༄༅།། པཎྚི་ཏ་བློ་བཟང་ཤེས་རབ་མཚན་ཅན་གསུམ་དང་དེ་དག་གིས་བོད་ཀྱི་མཛེས་རྩལ་རི་མོའི་ཐད་ལ་མཛད་རྗེས་བཞག་ཚུལ་རོབ་ཙམ་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 05-20


ཚངས་དབང་དགེ་འདུན་བསྟན་པ།

          གཅིག སྒ་རུ་པཎྚི་ཏ་བློ་བཟང་ཤེས་རབ་དང་ཁོང་གི་མཛེས་རྩལ་རི་མོའི་སྐོར། 
          སྒ་རུ་པཎྚི་ཏ་བློ་བཟང་ཤེས་རབ་ནི་(ཕལ་ཆེར་སྤྱི་ལོ་1672-1750བར་)བོད་ཀྱི་རླབས་ཆེ་བའི་མཛེས་རྩལ་རི་མོ་པ་ཞིག་ཡིན། ཁོང་ཉིད་རབ་བྱུང་བཅུ་གཅིག་པའི་དུས་སྨད་དུ་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཀྱི་ནང་གསེས་ཆུ་མ་ཞེས་པའི་གྲོང་སྡེ་རུ། རུས་སྒ་ཅན་གྱི་ཁྱིམ་རྒྱུད་དུ་འཁྲུངས། དགུང་ལོ་ཆུང་དུས་ནས་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་ཤེས་རབ་ཅེས་བཏགས། སྟེང་གི་གཞི་མ་དགོན་དུ་ཀློག་སློབ་བཞིན་པའི་སྐབས་ཤིག་ལ། རྗེ་སྔགས་འཆང་རིན་པོ་ཆེ་འཇམ་དབྱངས་བློ་གྲོས་ཞེས་བྲིས་འབུལ་གཉིས་ལ་ཤིན་ཏུ་མཁས་པར་གྲགས་པ་གང་གི་མཚན་སྙན་ཐོས་པས། ཁོང་གི་ཞབས་ལ་གཏུག་སྟེ་སློབ་དཔོན་དུ་བསྟེན། སྤྱིར་རྗེ་སྔགས་འཆང་རིན་པོ་ཆེ་ནི་མདོ་དབུས་ཁམས་གསུམ་དུ་དགེ་བའི་བཤེས་གཉེན་སུམ་ཅུ་ལྷག་ཅིག་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་ཡང་རྩེར་སོན་ཞིང་། ཁྱད་པར་དུ་རྒྱུད་སྡེ་དང་བྲིས་འབུར་སོགས་ལ་ཧ་ཅང་མཁས་པས་ལྔ་པ་ཆེན་པོའི་བཀའ་ལྟར། ལྕང་སྐྱ་རིན་པོ་ཆེ་དང་འཇམ་དབྱངས་བཞད་པ་ཁོང་རྣམ་པ་གཉིས་དང་ལྷན་དུ་རྒྱུད་སྡེ་ཐམས་ཅད་ལ་དག་ཐེར་མཛད་པ་དང་། ཕོ་བྲང་པོ་ཏ་ལ་སོགས་ཀྱི་ལྡེབས་རིས་འབྲི་མཁན་སྤྲུལ་སྐུ་ལྷ་ལག་པ་བཅས་ལ་ཐུགས་བཀོད་གནང་མྱོང་བའི་མཛད་རྗེས་ཆེ་བར་གྲགས། ཁོང་སྨན་མཁྱེན་ཟུང་ལུགས་ལ་མཁས་པར་མ་ཟད་འབུར་ལུགས་སོགས་ལའང་མཁས་པའི་ཕྱག་རྗེས་མདོ་དབུས་ཁམས་གསུམ་ན་དར་ཁྱབ་ཆེ། རྗེས་སུ་ཁོང་གི་འབྲི་ལུགས་ལ་སྨན་མཁྱེན་འདྲེས་མའི་ལུགས་ཞེས་གྲགས་ཤིང་། ད་ལྟ་རེབ་གོང་སྒྱུ་རྩལ་ཞེས་འཛམ་གླིང་ཀུན་ཏུ་མཚན་སྙན་རྒྱས་ཡོད་པ་དེའི་རྨང་འདིང་མཁན་ཡང་རྗེ་འདི་ཉིད་ཡིན་འདུག ཁོང་ལ་རིག་གནས་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པའི་སློབ་མ་བགྲང་ལས་འདས་ཀྱང་། ལྷ་རིས་སྒྱུ་རྩལ་ལ་མཁས་པའི་སློབ་མ་ཉི་ཟླ་ཟུང་སྟེ། སྒ་རུ་པཎྚི་ཏ་བློ་བཟང་ཤེས་རབ་ནི་ཉི་མ་ལྟ་བུ་དང་བསོད་ནམས་དར་རྒྱས་ནི་ཟླ་བ་ལྟ་བུ་གྲགས་སོ། ། སྒ་རུ་པཎྚི་ཏས་རྗེ་སྔགས་འཆང་རིན་པོ་ཆེའི་དྲུང་ནས་སུམ་རྟགས་དག་གསུམ་དང་སྒྲ་སྙན་སྨན་རྩིས། གཞུང་བཀའ་པོད་ལྔ་ལ་སོགས་པར་རིམ་གྱིས་སྦྱངས་ཏེ་མཁས་པར་གྱུར་ཅིང་། སྐོས་སུ་ལྷ་རིས་སྒྱུ་རྩལ་དང་སྙན་ངག་ལ་ཤིན་ཏུ་མཁས་པས་སྔགས་འཆང་རིན་པོ་ཆེའི་ཐུགས་སྲས་གཅིག་པུར་གྱུར། རྗེས་སུ་རྗེ་སྔགས་འཆང་རིན་པོ་ཆེའི་རང་རྣམ་ཡང་སྒ་རུ་པཎྚི་ཏས་མཛད་དོ། །
          སྐབས་དེར་རེབ་གོང་ཡུལ་དུ་ཤར་སྐལ་ལྡན་རྒྱ་མཚོས་རོང་པོ་དགོན་པར་མཚན་ཉིད་གྲྭ་ཚང་བཙུགས་ཏེ། གྲྭ་ཚང་འདུ་ཁང་ཆེན་མོ་སོགས་གསར་བཞེངས་བྱེད་བཞིན་པའི་སྒང་ཡིན་ཞིང་། སྔགས་འཆང་ཚང་གིས་གཡེར་གཤོང་བསམ་གཏན་གླིང་ཕྱག་འདེབས་མཛད་པ་སོགས་རེབ་གོང་ཡུལ་དུ་ཆོས་ལུགས་དང་རིག་གནས། སྒྱུ་རྩལ། ཁང་བཟོ་འཛུགས་སྐྲུན་སོགས་ཕྱོགས་གང་ཐད་ནས་དར་རྒྱས་སུ་འགྲོ་བཞིན་པའི་དུས་ཡིན་ལ། རྗེ་སྔགས་འཆང་རིན་པོ་ཆེས་ཐུགས་བཀོད་གནང་བ་ལྟར། རོང་བོ་གྲྭ་ཚང་གི་འདུ་ཁང་ཆེན་མོའི་ཤིང་ཚོན་རྒྱན་རིས་དང་། ལྡེབས་རིས། ཐང་ག  འབག་བཟོ། གསེར་རྩི་གཏོང་བ་སོགས་ཀྱི་ལས་འགན་ཡོངས་རྫོགས་སྒ་རུ་པཎྚི་ཏའི་ཕྲག་ལ་བབས་ཏེ། རོང་བོ་གྲྭ་ཚང་གི་འདུ་ཁང་ཆེན་མོའི་རྒྱ་མཐོངས་ཁའི་ལྡེབས་རིས་ལམ་རིམ་བླ་མ་ཆ་ཚང་སྒ་རུ་ཚང་དང་བསོད་ནམས་དར་རྒྱས་གཉིས་ཀྱིས་བྲིས་ཤིང་། བར་སྐབས་ཤིག་ལ་བིས་མདོ་དགོན་ཆེན་གྱིས་གདན་དྲངས་པ་ལྟར་དགོན་འདི་གའི་བྱམས་ཁང་གི་ཕྱི་སྐོར་ཁྱམས་ཀྱི་ཚེ་དཔག་མེད་ཀྱི་སྟོང་སྐུ་ཡང་སྒ་རུ་ཚང་དང་བསོད་ནམས་དར་རྒྱས་གཉིས་ཀྱིས་སྒྱུ་རྩལ་གྱི་འགྲན་བཙུགས་ཏེ་བྲིས་པའི་མཛེས་རྩལ་རི་མོ་མང་དུ་མཆིས་ཀྱང་དེང་སང་ཡོད་མེད་མ་ངེས། ཏཱ་ལའི་བླ་མ་སྐལ་བཟང་རྒྱ་མཚོས་རྗེ་སྔགས་འཆང་ཚང་ལ་བསྩལ་བའི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་སུ་བཞེངས་པའི་འཕགས་པ་གནས་བརྟན་བཅུ་དྲུག་གི་རྟོགས་བརྗོད་དང་འབྲེལ་བའི་ཞལ་ཐང་ཡིད་བཞིན་དབང་གི་རྒྱལ་པོ་ཞལ་གྲངས་བཅུ་གཅིག་དང་ལྡན་པ་ཞིག་མཆིས་པ་དེའི་ཚོན་མདངས་དག་ཅིང་གཙང་ལ། སྐུ་གཟུགས་གསོན་ཉམས་ལྡན་པ་བཅས་འབུར་དུ་ཐོན་པའི་ཁྱད་ཆོས་དང་ལྡན་པས། སྔགས་འཆང་རིན་པོ་ཆེས་སྒ་རུ་ཚང་ལ་གང་མྱུར་གྱིས་མ་ཕྱི་ལེན་དགོས་པའི་བསླབ་བྱ་གནང་བ་ལྟར། སྒ་རུ་ཚང་གིས་ཞལ་ཐང་དེ་དག་ལ་འདྲ་བཤུ་དང་ལད་འབྲི་གནང་སྟེ་མ་དཔེ་བླངས། སྒ་རུ་པཎྚི་ཏས་སྔོན་གྱི་མཛེས་རྩལ་རི་མོ་པ་རྣམས་ཀྱིས་བྲིས་པའི་རི་མོ་ཞིག་ཡུལ་གང་ཞིག་ཏུ་ཡོད་པ་ཐོས་ཚེ། རང་གི་དཀའ་ཚེགས་དང་སྡུག་བསྔལ་ལ་མ་འཛེམ་པར་རྐང་ཐང་བརྒྱུད་དེ། དེ་དག་ལ་ཞིབ་འཇུག་དང་འདྲ་བཤུས། ལད་འབྲི་དང་དཔྱད་འཇོག་བྱེད་པར་ཧ་ཅང་མཉེས་ཤིང་། སྔར་ལྭ་མོ་བདེ་ཆེན་དགོན་དུ་གནས་བཅུའི་ཞལ་ཐང་རྣམ་ཐར་ཆེས་ཁྱད་པར་དུ་འཕགས་པ་ཞིག་བཞུགས་པ་རྗེ་སྔགས་འཆང་རིན་པོ་ཆེའི་ཞལ་སྔ་ནས་ཐོས་པ་ལྟར། དེར་རྐང་ཐང་ལ་ཕྱིན་ཏེ་གནས་བཅུའི་ཞལ་ཐང་དེ་ཇི་མ་ཇི་བཞིན་དུ་ཤོག་གུ་སྟེང་དུ་སྐྱ་རིས་ཕབ་སྟེ། དགུན་ཟླ་གསུམ་ལ་སྒ་རུ་ཚང་དང་བསོད་ནམས་དར་རྒྱས་གཉིས་ཀྱིས་རྩལ་སྤྲུགས་ཀྱིས་སྐྱ་རིས་རྣམས་ལེགས་པར་བྲིས་ཤིང་། དེ་ནས་གནས་བཅུའི་གཙོ་སྐུ་ཐུབ་པ་ཆེན་པོའི་སྐྱ་རིས་དང་ཚོན་ཆེན། ཚོན་མདངས། བཅད་རིས། གསེར་བྲིས་དང་བཅས་པ་ཁོང་གཅིག་པུས་བྲིས་ཤིང་། གཞན་རྣམས་ཁོང་གི་སློབ་གྲོགས་ཚོས་ཐུན་མོང་དུ་བྲིས་ཤིང་གྲུབ་པ་དེ་འདྲ་ཞིག་མདོ་དབུས་ཁམས་གསུམ་གང་དུ་བཙལ་ཀྱང་ཤིན་ཏུ་རྙེད་པར་དཀའ་ཞིང་འགྲན་པའི་ཟླ་དང་བྲལ་བ་དེ་དག་དེང་སང་གཡེར་གཤོང་བསམ་གཏན་གླིང་དུ་བཞུགས་པར་གྲགས། 
          གོང་གི་དེ་དག་སྒ་རུ་པཎྚི་ཏ་བློ་བཟང་ཤེས་རབ་ཀྱི་ཚབ་མཚོན་རང་བཞིན་གྱི་སྒྱུ་རྩལ་ཁག་ཡིན་ལ། དུས་སྐབས་དེར་མཚོན་ན་བོད་ཀྱི་དགོན་སྡེ་ཁག་ནི་བོད་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་བང་མཛོད་དང་ཞིབ་འཇུག་བྱེད་སའི་ལྟེ་གནས་ལྟ་བུར་གྱུར་ཡོད་པ་དུང་དཀར་རིན་པོ་ཆེ་ནས། “སངས་རྒྱས་ཆོས་ལུགས་ཕྱི་དར་འགོ་ཚུགས་པ་ནས་བོད་ཞི་བའི་བཅིངས་འགྲོལ་མ་ཐོབ་བར་དུ་ཆོས་ལུགས་དང་རིག་གནས་སློབ་སྦྱོང་བྱེད་པའི་ལྟེ་གནས་ནི། དགོན་པ་ཁག་ཡིན་ཅིང་། དགོན་པ་ཆེན་པོའི་ནང་དུ་རིག་གནས་སློབ་སྦྱོང་གི་ཆེད་ལས་གྲྭ་ཚང་ཟུར་དུ་(ནང་དོན་རིག་པ། གསོ་བ་རིག་པ། སྒྱུ་རྩལ་རིག་པ་སོགས་)བཙུགས་པ་དེས་རིག་གནས་སློབ་སྦྱོང་བྱེད་འདོད་ཡོད་པའི་བློ་གསལ་དོན་གཉེར་ཅན་རྣམས་ལ་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་པ་མ་ཟད། ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་བའི་གནས་གཞི་བརྟན་པོ་འཛུགས་ཐུབ་པ་བྱུང་ཡོད་”ཅེས་གསུངས་པ་ནི་གཟུ་བོར་གནས་པའི་གཏམ་མོ། ། རྗེ་སྔགས་འཆང་རིན་པོ་ཆེས་རས་གཞི་སྟེང་ལ་དཔལ་ལྡན་དམག་ཟོར་མའི་སྐྱ་རིས་རགས་བྲིས་ཤིག་ཕབ་ཡོད་པ་དེར་སྒ་རུ་པཎྚི་ཏས་ཚོན་ཆེན་དང་བཅད་རིས། གསེར་བྲིས་དང་བཅས་པ་ལེགས་པར་བཀོད་ནས་གྲུབ་པའི་མཚན་མོ་དེར་བླ་མ་སྔགས་འཆང་རིན་པོ་ཆེའི་མཚན་ལམ་དུ། ལྕང་སྐྱ་རྡོ་རྗེ་འཆང་གིས་ལྷ་མོ་ཐང་ག་དེ་རབ་གནས་མཛད་བྱུང་བ་རྨིས་པས། ཕྱིན་ཆད་རབ་གནས་མཛད་མི་དགོས་གསུངས་པར་གྲགས། སྐབས་དེར་མདོ་སྨད་ཡུལ་དུ་སྒ་རུ་པཎྚི་ཏ་ལྟ་བུ་ལྷ་རིས་སྒྱུ་རྩལ་པ་ཞིག་མ་བྱུང་པར་གྲགས། ཁོང་གི་སློབ་དཔོན་སྔགས་འཆང་རིན་པོ་ཆེ་ཉིད་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྗེ་འཇམ་དབྱངས་བཞད་པར་མཇལ་སྐབས། རྗེ་འཇམ་དབྱངས་བཞད་པས་མི་ཏྲ་བརྒྱ་རྩའི་དཀྱིལ་འཁོར་རྣམས་བྲིས་པ་ཤིན་ཏུ་ལེགས། ང་ལ་ཡང་དེ་འདྲ་ཞིག་འབྲི་རྒྱུའི་འདུན་པ་བདོག་པས། ཁོམ་ལོངས་བྱུང་ན། ཁྱེད་ཀྱི་ལྷ་བཟོ་མཁས་པ་དེ་ང་ལ་གནང་དགོས་ཞེས་གདེང་འཇོག་མཐོན་པོར་གནང་། སྒ་རུ་པཎྚི་ཏའི་ལྷ་རིས་འབྲི་སྟངས་ནི་སྨན་གསར་ལུགས་ཡིན་པ་ཁོང་རང་གི་ཞལ་ནས། སྔོན་བྱོན་མཁས་དབང་སྨན་བླ་དོན་གྲུབ་དང་། ། དེང་དུས་ཁོ་བོ་པྲཛྙྰའི་མིང་ཅན་གྱིས། ། བགྱིས་པའི་སྣང་བཪྙན་ཀུན་མཁྱེན་ཚད་མ་ཡིས། ། གཞལ་ཀྱང་བྱེད་པོ་ལས་གཞན་དབྱེ་བ་དཀའ། ། འོན་ཀྱང་འཇམ་དབྱངས་རྣམ་སྤྲུལ་སྨན་ཐང་བའི། ། རྣམ་དག་རིང་ལུགས་འཛིན་པ་བདག་ལ་རག་ཞེས་པ་ལྟར་རང་ཉིད་སྨན་ཐང་པ་དང་མཚུངས་ཤིང་དེའི་ལུགས་འཛིན་ཡིན་པར་བཞེད་ཀྱང་། ཁོང་གི་སློབ་དཔོན་སྔགས་འཆང་རིན་པོ་ཆེའི་འབྲི་ལུགས་སྨན་མཁྱེན་འདྲེས་མའི་ལུགས་ཡིན་པ། དེང་སང་བཞུགས་པའི་ཁོང་གི་ཕྱག་བྲིས་དངོས་སྒོ་དམར་དགོན་པའི་འདུ་ཁང་གི་རྒྱ་མཐོངས་ཁའི་ལྡེབས་རིས་རྣམས་དང་། གཡེར་གཤོང་དགོན་དུ་བཞུགས་པའི་འཇམ་དབྱངས་ཀུན་གཟིགས་གསེར་ཐང་དང་བྱམས་པ་གསེར་ཐང་སོགས་1994ལོར་མཚོ་སྔོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་དང་། མཚོ་སྔོན་ཐུན་རིན་རྫོང་མི་དམངས་སྲིད་གཞུང་གིས་བསྒྲིགས་ཤིང་། ཀྲུང་གོའི་མི་རིགས་བཪྙན་པར་སྒྱུ་རྩལ་པར་སྐྲུན་ཁང་གིས་བསྐྲུན་པའི་“རེབ་གོང་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་”ཞེས་པའི་བཪྙན་དེབ་དེའི་མདུན་ཤོག་དང་ནང་གི་ལྡེབས་རིས་དག་ལ་བལྟས་པ་ཙམ་གྱིས་ཤེས་ཐུབ་བོ། ། ཁོང་གི་སྒྱུ་རྩལ་ལ་ཐུན་མིན་གྱི་ཁྱད་ཆོས་ཇི་འདྲ་ཡོད་ཅེ་ན། ཚོན་མདངས་དྭངས་ཤིང་ཁེར་གཙང་ལྡན་པ། བཅད་རིས་ཕྲ་ཞིང་གྲིམ་ལྷོད་རན་པ། གཟུགས་རིས་གསོན་ཉམས་ལྡན་ཞིང་འབུར་དུ་དོད་པ། གསེར་བྲིས་ཞིབ་ཅིང་འོད་མདངས་འཕྲོ་བ། མི་སྣ་གཙོ་ཞིང་ཡུལ་ལྗོངས་ཕལ་བར་བརྩི་བ། བརྗོད་བྱའི་རི་མོ་ཁོང་དུ་ཆུད་ཅིང་གསར་གཏོད་ཀྱི་རང་བཞིན་ལྡན་པ་བཅས་ནི། ཁོང་གི་རི་མོའི་ཁྱད་ཆོས་གཙོ་སྙིང་ལྟ་བུ་ཡིན་ནོ། ། 
          མདོར་ན་དེང་སྐབས་རེབ་གོང་སྒྱུ་རྩལ་ཞེས་མཚན་སྙན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་པ་དེའི་རྩ་བའི་འབྲི་སྟངས་ནི་ཁོང་དགེ་སློབ་གཉིས་ཀྱི་བཀའ་དྲིན་ཡིན་པ་སྨོས་མ་དགོས་སོ། ། 
          ཁོང་གི་འཁྲུངས་ལོ་དང་འདས་ལོ་གསལ་པོ་ཪྙེད་དཀའ་ཡང་། རྗེ་སྔགས་འཆང་རིན་པོ་ཆེ་ལྷ་ས་ནས་ཕྱིར་ཕ་ཡུལ་དུ་སླེབས་པ་ནས་བཟུང་སྒ་རུ་ཚང་རྗེ་སྔགས་འཆང་ཚང་གི་སྐུ་དྲུང་དུ་བཞུགས་པ་ཁོང་གིས་མཛད་པའི་བླ་མ་སྔགས་འཆང་ཚང་གི་རྣམ་ཐར་ནང་གསལ་ཞིང་། བླ་མ་སྔགས་འཆང་རིན་པོ་ཆེ་དགུང་ལོ་གྱ་གསུམ་བཞུགས་ཤིང་། དེ་ནས་སྐུ་ཕྲེང་གཉིས་པ་ངག་དབང་དགེ་འདུན་ཟླ་གྲགས་ཀྱི་སྐུ་ཚེ་སྟོད་དུ་ད་དུང་བཞུགས་ཡོད་པ་བིས་པ་མི་ཕམ་ཟླ་བས་བརྩམས་པའི་རྗེ་ངག་དབང་དགེ་འདུན་ཟླ་གྲགས་ཀྱི་རྟོགས་བརྗོད་ལས་གསལ་པོར་གསུངས་ཡོད་པར་གཞིགས་ན་ཕལ་ཆེར་སྤྱི་ལོ་1672-1750བར་དུ་འཁེལ་ཡོད་པ་ཅུང་ཟད་ཤེས་ཐུབ། ཁོང་གི་གསུང་རྩོམ་ལ་པོད་གཉིས་ལྷག་བཞུགས་སོ། ། 
          གཉིས། གོས་ལྷ་པཎྚི་ཏ་བློ་བཟང་ཤེས་རབ་དང་ཁོང་གི་མཛེས་རྩལ་རི་མོའི་སྐོར། 
          གོས་ལྷ་པཎྚི་ཏ་བློ་བཟང་ཤེས་རབ་ནི་(སྤྱི་ལོ་། 768-?)བོད་ཀྱི་ཕུལ་དུ་བྱུང་བའི་ལྷ་རིས་སྒྱུ་རྩལ་པ་ཞིག་ཡིན། རབ་བྱུང་བཅུ་གསུམ་པ་ས་ཕོ་བྱི་བའི་ལོར་མདོ་སྨད་རྔ་བའི་ཡུལ་སྨད་ཀྱི་བཀྲ་ཤིས་ཐང་། གོས་ཚང་ཞེས་པའི་ཁྱིམ་རྒྱུད་དུ་འཁྲུངས། དགུང་ལོ་བརྒྱད་དགུའི་སྐབས་སུ་ཀློག་བསླབ་ཅིང་། དགུང་ལོ་བཅོ་ལྔ་ཡས་མས་སུ་རབ་ཏུ་བྱུང་སྟེ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན། དེ་ནས་དགུང་ལོ་ཉི་ཤུ་ཡས་མས་སུ་ཁོང་ལྷ་སར་ཕེབས་ནས་ཇོ་ཤཱཀྱ་རྣམ་གཉིས་དང་ཕོ་བྲང་པོ་ཏ་ལ་སོགས་ལ་མཆོད་མཇལ་བྱེད་སྐབས་སྔོན་གྱི་སྨན་གསར་ལུགས་འཛིན་ལྷོ་བྲག་བསྟན་འཛིན་ནོར་བུ་སོགས་ཀྱིས་བྲིས་པའི་ལྡེབས་རིས་དང་། ཐང་ག་ཤིང་ཚོན་རྒྱན་རིས་རྣམས་མིག་ལམ་དུ་སྣང་བས་སྒྱུ་རྩལ་ཕྱོགས་ལ་སྔར་བྱུང་མ་མྱོང་བའི་ཤེས་ཚོར་ཆེན་པོ་སྐྱེས་ཏེ། སྨན་གསར་ལུགས་ཀྱི་རི་མོ་འབྲི་སྟངས་ལ་སྦྱངས་པ་བྱས་ཤིང་། རིམ་གྱིས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ཕྱོགས་སུ་ཕེབས་ནས་དུས་འཁོར་སོགས་སྔགས་ཕྱོགས་ཀྱི་རྒྱུད་སྡེ་རྣམས་ལ་སློབ་གཉེར་གནང་བ་མ་ཟད། ཆོ་གའི་ཕྱག་ལེན་ཐིག་ཚོན་སོགས་ལའང་ཞིབ་འཇུག་ལེགས་པར་མཛད་དེ། དུས་འཁོར་གྱི་ཐུག་ཚོན་གསལ་བྱེད་ཀྱི་གཞུང་ཡང་བརྩམས་ཡོད། སྐབས་དེར་ཁོང་གིས་སྤྲུལ་སྐུ་བྱེའུ་པས་བྲིས་པའི་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་ནང་གི་ལྡེབས་རིས་དེ་དག་གི་འབྲི་སྟངས་ལ་ཞིབ་ཏུ་སྦྱངས་ནས་རུས་ཚིགས་འབྲི་སྟངས་ཐད་ལ་སྤྲུལ་སྐུ་བྱེའུ་ཡི་འབྲི་སྟངས་གཙིགས་འཛིན་དང་། བཙག་མདངས་དང་ན་བཟའ་འབྲི་སྟངས་རྣམས་སྔར་གྱི་སྨན་གསར་ལུགས་སོར་བཞག་བྱས། སྤྲུལ་སྐུ་བྱེའུ་ལུགས་ཀྱི་འབྲི་སྟངས་དེ་སྨན་མཁྱེན་ལུགས་གཉིས་དང་ཅུང་མི་མཐུན་པ་ནི། སྐུ་ཉམས་ཆེ་ཞིང་རྒྱབ་ཡོལ་ཆུང་བ། ཚོན་ཆེན་ལ་ལི་ཁྲི་ཤས་ཆེ་བ། ན་བཟའ་དག་ལ་གོས་འཁྱུད་མང་བ། སྐུ་མདོག་མཐིང་ནག་ལ་ཤ་བཅད་དཀར་པོས་འཐེན་པ་བཅས་ཀྱི་ཁྱད་ཆོས་ལྡན་ནོ། ། ཁོང་གི་ཕྱག་བྲིས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དང་། ས་སྐྱ། ངམ་རིང་། རྫོང་དགའ། གུ་གེ་སོགས་སུ་བཞུགས་པ་མང་ཤོས་ནི་ལྡེབས་རིས་ཡིན་ནོ། ། དེ་ནས་ཟུར་མང་རྣམ་རྒྱལ་དགོན་དུ་ཕེབས་ནས་ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱི་ཞབས་པད་ཡུན་རིང་དུ་བསྟེན་ཏེ། ཚད་མ་རིག་པ་དང་། ཕར་ཕྱིན། དབུ་མཛོད་འདུལ་བ་དང་བཅས་པར་སྦྱངས་པ་རྡོ་རུས་ཐུག་པ་ལྟ་བུར་མཛད། སྒྲ་ཀ་ཙན་དང་སྨན་རྩིས་སོགས་ལ་སྦྱངས་པ་གནད་སྨིན་མཛད་རྗེས། 《རྩིས་རིག་ཐུབ་བསྟན་མཛེས་རྒྱན་》ཞེས་པ་བརྩམས། ལར་བཀའ་པོད་ལྔས་མཚོན་མདོ་སྔགས་ཀྱི་རིག་གནས་དང་བཅས་པ་ལ་ཚིག་འཁྲི་ལྟ་བུའི་གོ་བ་ཙམ་མ་ཡིན་པར་ཚིག་དོན་རེ་རེར་གདེང་ཆུད་པ་བྱུང་བས། གོས་ལྷ་པཎྚི་ཏ་ཞེས་མཚན་སྙན་ཕྱོགས་ཡོངས་སུ་རླུང་ལྟར་ཁྱབ། དེ་ནས་རྗེ་སྒྲོལ་མགོན་ཞབས་ཀྱི་ཞལ་རྒྱུན་ཇི་བཞིན་དུས་འཁོར་གྱི་ཆོ་གའི་འདོན་བསྒྲིགས་བཅའ་ཤོམས་གཏོར་གཟུགས་དང་བཅས་པ་ལོ་ཆེན་ཉིད་ནས་གསུངས་པ་ལྟར། རང་ཡུལ་འབྲོག་དགེ་བསམ་གྲུབ་གླིང་དུ་ཕེབས་ནས་དུས་འཁོར་གྱི་ཕྱག་ལེན་རྣམ་པར་དག་པའི་སྲོལ་བཙུགས། གཙང་པའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འཕགས་ཀྱིས་ཀྱང་གོས་ལྷ་པཎྚི་ཏའི་ཞབས་ལ་གཏུག་སྟེ་དུས་འཁོར་གྱི་ཕྱག་ལེན་སོགས་ཁོང་དུ་ཆུད་པར་བྱས་ནས་དཔལ་བསམ་གྲུབ་ནོར་བུ་གླིང་དུ་དེའི་ཕྱག་རྒྱུན་ལྟར་བཙུགས། གོས་ལྷ་པཎྚི་ཏ་ཁོང་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་ཅིག་བསྟེན་ཅིང་མདོ་སྔགས་རིག་གནས་དང་བཅས་པ་སྦྱངས་ནས་ཉམས་ལེན་གནད་སྨིན་མཛད་ཏེ། དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་ལམ་གྱི་མྱོང་རྟགས་ཁྱད་པར་ཐུགས་ལ་འཁྲུངས། སྤྱིར་གོས་ལྷ་པཎྚི་ཏས་ལྷ་ས་ཕྱོགས་ནས་སྨན་ཐང་བའི་བྲིས་རྒྱུན་འཛིན་མཁན་ལྷོ་བྲག་བསྟན་འཛིན་ནོར་བུ་སོགས་ཀྱིས་བྲིས་པའི་པོ་ཏ་ལའི་ནང་གི་ལྡེབས་རིས་ཁག་དང་། སེར་འབྲས་དགེ་གསུམ་དང་ཇོ་ཁང་རྣམ་གཉིས་སུ་མཆིས་པའི་ལྡེབས་རིས་དང་ཐང་ག འཇིམ་སྐུ། ཙ་ཀ འཚེམ་དྲུབ། ཤིང་ཚོན་རྒྱན་རིས་ལ་སོགས་དང་བཅས་པར་ཞིབ་གཟིགས་དང་། ལད་འབྲི། འདྲ་བཤུས། རྩད་གཅོད་འཚོལ་བསྡུ་བྱས་ནས་སྨན་ལུགས་གཙོ་བོར་སྦྱངས་པ་དང་། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་སོགས་སུ་སྤྲུལ་སྐུ་བྱེའུ་ལུགས་དང་བལ་བྲིས་ལུགས་ལ་སྦྱངས་པ་བྱས། དེ་དག་གི་འབྲི་སྟངས་ཀྱི་ཁྱད་པར་ལ་དབྱེ་བ་ཞིབ་ཏུ་བྱས། ཁྱད་པར་དུ་མོ་ལྷའི་རིགས་ནི་སྐུ་གཟུགས་རིང་ཞིང་། སྐུ་སྟོད་ལ་ན་བཟའ་དར་འཕྱང་ལྟ་བུ་མནབས་པ། དཔུང་གདུབ་རྐང་གདུབ་ཉིས་བརྩེགས་ལྡན་པ། སྨད་གཡོག་ནི་ནང་སའི་རྒྱ་རིགས་ཀྱི་འབྲི་ལུགས་ལྟར་ན་བཟའ་འཇོལ་འཇོལ་དང་ལྟེབ་གཉེར་མང་བ་སོགས་མ་ཡིན་ཡར་འཕོངས་རྐུབ་འཁེབས་པ་ཙམ་དང་དོར་མ་ཕྲ་རིས་ཅན། བྲང་རྒྱན་གྱི་སྣེ་མོ་ནུ་ཟུང་གི་དབུས་སུ་ཐོན་པ། རྣ་རྒྱན་ཆེ་ཞིང་དཔྲལ་བའི་དབུས་སུ་ཐིག་ལེ་དམར་པོ་ཆགས་པ། ནུ་མ་ཤིན་ཏུ་འབུར་ཞིང་ནུ་ཁེབས་ཀྱིས་ཕྱེད་ཙམ་བཀབ་པ། སྐེད་པ་ཕྲ་ཞིང་བརླ་བྱིན་རྒྱས་པ། མིག་དཀྱུས་རིང་ཞིང་སྒེག་ཉམས་ལྡན་པ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད། 
          ཁམས་བྲག་མགོ་ཕྱོགས་སུ་ཕེབས་ནས་ཀརྨ་སྒར་བྲིས་ལུགས་ལ་སྦྱང་གཉེར་བྱས་ཏེ། སྒར་ལུགས་པའི་འབྲི་སྟངས་ཀྱི་རྩ་བའི་ཁྱད་ཆོས་ཏེ། སྲོག་ཆགས་དང་བྱ་རིགས། བྲག་ཆུ། ཁང་བཟང་སོགས་ནི་ནང་སའི་རྒྱ་རིགས་ཀྱི་རྒྱལ་སྲོལ་རི་མོའི་འབྲི་སྟངས་རྒྱུད་འཛིན་བྱས་ཡོད་པའི་སྒར་བྲིས་ལུགས་གཙིགས་འཛིན་བྱས། གོས་ལྷ་པཎྚི་ཏ་ཁོང་གིས་གོང་དུ་བཤད་པའི་འབྲི་སྲོལ་རིང་ལུགས་གསུམ་པོར་སྦྱངས་པ་བྱས་ཤིང་། རང་རང་གི་འབྲི་སྟངས་ཐུན་མིན་གྱི་ཁྱད་ཆོས་དང་མན་ངག་ཡོངས་རྫོགས་ཁོང་དུ་ཆུད་པར་བྱས་ནས་འབྲི་སྟངས་གསུམ་ག་སྦྲགས་ཏེ་བྲིས་པའི་རི་མོ་དེ་ལ་“གོས་ལྷའི་འབྲི་ལུགས་”ཞེས་གྲགས། རྗེས་སུ་འཛམ་ཐང་ཕྱོགས་སུ་དར་རྒྱས་ཆེ་བས་འཛམ་ཐང་ལྷ་རྒྱུན་ཞེས་ད་ལྟ་ཡོངས་སུ་གྲགས་པ་འདི་ཉིད་ལགས་སོ། ། དེང་སང་མཚན་སྙན་ཆེ་བའི་སེང་གེ་གཤོང་མ་མགོའི་དགོན་པའི་འདུ་ཁང་གི་ཁྱམས་ཀྱི་རྒྱལ་ཆེན་རྣམ་བཞི་ཡང་“འཛམ་ཐང་བྲིས་རྒྱུན་ཡིན„ཞེས་དགེ་བཤེས་དཔྱི་ས་བློ་གྲོས་རྒྱ་མཚོའི་རང་རྣམ་དང་མཁས་དབང་ཚེ་ཏན་ཞབས་དྲུང་གི་རྣམ་ཐར་རྣམས་སུ་གསལ་པོར་གསུངས་ཡོད། ཁོང་ཀི་ཁྱད་ཆོས་གཙོ་བོ་ནི་ཚོན་སྡེབ་སྟངས་ཀྱི་རྫས་སྦྱོར་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་དེ། ཁོང་གིས་ཡོངས་གྲགས་ཀྱི་ཚོན་རྫས་དེ་དག་མི་བཀོལ་བར་རང་ཡུལ་གྱི་ལུང་ཁོག་དང་བྲག་རི་དག་ལས་རྩྭ་རྩི་ཤིང་དང་རྡོ་སོགས་ལས་ཚོན་རྫས་བསྒྱུར་ཏེ་བྲིས་པ་ཡིན་ལ། དེའི་ཚོན་བྲིས་ནི་དུས་ཡིན་རིང་པོ་འགོར་ཡང་མདོག་མི་འགྱུར་བ་དང་མི་དྲིལ་བ་སོགས་ཀྱི་ཁྱད་ཆོས་ལྡན། ད་དུང་ཁོང་གིས་བརྩམས་པའི་《ཚོན་སྦྱོར་རིག་པའི་ལག་ལེན་》ཞེས་པ་ཞིག་ཀྱང་ཡོད་པར་གྲགས་མོད། ཕྲན་གྱིས་ད་སྔ་མཐོང་མ་བྱུང་། ཀུན་དགའ་ལྷུན་གྲུབ་ཀྱིས་བརྩམས་པའི་《རྣམ་ཐར་རགས་བསྡུས་ངོ་མཚར་དད་པའི་འཇུག་ངོགས་》ལས་གོས་པཎྚི་ཏ་ཆོས་དབྱིངས་རྒྱ་མཚོ་ཞེས་བྲིས་ཡོད་པ་དང་། འཇམ་དབྱངས་བློ་གསལ་གྱིས་མཛད་པའི་《བོད་ཀྱི་རི་མོ་འབྲི་ཚུལ་དེབ་གསར་ཀུན་ཕན་ཉི་མ》ལས་ཀོས་པཎྚི་ཏ་བློ་བཟང་ཤེས་རབ་ཅེས་འཁོད་ཡོད་པས། མཚན་མི་འདྲ་ནའང་། དོན་དུ་དེ་གཉིས་ཀ་ཁོང་གི་མཚན་ཡིན་ཏེ། བོད་ཀྱི་མཁས་པ་དག་ལ་མཚན་མི་གཅིག་པ་དུ་མ་མཆིས་ཤིང་། དེ་ཡང་གང་བྱུང་དུ་ཐོགས་པ་ཞིག་ག་ལ་ཡིན་ཏེ། བྱིས་པའི་དུས་སུ་གྲོང་མིང་དང་། མཚང་མིང་། རབ་བྱུང་སྒྲུབ་རྗེས་སློབ་དཔོན་གྱིས་བསྩལ་བའི་དགེ་བསྙེན་གྱི་མིང་དང་། དགེ་སློང་གི་མིང་། གསང་དབང་གི་མིང་། སྒྲ་མིང་སོགས་གང་ཟག་གཅིག་ལ་མཚན་མི་འདྲ་བ་དུ་མ་ཡོད་པའང་བོད་ཀྱི་ཐུན་མོང་མ་ཡིན་པའི་མིང་འདོགས་སྲོལ་ཞིག་ཡིན་ནོ། ། ཁོང་གི་ཕྱག་བྲིས་རི་མོ་དག་ནི་རྔ་བའི་ཕྱོགས་དང་འཛམ་ཐང་། བྲག་མགོ རྐ་ཁོག ཉག་རོང་། དཔལ་ཡུལ། གསེར་ཐང་སོགས་ཀྱི་དགོན་སྡེ་ཁག་དང་གྲོང་ཁྱིམ་རྣམས་སུ་བཞུགས་ཤིང་། གྲགས་ཆེ་བ་“གོས་ལྷ་དགུ་ཐང་”ཞེས་པ་དེ་ཁོང་གི་ཚབ་མཚོན་རང་བཞིན་གྱི་སྒྱུ་རྩལ་བརྩམས་ཆོས་ཡིན་ནོ། ། ཁོང་ཉིད་ཀྱི་འདས་ལོ་མི་གསལ་ཡང་། ཁོང་གིས་བརྩམས་པའི་《རྩིས་གཞུང་ཐུབ་བསྟན་མཛེས་རྒྱན་》གྱི་མཇུག་ཏུ་དགུང་གྲངས་རེ་བརྒྱད་སྟེང་མཇུག་གྲུབ་པར་བྱས་པ་སོགས་གསུངས་པ་ལ་བརྟག་ན། དགུང་གྲངས་རེ་བརྒྱད་ཡན་ཆད་དུ་བཞུགས་པ་ཤེས་སླ། གསུང་རྩོམ་པོད་གཅིག་ལྷག་བཞུགས་སོ། ། 
          གསུམ། རྐ་སར་པཎྚི་ཏ་བློ་བཟང་ཤེས་རབ་དང་ཁོང་གི་མཛེས་རྩལ་རི་མོའི་སྐོར། 
          རྐ་སར་པཎྚི་ཏ་བློ་བཟང་ཤེས་རབ་ནི་(སྤྱི་ལོ་887-1966)བོད་ཀྱི་ངོ་མཚར་ཆེ་བའི་ལྷ་རིས་སྒྱུ་རྩལ་པ་ཞིག་ཡིན། རབ་བྱུང་བཅོ་ལྔ་པའི་མེ་ཕག་ལོར་མཚོ་སྔོན་རེབ་གོང་ཁྲི་རྩེ་སྡེ་བཞིའི་ནང་གསེས་རྐ་སར་ཞེས་པའི་གྲོང་སྡེ་རུ་སྔགས་བརྒྱུད་ཀྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས། མིང་ལ་སངས་རྒྱས་ཐར་ཞེས་བཏགས། བྱིས་པའི་དུས་སུ་བུད་མེད་ཅིག་གི་ཟོས་དུག་ཕོག་པའི་རྐྱེན་བྱས་ཏེ་འཐེང་བོར་གྱུར། དེ་ནས་དགུང་ལོ་བཅུ་གསུམ་ཡས་མས་སུ་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་ཤེས་རབ་ཅེས་བཏགས། རྐ་སར་སྒར་འདུས་བཟང་ཆོས་གླིང་དུ་ཚོགས་གྲྭར་ཞུགས། དགོན་འདི་གའི་ཚོགས་འདོན་གྱི་རིམ་པ་སྟེ་འདོན་རྟ་དབྱངས་དང་བཅས་པ་རིང་པོར་མ་ཐོགས་པར་ཚོགས་མང་དབུས་སུ་ཤར་ཤར་དུ་བཏོན་པས་ཀུན་གྱིས་ཧ་ལས་དགོས་བྱུང་། དེའི་ཕྱིར་མི་རྣམས་ཀྱིས་ཁོང་ལ་སྐྱེས་བུ་ཡ་མཚན་ཅན་ཞེས་འབོད། མཁས་པ་མང་པོ་ཞིག་ཀྱང་ཁོང་གི་ངོ་མཚར་བའི་རིག་པ་འདིར་ཡིད་མ་ཆེས་ཏེ། ཁོང་ལ་ཚོད་བགམ་གྱིས་དྲི་བ་སྣ་ཚོགས་བཏོན་ཚུལ་ལོ་རྒྱུས་སུ་འཁོད་ཡོད། དང་ཐོག་མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོས་ཀྱང་དེ་འདྲ་ཞིག་ཨེ་བདེན་སྙམ་སྟེ། ཁོང་ལ་ལམ་རིམ་ལས་ཞི་ལྷག་ཟུང་འབྲེལ་གྱི་སྐོར་དང་། མི་ཏྲ་རྡོར་ཕྲེང་གི་དཀྱིལ་འཁོར་དང་བློས་བསླངས་སོགས་ཀྱི་སྐོར་ལས་དྲི་བ་བྱས་པས། ཐོགས་པ་མེད་པར་གནད་ལ་འཁེལ་བའི་ལན་བཏབ་པས་ཐུགས་ཤིན་ཏུ་མཉེས་པར་གྱུར་ཏེ། པིར་ཐོགས་པཎ་ཆེན་བློ་བཟང་ཤེས་རབ་ཅེས་བསྔགས་པརྗོད་ཀྱི་མེ་ཏོག་གཏོར། དེ་ནས་དགུང་ལོ་ཉེར་དྲུག་སྟེང་རོང་བོ་དགོན་ཆེན་གྱི་དུས་འཁོར་གྲྭ་ཚང་གིས་གདན་དྲངས་པ་ལྟར། དེ་གའི་འདུ་ཁང་ཆེན་མོའི་ཁྱམས་ཀྱི་རྒྱལ་ཆེན་རྣམ་བཞི་སོགས་ལྷ་བཟོ་བློ་གྲོས་ཀྱི་འབྲི་སྟངས་ལྟར་ཁྱད་དུ་འཕགས་པ་ཞིག་བྲིས། སྤྲུལ་བའི་བཟོ་བོར་གྲགས་པ་ལྷ་བཟོ་བློ་གྲོས་ནི་སྒོ་དམར་དུ་འཁྲུངས། ཡབ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་དང་། སྒོ་དམར་གྲུབ་དབང་བློ་བཟང་རྒྱ་མཚོ། སྐུ་གཞོགས་བློ་བཟང་ལུང་རིགས་རྒྱ་མཚོ། ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་སོགས་ཀྱི་ལྷ་རིས་པ་ཡིན་ལ། བརྐོ་བཟོ་མཁས་པ་ལྷ་འབུམ་རྒྱལ་དང་སྒྱུ་རྩལ་གྱི་འགྲན་བཙུགས་ཏེ་སྲན་ཕྱེད་ངོས་ལ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་གཟུགས་ཤིག་བྲིས་པ་ཇི་བཞིན་དུ་བརྐོས་པའི་ལོ་རྒྱུས་མཆིས་པའི་ལྷ་བཟོ་མཁས་པ་དེ་ཉིད་ཡིན་ཞིང་། དེའི་རྩ་བའི་འབྲི་སྟངས་ནི་གྲུ་བ་ཕུར་བུ་ཚེ་རིང་གི་འབྲི་སྲོལ་ཡིན་པར་བཤད། འབྲི་སྟངས་དེ་ལ་རྐ་སར་པཎྚི་ཏས་ཧ་ཅང་གཙིགས་འཛིན་བྱེད་པར་གྲགས། དགུང་ལོ་ཉེར་དགུའི་སྟེང་ཡིད་དགའ་ཆོས་འཛིན་དགོན་གྱི་འདུ་ཁང་ཆེན་མོའི་རྒྱལ་ཆེན་རྣམ་བཞི་དང་། ཨ་མྱེས་རྨ་ཆེན། ཨ་མྱེས་འབྲོག་སྐྱོང་སོགས་བཞེངས་ཤིང་། དགུང་ལོ་སོ་གཅིག་སྟེང་དགོན་འདི་གར་སྨིས་ལྔ་བཅུ་ཅན་གྱི་གོས་སྐུ་ཆེན་མོ་ཞིག་ཁོང་གཅིག་པུས་བཞེངས། སྐབས་དེར་ཁོང་གིས་གོས་སྐུའི་སྐྱ་ཐིག་ཕབ་དུས་བར་སྣང་ནས་འཇའ་ཚོན་སྣ་ལྔ་འཆར་ཞིང་རྟགས་མཚན་བཟང་པོ་དུས་སུ་ཤར་པ་སོགས་ཉེ་འཁོར་གྱི་མི་བྱིངས་ཀྱིས་དངོས་སུ་མཐོང་མྱོང་བར་གྲགས། 
          དེ་ནས་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱིས་གདན་དྲངས་པ་ལྟར་ཤེལ་དགོན་གྱི་གོས་སྐུ་ཆེན་མོ་བཞེངས་པ་དང་། མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོས་གདན་དྲངས་པ་ལྟར་ཀ་རིང་དགོན་གྱི་གོས་སྐུ་ཆེན་མོ་བཞེངས་པ་དང་། སྐུ་གཞོགས་རྭ་རྒྱ་ཚང་གིས་གདན་དྲངས་པ་ལྟར་གསེར་ལེགས་དགོན་གྱི་གོས་སྐུ་སོགས་བཞེངས་ཤིང་། མདོ་སྨད་ཡུལ་དུ་གོས་སྐུ་མང་པོ་བཞེངས་ནས། གོས་བཟོ་སྒྱུ་རྩལ་དར་རྒྱས་སུ་བཏང་སྟེ། ད་ལྟ་“རེབ་གོང་གོས་དྲུབ་སྒྱུ་རྩལ”ཞེས་ས་ཕྱོགས་ཀུན་ཏུ་ཁྱབ་པ་དེའི་རྨང་འདིང་མཁན་ཡང་ཁོང་ཉིད་ཡིན། ཁོང་གི་གོས་དྲུབ་བཟོ་རྩལ་གྱི་ཁྱད་ཆོས་གཙོ་བོ་ནི། ལྷ་ཚུགས་དང་ཡུལ་ལྗོངས་བཀོད་སྟངས་འོས་ཤིང་འཚམ་ལ། སྣུམ་མདངས་ཆེ་ཞིང་སྐྱ་ཤས་ཉུང་བ། སྐུ་གཟུགས་ཀྱི་མགྲིན་པ་དང་ཕྲག་པ་མཐོ་བ། རྒྱང་ནས་བལྟས་ན་རྔམ་ཞིང་གམ་དུ་བཅར་ན་ཞིབ་པ། སྤང་རིས་དང་ཆུ་རིས་རྣམས་གསོན་ཉམས་ལྡན་པ། གོས་འཁྱུད་མང་ཞིང་འོད་སྐོར་གྱི་མཐར་ནོར་འཛིན་པ་ཊས་འཁྱུད་པ་སོགས་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་པ་ཞིག་ཡིན། ཁོང་འཇིམ་བཟོའམ་འབུར་སྐུ་ལའང་ཧ་ཅང་མཁས་ཤིང་། དགོན་སྡེ་དང་ཁྱིམ་ཚང་ཁག་མང་པོར་བཞེངས་མྱོང་མོད། རིག་གསར་གྱི་དུས་ཟིང་སྐབས་སུ་རྨོངས་དད་ཀྱི་ཡོ་བྱད་དུ་བརྩིས་ནས་མང་ཆེ་བ་མེད་བརླག་ཏུ་བཏང་ཟིན། དེང་སྐབས་མར་ནང་ཕྱོགས་སུ་ཁོང་གི་འཇིམ་སྐུ་ཁ་ཅིག་མཆིས་པར་བཤད། རྐ་སར་སྒར་འདུས་བཟང་ཆོས་གླིང་དུ་རྗེ་བླ་མ་ཙོང་ཁ་བ་ཆེན་མོའི་འདྲ་སྐུ་ཞིག་བཞུགས་ཡོད་པ་ཕྲན་གྱིས་དངོས་སུ་མཐོང་ཞིང་། བལྟས་ཚོད་ལ་ཉེ་སྔོན་གྱི་འབག་བཟོ་མཁས་པ་བློ་བཟང་ཉི་མ་མཆོག་གི་བཟོ་སྟངས་ཁོ་ན་ཞིག་རེད་བསམ། སྐུ་ཉམས་ཆེ་ཞིང་ན་བཟའ་ནི་དེང་སང་གི་བཟོ་སྟངས་ལྟར་ལྟེབ་གཉེར་མང་པོ་མི་འདུག་ལ། ཤངས་ཀྱི་གཟེངས་མཐོ་ཞིང་ཞལ་རས་ལ་བྱམས་བརྩེའི་འཛུམ་མདངས་ཀྱིས་ཁེངས་འདུག
          མདོ་སྨད་ཀྱི་པཎྚི་ཏ་ཆེན་མོ་འཇིགས་མེད་དམ་ཆོས་རྒྱ་མཚོས་ལུང་ཡོན་དགོན་དུ་ལྷ་བཟོའི་གྲྭ་ཚང་བཙུགས་ཏེ། ཕྱོགས་ཡོངས་ཀྱི་ལྷ་རིས་སྒྱུ་རྩལ་པ་མང་པོ་གདན་དྲངས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་ལྟར། འཇིག་རྟེན་ཆགས་རིམ་དང་། སྟོན་པའི་མཛད་བཅུ། མཁན་སློབ་ཆོས་གསུམ་གྱི་མཛད་བསྡུས། ཇོ་བོ་རྗེའི་མཛད་རྣམ་བསྡུས་པ། རྗེ་བླ་མའི་མཛད་རྣམ་བསྡུས་པ། ཤམ་བྷ་ལའི་ཞིང་བཀོད་སོགས་ཀྱི་ཐང་ག་དང་། ལྡེབས་རིས་སུམ་བརྒྱ་ལྷག་ཅིག་བཞེངས་ཤིང་། དེ་ཉིད་བཞེངས་མཁན་རྣམས་ཀྱི་གྲས་སུ་ལྷ་བཟོ་གྲགས་ཅན་གཉན་ཐོག་ཡོན་ཏན་དང་། སེངྒེ་གཤོང་བླ་མ་ཐར། འཇིགས་བྱེད་སོགས་ལྷ་རིས་སྒྱུ་རྩལ་པ་གྲགས་ཅན་མང་དུ་ཡོད་ལ། དེ་རྣམས་ཀྱི་སྤྱིའི་འགན་འཛིན་དང་བློ་འདྲི་ས་གཙོ་བོ་ནི་རྐ་སར་པཎྚི་ཏ་བློ་བཟང་ཤེས་རབ་དང་། འཇིགས་མེད་དམ་ཆོས་རྒྱ་མཚོ་ཁོང་རྣམ་པ་གཉིས་ཡིན། སྐབས་དེར་རྐ་སར་པཎྚི་ཏས་སྐྱབས་འགྲོའི་ཚོགས་ཞིང་གི་ཐང་ག་ཞིག་བྲིས་ཡོད་པ་དེ་ད་ལྟ་ལུང་ཡོན་དགོན་དུ་བཞུགས། ཐང་ག་དེའི་མཐོ་ཚད་ལ་ཁྲེ་ཙི་བཞི་ལྷག་དང་ཞིང་ལ་ཁྲེ་ཙི་གསུམ་ཡོད་མེད་ཅིག་རེད། ཐང་ག་དེ་འདྲ་ཞིག་ད་སྔ་བདག་གིས་མདོ་དབུས་ཁམས་གསུམ་གང་དུའང་མཐོང་མ་མྱོང་། དེའི་འབྲི་སྟངས་ནི་ཆེས་ཡ་མཚར་བ་ཞིག་ཡིན་ཞིང་། བྲིས་སྐུ་ཆུང་བའི་རིགས་ནི་མིག་གིས་ཇི་ལྟར་བལྟས་ཀྱང་གསལ་བོར་མཐོང་དཀའ་ཞིང་། དེང་གི་ཕྲ་མཐོང་མེ་ཤེལ་གྱི་འོག་ཏུ་བལྟས་ན་ཕྱག་མཚན་དང་སྤྱན་འབྲས་སོགས་ཐམས་ཅད་གསོན་ཉམས་ལྡན་པའི་ཁྱད་ཆོས་ལྡན་ལ། དེ་ནི་རྐ་སར་པཎྚི་ཏ་བློ་བཟང་ཤེས་རབ་ཀྱི་ཚབ་བྱེད་རང་བཞིན་གྱི་སྒྱུ་རྩལ་ཡིན་པའང་ཤེས་ཐུབ། 
          སྤྱི་ལོ་1952ལོའི་སྐབས་སུ་བཞེངས་པའི་རྐ་སར་གྱི་མཆོད་རྟེན་དེའི་ཐིག་རྩ་དང་། གྱོ་བཟོ། ཤིང་བཟོ། མགར་བཟོ་སོགས་ཁ་ཚང་ཁོང་གིས་ཐུགས་བཀོད་གནང་སྟེ་བཞེངས་པ་ཡིན། མཁས་དབང་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཆོས་རྒྱལ་ཞལ་ཐང་ཡང་ཁོང་གིས་བྲིས་ཤིང་། ཕྱིས་སུ་རྐ་སར་པཎྚི་ཏས་རང་གི་བླ་མ་རྣམས་ཀྱི་“བླ་བརྒྱུད་ཐང་ག”ཞིག་འབྲི་དགོས་སྙམ་སྟེ། མར་ནང་ཚང་ལ་དེའི་ཕྱོགས་ཀྱི་ལྗགས་བཀོད་ཅིག་གནང་དགོས་ཞེས་ཞུས་པའི་ལན་དུ་ལྗགས་རྩོམ་ཞིག་མཛད་ཡོད་པའི་མཇུག་རྩོམ་དུ། པིར་ཐོགས་པཎ་ཆེན་བློ་བཟང་ཤེས་རབ་ཀྱིས། ། དོན་གཉེར་བྱུག་གུས་ཡང་ཡང་བསྣུན་པ་ལས། ། མི་ཕམ་དབྱངས་ཅན་དགེ་བའི་རྡོ་རྗེའི་རྔ། ། ལྷུན་གྲུབ་སྤོབས་པ་རྒྱས་པའི་ཀློང་ལས་ཁྲོལ། ། སྐུལ་བ་པོ་ཡིས་ཡང་ཡང་བསྐུལ་ན་ཡང་། ། རྩོམ་པ་པོ་ལ་རྩོམ་ཚིག་མ་ཤར་བས། ། ལོ་གསུམ་བར་དུ་བསམ་བློ་བཏང་བཏང་ནས། ། ད་ཙམ་བྱུང་བའི་དཀའ་ལས་ཁུར་དུ་བཏེགས། ། ཞེས་པའི་ཐང་ག་དང་ལྗགས་རྩོམ་གཉིས་ཀ་དེང་སྐབས་རེབ་གོང་སྒྱུ་རྩལ་ཁང་གི་ལྷ་བཟོ་ཆོས་སྐྱོབ་ལགས་ཀྱིས་ཉར་ཚགས་བྱས་ཡོད་པ་བདག་གིས་དངོས་སུ་མཐོང་། ཐོས་པ་ལྟར་ན་རྐ་སར་པཎྚི་ཏ་བློ་བཟང་ཤེས་རབ་ཚང་གིས་བཞེངས་པའི་སྐུ་གསུང་ཐུགས་རྟེན་གང་ཡིན་ཡང་དེར་རབ་གནས་མཛད་མི་དགོས་པའི་གསུང་རྒྱུན་ཡོད། དེང་སང་ཁོང་གི་འབྲི་ལུགས་ལ་དབུས་བྲིས་འཇམ་ཁ་ཅན་ཞེས་གྲགས་ཤིང་། རེབ་གོང་སྒྱུ་རྩལ་ཁང་གི་སློབ་དཔོན་གཞོན་པ་ཀུན་བཟང་ལགས་སོགས་དངོས་སློབ་མང་པོས་ཁོང་གི་འབྲི་ལུགས་རྒྱུན་འཛིན་དར་སྤེལ་བྱས་ཏེ། ད་ལྟ་མདོ་སྨད་ཡུལ་དུ་དར་ཁྱབ་ཆེ། ཁོང་ཉིད་སྤྱི་ལོ་1966ལོའི་ཟླ་1ཚེས་12ལ་རྐ་སར་དུ་སྐུ་གཤེགས། གསུང་རྩོམ་ཐོར་བུ་འགའ་རེ་ཡོད་པར་བཤད་ཀྱང་ལག་སོན་མ་བྱུང་ངོ་། ། 
          མཇུག་གི་གཏམ། 
          སྔོན་བྱོན་བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་གང་དང་གང་ཡིན་རུང་། ཁོང་ཆོས་རི་མོ་འབྲི་བ་ནི་འཇིག་རྟེན་སྤྱིའི་མི་རྣམས་ཀྱི་བདེ་སྐྱིད་དང་ཞི་བདེ། བསོད་ནམས་ཀྱི་ཚོགས་བསགས་ཤིག་ཏུ་ངོས་འཛིན་བྱས་ཏེ། རང་གི་ལུས་ངག་ཡིད་གསུམ་རི་མོའི་སྟེང་བཀོལ་ནས་མི་ཚེ་གང་བོར་སྒྱུ་རྩལ་བསྐྲུན་ཏེ་ཕྱག་རྗེས་ཀྱང་བླ་ན་མཐོ་བ་བཞག་གནང་ཡོད། ཁོང་ཚོས་ཁེངས་སྐྱུང་གིས་རང་ཉིད་ཀྱི་རི་མོ་ངོས་ལ་རང་གི་མིང་བྱང་དང་རྟགས་ཐེལ་ཙམ་ཡང་མི་འགོད་པར་པིར་ཚོན་དང་མཉམ་དུ་མི་ཚེ་འདའ་བ་དེ་རང་ཉིད་ཀྱི་ལས་སྐལ་ཞིག་ཏུ་བརྩི་བཞིན་ཡོད། དེའི་ཕྱིར་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་ཁག་ལས་ཁོ་ཚོའི་མཚན་སྙན་དང་མཛད་རྗེས་དེ་འདྲ་མི་གསལ་ཡང་། ང་ཚོས་ངེས་པར་དུ་ཤེས་ཐུབ་པ་ནི། བོད་སོག་དང་མེས་རྒྱལ་ནང་སའི་གནས་ཆེན་ཁག་གཅིག་ཏུ་སླེབས་ཚེ། ཁོ་ཚོས་བསྐྲུན་པའི་ཁང་བཟང་དང་རྒྱན་རིས། ཐང་ག་དང་ལྡེབས་རིས། རྡོ་བརྐོས་དང་མགར་བཟོ། གོས་དྲུབ་དང་འཇིམ་སྐུ་སོགས་ངོ་མཚར་ཆེ་བའི་སྒྱུ་རྩལ་དེ་དག་མིག་ལམ་དུ་སྣང་སྐབས། ད་གཟོད་སེམས་ལ་སྔོན་བྱོན་སྒྱུ་རྩལ་པ་དེ་དག་གི་གསར་གཏོད་ཀྱི་ཤེས་རབ་དང་། བློ་སྤོབས་ཀྱི་རང་བཞིན་ཇི་འདྲ་ཡིན་པ་སོགས་ཅུང་ཟད་ཤེས་ནུས་པ་ཡིན། ། 
          ཟུར་བལྟའི་ཡིག་ཆ་ཁག
          (1) 《ཞང་བོད་ལོ་རྒྱུས་ཀྱི་ཏི་སེའི་འོད》ནམ་མཁའི་ནོར་བུས་བརྩམས། 1996ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 
          (2) 《བོད་ཀྱི་སློབ་གསོའི་རིག་པ་གོང་འཕེལ་ཇི་ལྟར་བྱུང་བའི་གཏམ་གླེང》1996ལོའི་བོད་ལྗོངས་ཞིབ་འཇུག་དེབ་གསུམ་པ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། 
          (3) 《མདོ་སྨད་ཆོས་འབྱུང》བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 
          (4) 《རེབ་གོང་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ》འཇིགས་མེད་ཐེག་མཆོག་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 
          (5) 《སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་གི་དཀར་ཆག》བློ་བཟང་དགེ་འདུན་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 
          (6) 《བོད་ཀྱི་རི་མོ་འབྲི་ཚུལ་དེབ་གསར་ཀུན་ཕན་ཉི་མ》འཇམ་དབྱངས་བློ་གསལ་གྱིས་མཛད། 
          (7) 《རེབ་གོང་བོད་བརྒྱུད་ནང་བསྟན་སྒྱུ་རྩལ》1994ལོར་ཀྲུང་གོའི་མི་རིགས་བརྙན་པར་སྒྱུ་རྩལ་པར་སྐྲུན་ཁང་གིས་བསྐྲུན། 
          (8) 《རྗེ་སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱི་རྣམ་ཐར》སྒ་རུ་པཎྚི་ཏ་བློ་བཟང་ཤེས་རབ་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 
          (9) 《རྗེ་ངག་དབང་དགེ་འདུན་ཟླ་གྲགས་ཀྱི་རྟོགས་བརྗོད》བིས་པ་མི་ཕམ་ཟླ་བས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 
          (10) 《གོས་ལྷ་པཎྚི་ཏ་ཆོས་དབྱིངས་རྒྱ་མཚོའི་རྣམ་ཐར་རགས་བསྡུས》ཀུན་དགའ་ལྷུན་གྲུབ་ཀྱིས་བརྩམས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1