སི་ཁྲོན་ཞིང་ཆེན་གྱིས་ཕྱུགས་སྐྱུར་རྩྭ་སྲུང་ལས་གཞི་མུའུ་ཁྲི181དབུལ་ཕོངས་རྫོང19ལ་གཤམ་སྤྲོད་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-20


        ཟླ5བའི་ཚེས13ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་སི་ཁྲོན་ཞིང་ཆེན་གྱིས་ཕྱུགས་སྐྱུར་རྩྭ་སྲུང་ལས་གཞི་མུའུ་ཁྲི181བཀོད་སྒྲིག་བྱས་ཏེ་སི་ཁྲོན་ནུབ་ཕྱོགས་ཀྱི་མཐོ་སྒང་དང་ལིའང་ཧྲན་ཆེ་ཆུང་ས་ཁུལ་གྱི་དབུལ་ཕོངས་རྫོང19ལ་གཤམ་སྤྲོད་བྱ་རྒྱུ་ཡིན་ལ། ལས་གཞི་འགན་ལེན་ཏན་ཏིག་སྒོས་ལག་བསྟར་བྱ་ཆེད་ཀྲུང་དབྱང་ནོར་སྲིད་ཀྱིས་ཆ་སྡེབ་མ་དངུལ་སྒོར་དུང་ཕྱུར1.57གཏོང་རྒྱུ་རེད།
        ད་ལོའི་ཕྱུགས་སྐྱུར་རྩྭ་སྲུང་ལས་གཞི་ནང་རྩྭ་ཐང་ལྕགས་ར་འཛུགས་སྐྲུན་དང་། ཞན་འགྱུར་རྩྭ་ཐང་ལེགས་བཅོས། རྩྭ་འདེབས་པ། ས་ནག་ཐང་ལེགས་བཅོས། གནོད་སྐྱོན་དུག་རྩྭ་དོ་དམ་སོགས་ཕྱོགས་ལྔ་འདུས་ཤིང་། དེའི་ནང་ཞན་འགྱུར་རྩྭ་ཐང་ལེགས་བཅོས་ཀྱི་རྒྱ་ཁྱོན་མུའུ་ཁྲི81ལ་སླེབས་ཡོད།
        ས་ཁོངས་ཀྱི་ངོས་ནས་བལྟས་ན་ད་ལོའི་ཕྱུགས་སྐྱུར་རྩྭ་སྲུང་ལས་གཞིའི་ལག་བསྟར་བྱེད་ས་དཀར་མཛེས་ཁུལ་དང་། རྔ་བ་ཁུལ། ལིའང་ཧྲན་ཁུལ་བཅས་ཀྱི་རྫོང19ནས་སྤེལ་རྒྱུ་ཡིན་པ་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བས་བཤད་རྒྱུར། འདི་ནི་ལོ་མང་པོར་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱས་ནས་ཐོན་པའི་མཇུག་འབྲས་ཡིན་ལ། ཞིང་ཆེན་ཡོངས་སུ་རྩྭ་ཐང་ཞན་འགྱུར་ཁུལ་དང་དབུལ་འགྱུར་ཁུལ་གྱི་ཚབས་ཅུང་ཆེ་བས། ཕྱུགས་སྐྱུར་རྩྭ་སྲུང་ལས་གཞི་ལག་བསྟར་བྱས་ན་ཞན་འགྱུར་རྩྭ་ཐང་ཉམས་གསོ་བྱེད་ཐུབ་པ་མ་ཟད། ད་དུང་ལས་གཞི་དོ་དམ་དང་བདག་གཉེར་གོ་རིམ་ཁྲོད་རོང་འབྲོག་མང་ཚོགས་རྣམས་ལས་ཞུགས་བྱེད་ཐུབ་པ་དང་ཡོང་སྒོ་ཇེ་མང་དུའང་འགྲོ་ཐུབ་པ་རེད།
        བསྡོམས་རྩིས་བྱས་པ་ལྟར་ན། སི་ཁྲོན་ཞིང་ཆེན་གྱི་ད་ལྟའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་དུང་ཕྱུར3.13ལ་སླེབས་ཡོད་པ་དང་། དེའི་ནང་རྩྭ་ས་མུའུ་དུང་ཕྱུར1.54 ཞན་འགྱུར་དུ་འགྲོ་བཞིན་ཡོད་ལ། 2003ལོ་ནས་བཟུང་ཞིང་ཆེན་གྱིས་ཕྱུགས་སྐྱུར་རྩྭ་སྲུང་ལས་གཞི་སྤེལ་འགོ་བརྩམས་པ་དང་། རྩྭ་ཐང་སྐྱེ་ཁམས་ཀྱི་ནུས་པ་སླར་གསོ་བྱེད་པར་དམིགས་ཏེ་ད་ལྟའི་བར་མུའུ་དུང་ཕྱུར1.4ཡན་ལག་བསྟར་བྱས་ཟིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1