཐིང་ཤོད་དང་གྲོང་མེད་གཤིན་བདུད་ནག་པོ་གཉིས་ཀྱིས་རྟ་དམག་བརྒྱ་རེས་བསྐོར་ནས་ནུབ་སྒར་ཐང་ཧ་རིའི་སྒར་དུ་རྒྱུགས།  སྟག་དམར་སྟོབས་ཆེན་དང་སྟག་བློན་ཞལ་དཀར་གཉིས་ཀྱིས་ཁས་ལེན་རྟ་དམག་བརྒྱ་རེས་བསྐོར་ནས་བྱང་ཐང་སེར་བྲེད་སྒར་དུ་རྒྱུགས་ནས་དཔའ་རྒོད་ངར་སྒྲས་ནམ་མཁའ་འུར་རུ་རུ།  རྟ་རྒོད་རྒྱུགས་སྒྲས་ས་གཞི་ཐལ་ལ་ལ།   གྲི་མཚོན་འགྲན་པས་མེ་ལྕེ་དམར་ལྷང་ལྷང་། མདའ་མཚོན་འཕངས་པས་ཤུར་སྒྲ་ཧུར་རུ་རུར་གནམ་ས་གཡོས་པ་ལྟ་བུ་བྱེད་པའི་དབུས་སེང་སྟག་ཨ་དོམ་གྱིས་སུམ་པའི་ཤར་སྒར་སྤྱང་རྒོད་ཀྱིས་ལུག་ཁྱུ་དཀྲུགས་འདྲ་ཞིག་བཟོ་བའི་སྐབས།(32)ཞེས་པ་ལྟ་བུ་ལས་སུམ་པའི་དམག་དང་གླིང་དམག་གིས་དམར་འཛིང་བྱེད་པའི་རྣམ་པ་གསལ་བོར་མཚོན་ཞིང་།  དེའི་ཁྲོད་ཀྱི་ཟློས་སྒྲའི་མིང་འུར་རུ་རུ་ཞེས་པ་དང་། ཐལ་ལ་ལ།  དམར་ལྷང་ལྷང་།  ཧུར་རུ་རུ་ཞེས་པ་སོགས་ཀྱིས་གཟུགས་དང་སྒྲའི་ཉམས་ཇི་མ་ཇི་བཞིན་དུ་མཚོན་ཡོད་སྟབས་ང་ཚོ་ཀློག་པ་བོ་གཡུལ་ས་དེར་དངོས་སུ་ཡོད་པ་ལྟ་བུའི་མྱོང་ཚོར་སྟེར་བ་རེད།  
            བཞི།  དཔེ་དོན་འདྲ་བར་སྟོན་པར་མཚུངས་པ་གསལ་བྱེད་ལྟ་བུའི་ནུས་པ།  གླིང་སྒྲུང་དུ་ཟློས་སྒྲའི་མིང་གིས་ཉམས་སྣ་ཚོགས་གསལ་བོར་མཚོན་པར་མ་ཟད།  དཔེ་དང་དཔེ་ཅན་འདྲ་བར་སྟོན་པའི་མཚུངས་པ་གསལ་བྱེད་ཀྱི་སྒྲ་ལྟ་བུའི་ནུས་པ་ཐོན་པ་མང་སྟེ།  དཔེར་ན།  《མངའ་རིས་གསེར་རྫོང་》དུ།  དམག་རྒོད་ཐོག་རྒོད་འབབ་འབབ་བྱོས།། དམག་སྐེད་གློག་དམར་འཚུབ་འཚུབ་གྱིས།། དམག་རྟིང་སེར་དྲག་འབབ་འབབ་གྱིས།། མདུང་བ་སྤྱང་མོ་འདུར་འདུར་གྱིས།། དཔའ་བོ་སྟག་མོ་མཆོང་མཆོང་གྱིས།།(33)  ཞེས་པ་ལྟ་བུ་ལས་དགྲ་ལ་མ་འཐབ་གོང་གྲ་སྒྲིག་བྱེད་པར་བཀའ་བཀོད་གནང་བ་ཞིག་ཡིན་ལ།  དམག་རྒོད་ཐོག་རྒོད་འབབ་འབབ་བྱོས་ཞེས་པའི་དོན་ནི་དམག་མི་རྒོད་པོ་རྣམས་གནམ་ནས་ཐོག་རྒོད་འབབ་པ་བཞིན་དུ་འབབ་དགོས་ཞེས་པ་དང་།  དམག་སྐེད་གློག་དམར་འཚུབ་འཚུབ་གྱིས་ཞེས་པ་ནི་དམག་སྐེད་གློག་དམར་འཚུབ་པ་བཞིན་དུ་འཚུབ་དགོས་ཞེས་པ་དང་།  དེ་བཞིན་དུ་དམག་རྟིང་སེར་དྲག་འབབ་པ་བཞིན་དུ་བོབ་ཅེས་པ་དང་མདུང་བ་སྤྱང་མོ་འདུར་བ་བཞིན་དུ་འདུར་དགོས་ཞེས་པ་སོགས་ཟློས་སྒྲའི་མིང་གིས་མཚུངས་པ་གསལ་བྱེད་ཀྱི་སྒྲའི་ནུས་པ་ཐོན་ཡོད།  ཡང་དཔེར་ན།  《བྱེ་རིའི་བྱུར་རྫོང་》དུ།  མཁྲིས་པ་གསེར་མཚོ་ཕྱུག་མོ་དེ།།  བྱིས་པས་འོ་མ་སྐྱུག་སྐྱུག་རེད།། མཆིན་པ་ཁྲག་གི་བྲག་རི་དེ།། རྡོ་གོར་མོས་ཚིལ་ཁུ་འཐུང་འཐུང་རེད།། ཕོ་བ་ཟས་སྐོམ་རྒྱ་མཚོ་དེ།།  དྲ་མིག་བྲེ་ཁ་གཞར་གཞར་རེད།།  རྒྱུ་མ་ཡུར་བ་ཆུ་འབབ་དེ།།  ཐག་ནག་ཐ་གུ་བསྒྲིལ་བསྒྲིལ་རེད།།  ལྒང་བུ་ཆུ་ཡི་རྐྱལ་བ་དེ།། རྫ་མ་ཆུ་ཡིས་བཀང་བཀང་རེད།། ནང་མི་བདེ་ན་ལུགས་དེ་འདྲ་གདའ།། ཕྱི་ཤ་ལྤགས་ཁྲག་ཐོག་སྤང་བཀབ་འདི།། ཚ་གྲང་མེ་ཆུ་འཐབ་འཐབ་རེད།། རྩིབ་ཆེན་གུར་དཀར་ཕུབ་ཡག་དེ།། གཟེར་ཆེན་རྡོ་ལུ་རྒྱག་རྒྱག་རེད།། རྩིབ་ཆུང་གུར་ཆུང་ཕུབ་འདྲ་དེ།། གཟེར་ཆུང་ཡུམ་མས་རྡུང་རྡུང་རེད།། ཕྱི་མི་བདེ་ན་ལུགས་དེ་འདྲ་གདའ།།བར་མི་བདེ་རྩ་ཡི་དྲ་བ་དེ།།  ཁྲག་རླུང་ལུང་ཆུ་འབབ་རེད།། ཟམ་ཐོག་མགྲོན་པོ་གཤར་གཤར་རེད།། རྒྱུ་སྟོད་རླུང་དམར་འཚུབ་འཚུབ་རེད།། རྒྱུ་སྨད་གླག་མོ་བཅུམ་བཅུམ་རེད།། ཐད་རྒྱུག་མདའ་མོ་བརྒྱངས་བརྒྱངས་རེད།།ཕྱི་རྩ་ཆེན་ཐོག་རྒོད་མཆེད་མཆེད་རེད།། ནང་རྩ་ཆུང་གྲུ་གུ་གཟེབ་གཟེབ་རེད།། བར་གྱི་ན་ལུགས་དེ་འདྲ་གདའ།།(34)ཞེས་དང་། ཡང་དཔེར་ན།  《ཧོར་གླིང་གཡུལ་འགྱེད་》དུ།  གུར་དཀར་འོ་མ་འཕྱུར་འཕྱུར་རེད།། གུར་ནག་ཆུ་ནག་ཁོལ་ཁོལ་རེད།། གུར་སེར་སྤང་མེ་མཆེད་མཆེད་རེད།།མགར་བ་གླག་མོ་བཅུམས་བཅུམས་རེད།།  ཤན་པ་རྦབ་གོད་འགྲིལ་འགྲིལ་རེད།། པཱ་དུར་གཡག་རྒོད་འདྲོགས་འདྲོགས་རེད།།(35) ཅེས་པ་སོགས་ཤིན་ཏུ་མང་ཞིང་། ཟློས་སྒྲའི་མིང་དེ་དག་ཕལ་ཆེར་བྱ་བའི་མིང་ཡིན་ལ་བྱ་བའི་མིང་སྔ་མ་དེ་དཔེ་ཡི་ཁྱད་ཆོས་ཡིན་ཞིང་གཞུག་མ་དེ་དཔེ་ཅན་གྱི་ཁྱད་ཆོས་སུ་འགྲོ་སྟེ།  གོང་གི་ཤན་པ་རྦབ་རྒོད་འགྲིལ་འགྲིལ་ཞེས་པ་ནི་ཤན་པ་རྦབ་རྒོད་འགྲིལ་བ་བཞིན་དུ་འགྲིལ་བ་སྟེ་རྒྱུག་ཅིང་མཆོང་བའི་དོན་དུ་གོ་དགོས་པ་ལྟ་བུའོ། །     མཇུག་བསྡུ་བའི་གཏམ།
            གླིང་གི་སར་རྒྱལ་པོའི་སྒྲུང་གི་རྗོད་བྱེད་ཚིག་གི་ཁྱད་ཆོས་སུ་ཟློས་སྒྲའི་མིང་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཞིག་མཆིས་པ་ནི་མི་རིགས་གཞན་གྱི་སྐད་དུ་ཅུང་ཉུང་ཞིང་བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ཡིན།  འཛམ་གླིང་ན་སྙན་གྲགས་ཀྱི་བ་དན་དགུང་དུ་གཡོ་བའི་གླིང་གི་སར་རྒྱལ་པོའི་སྒྲུང་གི་ཚིག་ཉམས་ཕུན་སུམ་ཚོགས་པ་དེ་དག་ཇི་མ་ཇི་བཞིན་དུ།  མི་རིགས་གཞན་གྱི་སྐད་དུ་བསྒྱུར་མི་ཐུབ་པ་དང་གློག་བརྙན་སོགས་སུ་ཕབ་དཀའ་བའང་གནད་འདི་ལྟ་བུ་ལ་ཐུག་པས་ཡིན་སྙམ།  དེ་བས་ང་ཚོས་བོད་སྐད་ཀྱི་ཟློས་སྒྲའི་མིང་གི་གྲུབ་ཚུལ་གྱི་ཆོས་ཉིད་དང་རིགས།  ཁྱད་ཆོས་དང་ནུས་པ།  ཚིག་ཏུ་སྦྱོར་སྲོལ་སོགས་ལ་སྦྱོང་བ་དང་ཞིབ་འཇུག་ཡང་དག་པ་བྱས་ཏེ།  བོད་སྐད་ཀྱི་ཁྱད་ཆོས་འདི་ལྟ་བུ་རྣམས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གཏོང་དགོས་ཤིང་།  མ་འོངས་པར་ཟློས་སྒྲའི་མིང་གི་རྣམ་པ་འདི་དག་བརྡ་སྤྲོད་རིག་པ་དང་སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་མ་ལག་ཤིག་ཏུ་འགྲུབ་པར་འབད་བརྩོན་ལྷོད་མེད་བྱ་དགོས།  མཇུག་ཏུ་ཕྲན་ཆུང་ང་ཚོ་ལ་མཚོན་ན་སྐྱེས་སྟོབས་ཀྱི་ཤེས་རབ་ཆུང་ལ་སྦྱངས་སྟོབས་ཀྱི་ཡོན་ཏན་ཞན་ཞིང་།  གླིང་གི་སར་རྒྱལ་པོའི་སྒྲུང་ལ་ཞིབ་འཇུག་བྱེད་པའི་དུས་ཚོད་ཐུང་ལ་ཉམས་མྱོང་མེད་པ་སོགས་ཀྱི་རྐྱེན་གྱིས།  གི་སར་སྒྲུང་གི་བརྗོད་བྱ་དང་རྗོད་བྱེད་ཚིག་གི་ཁྱད་ཆོས་མཐའ་ཡས་པ་དེ་དག་རེ་རེ་བཞིན་དུ་བརྗོད་མི་ཐུབ་ཅིང་།  ཐ་ན་ཟློས་སྒྲའི་མིང་གི་ཁྱད་ཆོས་ཙམ་བརྗོད་པའི་སྐབས་སུའང་ནོར་འཁྲུལ་མི་ཉུང་བ་ཞིག་འབྱུང་སྲིད་སྟབས།  ཁྱེད་ཅག་གཟུར་གནས་མཁས་པ་རྣམས་ཀྱིས་ལེགས་བཅོས་དང་དགོངས་འཆར་ཡང་ཡང་གནང་བར་མཁྱེན་ནོ།།
མཆན་འགྲེལ།
            ①降边加措   《格萨尔王传》 研究文集  四川民族出版社  1986年8月  第210页。  
            ②③《འཛམ་གླིང་སྤྱི་བསང་》དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས་ཤིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1980ལོའི་ཟླ་9པར་དཔར་བ། ཤོག་ངོས་191、  80ན་གསལ།   
            ④《དག་ཡིག་རིག་པའི་གབ་པ་མངོན་ཕྱུང་》དཔའ་རིས་སངས་རྒྱས་ཀྱིས་བརྩམས་ཤིང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ l999ལོའི་ཟླ་12པར་དཔར་བ།  ཤོག་ངོས་473ན་གསལ། 
            ⑤《སུམ་གླིང་གཡུལ་འགྱེད་》(སུམ་པ་མཛོ་རྫོང)མི་རིགས་དཔེ་སྐྲུན་ཁང་གིས་1982ལོའི་ཟླ7པར་དཔར་བ། ཤོག་ངོས་80ན་གསལ།   
            ⑥《བྱེ་རིའི་བྱུར་རྫོང་》མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་ཞིབ་འཇུག་ཚོགས་པས་འཚོལ་བསྡུ་བྱས།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1983ལོའི་ཟླ་ l2པར་དཔར་བ། ཤོག་ངོས་412ན་གསལ།   
            ⑦འདིའི་སྐོར2oloལོའི་《དམངས་ཚོགས་སྒྱུ་རྩལ་》དེབ་གཉིས་པའི་དངོས་སུ་བཀོད་ཟིན་པས་དེར་གཟིགས་པར་འཚལ།   ⑧《བརྡ་སྤྲོད་གསལ་བྱེད་ངག་སྒྲོན་》དཔའ་རིས་སངས་རྒྱས་ཀྱིས་བརྩམས་ཤིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ l998ལོའི་ཟླ་9པར་དཔར་བ། ཤོག་ངོས་2oན་གསལ།   
            ⑨《བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་》ལྕགས་ཐར་རྒྱལ་གྱིས་བརྩམས་ཤིང་།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་200oལོའི་ཟླ་9པར་དཔར་བ།  ཤོག་ངོས་135ན་གསལ།   
            ⑩《བྱེ་རིའི་བྱུར་རྫོང་》མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་ཞིབ་འཇུག་ཚོགས་པས་འཚོལ་བསྡུ་བྱས།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1983ལོའི་ཟླ་12པར་དཔར་བ། ཤོག་ངོས་313ན་གསལ།   
            ⑾《རྟ་རྒྱུག་ནོར་བུ་ཆ་བདུན་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1980ལོའི་ཟླ9པར་དཔར་བ། ཤོག་ངོས་208ན་གསལ།
            ⑿⒀《ལྷ་གླིང་གབ་ཙེ་དགུ་སྐོར་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1982ལོའི་ཟླ་3པར་དཔར་བ། ཤོག་ངོས་124དང་132དང་207ན་གསལ།
            ⒁《ལྷ་གླིང་གབ་ཙེ་དགུ་སྐོར་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ 1982ལོའི་ཟླ་3པར་དཔར་བ། ཤོག་ངོས་38ན་གསལ།⒂《མངའ་རིས་གསེར་རྫོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ 1981ལོའི་ཟླ་8པར་དཔར་བ། ཤོག་ངོས་30དང་30ན་གསལ།   
            (16)《ལྷ་གླིང་གབ་ཙེ་དགུ་སྐོར་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1982ལོའི་ཟླ་3པར་དཔར་བ། ཤོག་ངོས་ l loདང་ 132ན་གསལ།   
            (17)《མངའ་རིས་གསེར་རྫོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1981ལོའི་ཟླ་8པར་དཔར་བ། ཤོག་ངོས་30དང་164ན་གསལ།   
            (18)《ཟློས་སྒྲའི་ཚིག་མཛོད་》མགོན་པོ་དབང་རྒྱལ་གྱིས་བསྒྲིགས་ཤིང་། མི་རིགས་དཔེ་སྐྲུན་ཁང་གིས་2004ལོའི་ཟླ་2པར་དཔར་བ། ཤོག་ངོས་142ན་གསལ།   
            (19)《སྡེབ་སྦྱོར་རིག་པའི་སྲོལ་འབྱེད་དབྱངས་ཅན་ངག་གི་རོལ་མཚོ་》དཔའ་རིས་སངས་རྒྱས་ཀྱིས་བརྩམས་ཤིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1994ལོའི་ཟླ་6པར་དཔར་བ། ཤོག་ངོས28ན་གསལ། 
            (20)《འཛམ་གླིང་སྤྱི་བསང་》དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས་ཤིང་། ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་གིས་ l980ལོའི་ཟླ་9པར་དཔར་བ། ཤོག་ངོས་129ན་གསལ།  
            (21)《ཧོར་གླིང་གཡུལ་འགྱེད་》(སྟོད་ཆ) མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པས་བསྒྲིགས་ཤིང་།  1962ལོའི་ཟླ་6པར་དཔར་བ།  ཤོག་ངོས་119དང་119ན་གསལ།  
            (22)《ལྷ་གླིང་གབ་ཙེ་དགུ་སྐོར་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1982ལོའི་ཟླ་1པར་དཔར་བ། ཤོག་ངོས་137ན་གསལ།
            (23)《ཧོར་གླིང་གཡུལ་འགྱེད་》(སྟོད་ཆ་)མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པས་བསྒྲིགས་ཤིང་། །1962ལོའི་ཟླ་6པར་དཔར་བ། ཤོག་ངོས་140ན་གསལ།
            (24)《འཛམ་གླིང་སྤྱི་བསང་》དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས་ཤིང་། ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་གིས་1910ལོའི་ཟླ་9པར་དཔར་བ། ཤོག་ངོས་67ན་གསལ། 
            (25)(26)《ཧོར་གླིང་གཡུལ་འགྱེད་》(སྟོད་ཆ)མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པས་བསྒྲིགས་ཤིང་། 1962ལོའི་ཟླ་6པར་དཔར་བ། ཤོག་ངོས་151、 95ན་གསལ།   
            (26)《བྱེ་རིའི་བྱུར་རྫོང》མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་ཞིབ་འཇུག་ཚོགས་པས་འཚོལ་བསྡུ་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1983ལོའི་ཟླ་12 པར་དཔར་བ། ཤོག་ངོས་319ན་གསལ།   
            (27)《འཛམ་གླིང་སྤྱི་བསང་》དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས་ཤིང་། ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་གིས་1980ལོའི་ཟླ་9པར་དཔར་བ། ཤོག་ངོས་79ན་གསལ།
            (28)(29)《མངའ་རིས་གསེར་རྫོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་1981ལོའི་ཟླ་8པར་དཔར་བ། ཤོག་ངོས་207、 73ན་གསལ།
            (30)《སུམ་གླིང་གཡུལ་འགྱེད་》(སུམ་པ་མཛོ་རྫོང་)མི་རིགས་དཔེ་སྐྲུན་ཁང་གིས་1982ལོའི་ཟླ་7པར་དཔར་བ། ཤོག་ངོས་59ན་གསལ།   
            (31)《སུམ་གླིང་གཡུལ་འགྱེད་》(སུམ་པ་མཛོ་རྫོང་)མི་རིགས་དཔེ་སྐྲུན་ཁང་གིས1982ལོའི་ཟླ་7པར་དཔར་བ། ཤོག་ངོས་80ན་གསལ།
            (32)《མངའ་རིས་གསེར་རྫོང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ 1981ལོའི་ཟླ་8པར་དཔར་བ། ཤོག་ངོས་29ན་གསལ།   (33)《བྱེ་རིའི་བྱུར་རྫོང་》མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་ཞིབ་འཇུག་ཚོགས་པས་འཚོལ་བསྡུ་བྱས།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1983ལོའི་ཟླ་12པར་དཔར་བ། ཤོག་ངོས་54ན་གསལ།
            (34)《ཧོར་གླིང་གཡུལ་འགྱེད་》(སྟོད་ཆ)མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པས་བསྒྲིགས་ཤིང་། །1962ལོའི་ཟླ་6པར་དཔར་བ། ཤོག་ངོས་51ན་གསལ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1