གཙོ་ངོས།>> འཕྲོད་བསྟེན།>>བོད་ཀྱི་གསོ་རིག

ཀླུ་མོ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༢༣ཉིན།

༄༅།། ཉེས་གསུམ་གྱི་རྣམ་གཞག་དང་འབྲེལ་ཏེ་བུད་མེད་ཀྱི་ལུས་པོའི་འགྱུར་ལྡོག་ལ་ཐོག་མར་དཔྱད་པ།

 ཀླུ་མོ་ཚེ་རིང་།

          [ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་བོད་ཀྱི་གསོ་རིག་མཁས་པ་དག་གིས་མཛད་པའི་སྨན་གཞུང་འགའི་དགོངས་དོན་དཔྱད་བསྡུར་མཛད་དེ་བུད་མེད་ཀྱི་སྐྱེ་འཕེལ་དུས་རིམ་སྟེ། མངལ་གནས་ཀྱི་དུས། བྱིས་པའི་དུས་དང་ཟླ་མཚན་ལྡན་དུས། སྦྲུམ་དུས། ཟླ་མཚན་ཆད་དུས། རྒས་དུས། འཆི་དུས་སོགས་དུས་སྐབས་སོ་སོའི་ལུས་ཁམས་ཀྱི་འགྱུར་ལྡོག་དེ་བོད་ལུགས་གསོ་རིག་གི་ཉེས་གསུམ་རིགས་ལམ་གཞིར་བཟུང་ནས་དཔྱད་བརྗོད་བྱས་ཡོད།
          [བརྡ་ཆད་གཙོ་བོ།] ཉེས་གསུམ། བུད་མེད། ལུས་པོའི་འགྱུར་ལྡོག
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R29“214”
          [ཡིག་ཚང་མཚན་བྱང་།] A
          [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-02-0129-07
          གཅིག མངལ་གནས་སུ་ཉེས་གསུམ་དང་ལུས་པོའི་འགྱུར་ལྡོག་གི་ཆོས་ཉིད།
          བུད་མེད་ཀྱི་སྐྱེ་འཕེལ་མ་ལག་གི་གྲུབ་ཆ་རྣམས་རྒྱུ་ལས་འབྲས་བུ་བསྐྱེད་པའི་ཚུལ་དེ་མདོར་བསྟན་ན། སྐྱེ་འཕེལ་མ་ལག་གི་ས་བོན་ནི་སྐྱོན་གྱིས་མ་གོས་པའི་ཕ་མའི་ཁུ་ཁྲག་གཉིས་ཡིན་ལ། དེར་གནས་སྐབས་སོ་སོར་རྐྱེན་སྒོ་གསུམ་གྱི་སྤྱོད་ལམ་ཡང་དག་བསྟེན་པས། འབྲས་བུར་སྐྱེ་འཕེལ་མ་ལག་གི་དབྱིབས་དང་ཆེ་ཆུང་། བྱེད་ལས་སོགས་དུས་ཀྱི་འགྱུར་བར་བསྟུན་ནས་འཕེལ་འགྱུར་འབྱུང་བཞིན་པའི་ཆོས་ཉིད་ཅིག་གྲུབ་ཡོད། དེ་ཡང་འཕེལ་འགྱུར་གྱི་གནད་འགག་གི་དུས་དེ་ཆགས་གནས་འཇིག་གསུམ་གྱི་གནས་ལུགས་དང་སྦྱར་ནས་སྤྱིའི་ཆ་ནས་སྦྲུམ་དུས་དང་བཙས་རྗེས་ རིམ་པ་གཉིས་སུ་དབྱེ་ཆོག་ལ། ནང་གསེས་རིམ་པ་སོ་སོ་ལ་ཡང་དུས་སྐབས་མི་འདྲ་བར་དབྱེ་ཆོགཐོག་མར་སྦྲུམ་དུས་ཀྱི་གནད་འགག་གི་དུས་སྐབས་རྣམས་ནི། བདུན་ཕྲག་གསུམ་པའི་མཇུག་དང་བདུན་ཕྲག་བཞི་པའི་མགོར་མཛོད་ཀ་ཞེས་བྱ་བའི་རླུང་གིས་ཁུ་ཁྲག་ལ་མྱག་བཞུ་དྭངས་སྙིགས་བྱས་པས་རྟེན་མོའི་མཚན་མ་དོད་པ་ཡིན་ལ། གནས་སྐབས་འདིར་བུ་མོར་འདོད་པ་རྣམས་ཀྱིས་ལྟེ་བསྒྱུར་གྱི་ཐབས་ལམ་སྤྱོད་པའང་རྒྱུ་མཚན་འདིར་རག་ལས། བདུན་ཕྲག་དགུ་བ་ལ་རྣམ་པར་འབྱེད་པ་ཞེས་བྱ་པའི་རླུང་གིས་མཚན་མ་སྣང་བར་བྱེད། དེ་ནས་བདུན་ཕྲག་བཅུ་གཅིག་པ་ལ་བུ་ག་འབིགས་པ་རྡོ་རྗེའི་རླུང་ཞེས་བྱ་བས་བུ་ག་སྒོ་དགུའི་ནང་གསེས་དེ་བུད་མེད་ཀྱི་ཕྱི་མཚན་གྱི་གཟུགས་དབྱིབས་དོད་པ་དང་། བདུན་ཕྲག་བཅུ་གསུམ་པ་ལ་བཀྲེས་སྐོམ་རླུང་བྱ་བས་བསམ་སེའུ་སོགས་ནང་མཚན་གྱི་གཟུགས་དབྱིབས་དོད་པ། བདུན་ཕྲག་ཉེར་གཉིས་ཀྱི་སྐབས་སུ་ཀུན་ཏུ་རྒྱལ་བ་ཞེས་བྱ་བའི་རླུང་གིས་ཕྱི་མཚན་རྒྱས་ཏེ་ཆེར་རྒྱས་པ་མ་ཟད། ཆུ་ལམ་དང་སྐྱེ་ལམ་སོགས་གནོད་བྱའི་རྒྱུ་ལམ་སྟེ་བུ་གའི་སྒོ་རྣམ་པར་ཕྱེ་པ། བདུན་ཕྲག་ཉི་ཤུ་རྩ་བཞི་ལ་འཕྱོ་བ་ཞེས་བྱ་བའི་རླུང་གིས་བུད་མེད་ཀྱི་ཕྱི་ནང་མཚན་གཉིས་གསལ་བར་སྨིན་པར་བྱས་ཡོད་མོད། འོན་ཀྱང་བག་ལ་ཞ་བའི་ཚུལ་དུ་ཡོད་པས་བྱེད་ལས་ཚུལ་བཞིན་དུ་འདོན་ཐུབ་ཀྱིན་མེད། བདུན་ཕྲག་ཉེར་ལྔ་བ་ལ་གྲོང་ཁྱེར་འཛིན་གྱི་རླུང་གིས་མངལ་གནས་སུ་རླུང་གི་རྒྱུ་བ་འབྱུང་འགོ་ཚུགས་ལ། བདུན་ཕྲག་ཉེར་དྲུག་གི་གནས་སྐབས་སུ་མངོན་པར་གྲུབ་པའི་རླུང་གིས་སྲོག་འཛིན་རླུང་དང་ཁྱབ་བྱེད་རླུང་། ཐུར་སེལ་རླུང་གསུམ་གཙོར་བྱས་པའི་རླུང་སྟོབས་རྣམས་མངལ་གནས་ནས་ཡོངས་སུ་རྫོགས་ཡོད་པས་བུད་མེད་ཀྱི་སྐྱེ་འཕེལ་མ་ལག་གི་ཁྱད་ཆོས་སྐོར་ཞིག་ནི་དུས་འདི་ནས་བཟུང་འགོ་བརྩམས་པ་ཡིན། མཐའ་མར་བདུན་ཕྲག་སོ་བརྒྱད་ཀྱི་དུས་སུ་སྐྱེ་འཕེལ་མ་ལག་ཡོངས་སུ་འཚར་ལོངས་ཕྱིན་ནས་བུ་སྣོད་ནས་ཕྱིར་བཙའ་བ་ཡིན་ནོ།། དེས་ན་བདུན་ཕྲག་སོ་སོའི་རླུང་གི་མཚན་བྱང་ནི་དགའ་བོ་མངལ་འཇུག་གི་མདོའི་ལུང་དྲངས་པ་ལས་རྒྱུད་བཞིའི་དངོས་བསྟན་ན་རླུང་གི་མཚན་བྱང་གསལ་སྟོན་བྱས་མེད། འོན་ཀྱང་མཚན་བྱང་འདི་རྣམས་ནི་བྱེད་པའི་དབང་གིས་བཏགས་པའི་རྗེས་གྲུབ་ཀྱི་མིང་ཡིན་པས། བུད་མེད་ཀྱི་སྐྱེ་ལུགས་གནས་ལུགས་ཤེས་རྟོགས་བྱེད་པར་དགོས་པ་རྒྱ་ཆེར་ལྡན་ཕྱིར་འདིར་རེ་རེ་བཞིན་བཀོད་པའོ།། དེས་ན་སྦྲུམ་དུས་སམ་ཆགས་པའི་གནས་སྐབས་ཀྱི་སྐྱེ་འཕེལ་མ་ལག་གི་འཕེལ་འགྱུར་གྱི་རྐྱེན་དེ་རླུང་ཉིད་གཙོ་ཆེར་བརྗོད་པ་ནི་དེ་མ་ཐག་གི་རྐྱེན་གྱི་དབང་གིས་བརྗོད་པ་མ་གཏོགས། ད་དུང་རྐྱེན་གཞན་ཡོད་དེ། རྒྱུའི་རྐྱེན་ཕ་མའི་ཁུ་ཁྲག་གི་ས་བོན་དང་དམིགས་རྐྱེན་མ་ཡི་ཟས་སྐོམ་གྱི་དྭངས་མ། བདག་རྐྱེན་ནི་མངལ་བུའི་རྣམ་པར་ཤེས་པ་བཅས་ཡིན།
          མཐའ་མར་སྡོམ་ཚིག་གི་ཚུལ་དུ་ཉེས་པ་རླུང་གི་མཚན་ཉིད་ཀྱི་ཟུར་དྲུག་སྟེ་རྩུབ་ཡང་གྲང་ཕྲ་སྲ་གཡོ་རྣམས་སྦྲུམ་དུས་ཀྱི་གནས་སྐབས་གསུམ་དང་སྦྱར་ནས་འཕོ་འགྱུར་གྱི་གོ་རིམ་བརྗོད་ན་འདི་ལྟར། ཉ་ཡི་གནས་སྐབས་སུ་ཕ་མའི་ཁུ་ཁྲག་སྐྱོན་མེད་དང་བར་དོའི་རྣམ་ཤེས། སྔོན་ལས་གསུམ་གཞི་གཅིག་ཏུ་བསྒྲིལ་ཏེ་སྐྱེ་འཕེལ་མ་ལག་གི་ས་བོན་གྲུབ་པ་དང་། དེ་ནི་ཁུ་ཁྲག་གི་ཁམས་ལ་འོ་མ་ལས་མར་དཀྲོགས་བཞིན་ཕྱུང་བ་ནི་རླུང་གི་མཚན་ཉིད་རྩུབ་ཡང་གི་བྱེད་ལས་ཤས་ཆེར་བཏོན་པས་ཡིན། རུས་སྦལ་གྱི་གནས་སྐབས་སུ་རླུང་གི་མཚན་ཉིད་ཀྱི་ཟུར་ལས་གྲང་ཕྲའི་ནུས་པ་ཤས་ཆེར་བཏོན་པས་ཕྱི་མཚན་དང་ནང་མཚན་གཉིས་ཀྱི་གཟུགས་དབྱིབས་དོད་ལ། གཟུགས་དོད་པའི་མྱུར་ཚད་ཅུང་ཟད་བུལ། ཕག་གི་གནས་སྐབས་སུ་རླུང་གི་མཚན་ཉིད་ཀྱི་ཟུར་ལས་སྲ་གཡོའི་ཆ་ཤས་ཆེར་འཕེལ་བས་ཕྱི་མཚན་དང་ནང་མཚན་གཉིས་ཆེར་རྒྱས་པ་དང་རླུང་གི་རྒྱུ་བ་བྱུང་། མངོན་པར་རྫོགས་པའི་སྐབས་སུ་རྩ་བའི་རླུང་ལྔས་བྱེད་པའི་དབང་གིས་སྐྱེ་འཕེལ་མ་ལག་ཡོངས་སུ་སྨིན་ནས་སྐྱེ་འཕེལ་མ་ལག་གི་ཆེས་ཐོག་མའི་ལུས་ཟུངས་འགྱུར་ཚུལ་གྱི་བྱ་བ་བྱེད་འགོ་བརྩམས་པ་རེད་སྙམ།
          གཉིས། བཙས་རྗེས་སུ་ཉེས་གསུམ་དང་ལུས་པོའི་འགྱུར་ལྡོག་གི་ཆོས་ཉིད།
          སྐབས་སུ་བབས་པའི་བཙས་རྗེས་ཟེར་བ་ནི་བཙས་མ་ཐག་པའི་གནས་སྐབས་ཁོ་ན་ལ་མི་བྱ་བར། བུད་མེད་སྐྱེས་མ་ཐག་ནས་འཆི་བའི་བར་གྱི་དུས་སྐབས་ཡོངས་ལ་བྱ་བ་ཡིན། གཤམ་དུ་བོད་ཀྱི་གསོ་རིག་གི་ན་སོའི་དབྱེ་བའི་རྣམ་བཞག་གི་ཁུངས་ལུང་དེ་རྗེས་དཔག་ཚད་མས་ར་སྤྲོད་དང་དེ་བཞིན་དུས་རིམ་སོ་སོའི་ནང་ཉེས་གསུམ་དང་ལུས་པོས་འགྱུར་ལྡོག་གི་ཆོས་ཉིད་ལ་དཔྱད་བརྗོད་བྱ་རྒྱུ་ཡིན།
          ཀ ན་སོའི་དབྱེ་བ་སྤྱིར་བསྟན་པ། སྐྱེ་འཕེལ་དུས་རིམ་སོ་སོའི་ནང་བུད་མེད་ཀྱི་ཕུང་བོའི་གྲུབ་རྫས་དང་སྒོ་གསུམ་གྱི་སྤྱོད་ལམ། སྤྱི་ཚོགས་ཀྱི་ལས་བགོས་སོགས་ལ་འགྱུར་ལྡོག་བྱུང་བས། བུད་མེད་ཀྱི་བདེ་ཐང་གི་གནད་དོན་ལ་ཡང་དུས་རིམ་སོ་སོའི་ནང་འགྱུར་ལྡོག་འགྲོ་མུས་ཡོད། དེས་ན་བདེ་ཐང་གི་གནད་དོན་ཤེས་རྟོགས་བྱེད་པའི་དུས་རིམ་སོ་སོའི་མི་ནོར་བའི་གཟེར་ནི་གང་ཡིན་ནམ་ཞེ་ན། 《དཔལ་ལྡན་རྒྱུད་བཞི་》གཙོར་བྱས་པའི་གསུང་རབ་བསྟན་བཅོས་གང་ལ་ཡང་དུས་གཟེར་གྱི་སྡོམ་ཚིག་བཀོད་མེད། ཡིན་ཡང་བོད་ལུགས་གསོ་རིག་གི་ཉེས་གསུམ་རིགས་ལམ་གཞིར་བཟུང་ནས་དུས་གཟེར་དེ་རྣམས་རྗེས་དཔག་ཚད་མས་ར་སྤྲོད་བྱ་ཐུབ་སྙམ། ཐོག་མར་《དཔལ་ལྡན་རྒྱུད་བཞི་》ལས། “ན་ཚོད་དབྱེ་བ་བཅུ་དྲུག་བར་བྱིས་པ།། འཕེལ་འགྱུར་བདུན་ཅུའི་བར་དུ་དར་མ་སྟེ།། དེ་ལས་ཟད་པ་ཕན་ཆད་རྒན་པོ་ཡིན།”①ཞེས་པ་ལས་བུད་མེད་རྒན་དར་གཞོན་གསུམ་གྱི་ན་ཚོད་དབྱེ་བ་སྤྱིར་གསལ་སྟོན་བྱས་ཡོད་མོད། འོན་ཀྱང་དོ་སྣང་བྱ་རྒྱུ་ཞིག་ལ། 《དཔལ་ལྡན་རྒྱུད་བཞི་》ལས་འཕེལ་འགྱུར་བདུན་ཅུའི་བར་དུ་དར་མ་ཞེས་གསུངས་པའི་ན་ཚོད་ཀྱི་དབྱེ་བ་དེ་སྔ་རབས་ཚེ་ཚད་ཚེ་ལོ་བརྒྱ་ལ་ལྟོས་ནས་གསུངས་པས་དེང་གི་དུས་འདིར་མི་འཚམ་སྟེ།རྒྱུ་མཚན་གཅིག་ནི། 《སྐྱེམ་འགྲེལ་》ལས། “ཚེ་ལོ་བརྒྱ་བ་ཙམ་གྱིས་དབང་གིས་མཛད་པ་འདྲ་སྟེ། དེང་སང་ནི་དུས་ཀྱིས་དབང་གིས་མ་ངེས་པར་སྣང་ངོ་།།”②ཞེས་གསུངས་ཡོད་ལ། གཉིས་ནི་“2012ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་མ་བུ་བདེ་སྲུང་བྱ་བའི་གྲོས་ཚོགས་ཐོག་རང་རྒྱལ་བུད་མེད་རྣམས་ཀྱི་ཆ་སྙོམས་ཚེ་ཚད་ནི་ལོ་དོན་བཞི་ཚེག་གཅིག་ཡིན་ཞེས་”③གསུངས་ཡོད་པས། ཆེད་རྩོམ་འདིར་བུད་མེད་ཀྱི་ཚེ་ཚད་ལོ་བདུན་ཅུ་གཞིར་བཟུང་ནས་ཉེས་གསུམ་གྱི་འགྱུར་ལྡོག་ལ་དཔྱད་ཞིབ་བྱས་ཡོད་དོ།། དེ་ཡང་《འབྲི་གུང་གསོ་རིག་གཅེས་བཏུས་》ལས། “བྱིས་པ་ལོ་བཅུ་ཚུན་ལ་བད་ཀན་མི།།” ④ཞེས་དམིགས་གསལ་བྱིས་པའི་དུས་ཀྱི་ན་ཚོད་དབྱེ་བ་བསྟན་པ། གཞན་《དཔལ་ལྡན་རྒྱུད་བཞི་》ལས། “བུད་མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར།།དྭངས་མ་ལས་བྱུང་ཟླ་རེ་བསགས་པའི་ཁྲག། རླུང་གིས་མངལ་གྱི་སྒོར་འབྱེད་ཞག་གསུམ་འཛག།”⑤ཞེས་ལོ་བཅུ་གཉིས་ནས་ལྔ་བཅུའི་བར་ཏེ་ཟླ་མཚན་ལྡན་དུས་ཀྱི་ན་ཚོད་དབྱེ་བ་བསྟན། 《ཡན་ལག་བརྒྱད་པ་སྙིང་བོ་བསྡུས་པ་》ལས། “བུད་མེད་ལོ་ནི་བཅུ་དྲུག་ལོན།། སྐྱེས་པ་ཉི་ཤུ་ལོན་དང་འདུས།། མངལ་ནས་ལམ་དང་ཁུ་བ་ཁྲག། རླུང་དང་སེམས་ནི་དག་གྱུར་བའི།། བུ་ནི་སྟོབས་དང་ལྡན་པ་སྐྱེ།།དེ་ལས་ལོ་ནི་མ་ཚང་བའི།། ནད་ཅན་ཚེ་ཐུང་སྐལ་ངན་པའི།། བུ་ཆགས་པའམ་ཆགས་མི་འགྱུར།།”⑥ཞེས་དམིགས་གསལ་མངལ་སྦྲུམ་པའི་ལོ་ཚོད་ནི་བཅུ་དྲུག་ལེགས་པ་བསྟན་ཡོད། ཡང་《དཔལ་ལྡན་རྒྱུད་བཞི་》ལས། “མོ་ཡི་རྩ་ནི་ཕྲ་ལ་མྱུར་བར་འཕར།།”⑦ཞེས་བརྟག་ཡུལ་ཐ་མལ་ནད་མེད་ཀྱི་གཞོན་ནུ་མ་ལ་མཁྲིས་ཤས་ཆེ་བས་རྩ་ཡང་ཕྲ་མཁྲང་གྲིམས་པའི་ཁྱད་ཆོས་ཡོད་པ་བརྗོད་ཡོད། གཞན་ཡང་《མདོར་བསྡུས་གསང་ཏིག་སྒྲོན་མ་》ལས། “ལྔ་བཅུ་ཡན་ཆད་རྒས་པ་ལ།། ཚ་བ་ཇི་ལྟར་ཆེ་འགྱུར་ཡང་།། ཁ་ཟས་ཁྲོལ་ནུས་ལུས་ཟུངས་གསོ།།”⑧ཞེས་དམིགས་གསལ་དུ་རྒས་པའི་ལོ་ཚོད་ཀྱི་དབྱེ་བ་བསྟན་ཡོད་པ་མ་ཟད།《སོ་མ་རཱ་ཛ་》ལས། “བུད་མེད་ཁྲག་ནི་སྐམ་པ་ན།། བྲང་རུས་ན་ཞིང་ཤ་སྐམ་ན།། ཟླ་མཚན་ནད་དུ་སོང་བའམ།།ཡང་ན་རྒས་པ་དག་ཡིན་ནོ།།”⑨ཞེས་ཟླ་མཚན་ཆད་པ་ནས་བཟུང་བུད་མེད་ཉིད་རྒས་མགོ་ཚུགས་པ་གསལ་སྟོན་བྱས་ཡོད་པ་དང་། དེ་མིན་《དཔལ་ལྡན་རྒྱུད་བཞི་》ལས།“རྒས་པ་རླུང་མི་དར་མ་མཁྲིས་པའི་མི།། བྱིས་པ་བད་ཀན་མི་ཡིན་ན་སོས་གཉན།།”⑩ཞེས་ཉེས་གསུམ་དང་ན་ཚོད་བར་གྱི་འབྲེལ་བ་བསྟན་ཡོད་པ་སོགས་ཀྱི་ཁུངས་ལུང་དག་ལ་གཞིགས་ན། སྐྱེ་འཕེལ་དུས་རིམ་ནང་བུད་མེད་ཀྱི་ལུས་རྟེན་གྱི་འགྱུར་ལྡོག་ལ་གནད་འགག་གི་དུས་གཟེར་བདུན་ཡོད་དེ། དེ་དག་ནི་ལོ་བཅུ་དང་བཅུ་གཉིས། བཅུ་དྲུགཉེར་ལྔ། སོ་ལྔ། ལྔ་བཅུ། བདུན་ཅུ་བཅས་ཡིན་པར་སྙམ།
          ཁ། ན་ཚོད་དང་ཉེས་གསུམ། ལུས་པོའི་འགྱུར་ལྡོག་གི་ཆོས་ཉིད་ལ་དཔྱད་པ། གོང་ནས་ལུས་རྟེན་མོའི་ཆགས་པའི་གནས་སྐབས་ཀྱི་ཉེས་གསུམ་དང་ལུས་པོའི་འགྱུར་ལྡོག་གི་ཆོས་ཉིད་བསྟན་པ་ནང་བཞིན། བུད་མེད་ཀྱི་གནས་པའི་དུས་སྐབས་ཀྱི་གནས་ལུགས་ནི། བུད་མེད་ཀྱི་སྐྱེ་འཕེལ་མ་ལག་གི་དབྱིབས་དང་བྱེད་ལས་སོགས་ཀྱང་ཕྱིའི་ཉི་ཟླའི་འཕེལ་འགྲིབ་ཇི་བཞིན་འཕོ་འགྱུར་འབྱུང་བཞིན་ཡོད་དེ། འཕོ་འགྱུར་དེ་གནད་འགག་གི་དུས་ཚོད་བདུན་དང་སྦྱར་ནས་བསྟན་ཆོག་སྙམ། སྐྱེ་འཕེལ་དུས་རིམ་ནང་བུད་མེད་ཀྱི་གནད་འགག་གི་དུས་གཟེར་བདུན་ནི། ལོ་བཅུ་དང་བཅུ་གཉིས། བཅུ་དྲུག ཉེར་ལྔ། སོ་ལྔ། ལྔ་བཅུ།བདུན་ཅུ་བཅས་ཡིན། ཐོག་མར་ལོ་བཅུ་ཚུན་གྱི་བུད་མེད་ནི་བད་ཀན་ཤས་ཆེ་ལ། འབྱུང་བ་ས་ཆུའི་རང་བཞིན་གྱིས་རླུང་མཁྲིས་གཉིས་ཀྱི་མགོར་མནན་པས་རླུང་མཁྲིས་གཉིས་ཅུང་ཟད་བག་ལ་བྱ་བའི་ཚུལ་དུ་གནས་ཡོད། དུས་འདིར་དོན་སྣོད་དབང་བོ་གང་ཡང་ལྟོས་བཅས་ཀྱི་འཚར་ལོངས་བྱེད་པ་དལ་ལ། ལྷག་པར་དུ་རྟེན་ཁྲག་མཁྲིས་དང་བརྟེན་པ་རླུང་གིས་བྱེད་ལས་གཙོར་བྱེད་པའི་སྐྱེ་འཕེལ་མ་ལག་ཉིད་འཚར་ལོངས་བྱེད་པ་དལ། བུད་མེད་ལོ་བཅུ་ནས་བཟུང་བད་ཀན་རིམ་བཞིན་བྲི་ནས་འབྱུང་བ་མེ་དང་རླུང་གཉིས་རིམ་བཞིན་འཕེལ་བའི་འགོ་ཚུགས་ལ། མེ་མེད་མི་སྨིན་རླུང་མེད་འཕེལ་མི་ནུས་ཞེས་གསུངས་པ་ལྟར་དུས་སྐབས་འདིར་འབྱུང་བ་མེ་དང་རླུང་གཉིས་ཀྱིས་བརྟེན་བུ་སྣོད་དང་བསམ་སེའུ་སོགས་སྔར་ལས་ལྡབ་འགྱུར་གྱིས་འཕེལ་དུ་བཅུག དུས་སྐབས་འདིར་མེ་རླུང་གཉིས་ལས་མེ་ཤས་ཆེ། ལོ་བཅུ་གཉིས་ལ་སླེབས་ཚེ་རླུང་མཁྲིས་གཉིས་འཕེལ་བ་ལྡང་ཚད་ངེས་ཅན་དུ་སླེབས་ཡོད་ལ། ལྷག་པར་དུ་རླུང་འཕེལ་བ་སྔར་ལས་ཅུང་ཟད་མངོན་གསལ་ཅན་དུ་གྱུར་ལ། ཁ་ཟས་ཀྱི་དྭངས་མ་ལས་རིམ་བཞིན་བྱུང་བའི་ཁུ་བ་དམར་པོ་བསམ་སེའུར་གནས་པ་དེར་ཐུར་སེལ་རླུང་གི་བྱེད་ལས་ལ་བརྟེན་ནས་རྩ་ཆེན་གཉིས་བརྒྱུད་དེ་བུ་སྣོད་ཀྱི་ནང་དུ་ཞུགས་ལ་ཕྱིར་འཛག་པ་ཡིན་མོད། འོན་ཀྱང་དམིགས་གསལ་དུ་ཟླ་མཚན་འཛག་པའི་གནས་སྐབས་སུ་ཁྲག་ཉིད་ཟད་པས་མཁྲིས་པའི་རྣོ་ཚའི་མཚན་ཉིད་མར་ཆགས་ལ་ལུས་དྲོད་ཀྱང་ལྟོས་བཅས་ཀྱིས་མར་ཆགས་པ་ཡིན་ནོ།། དེའང་《དཔལ་ལྡན་རྒྱུད་བཞི་》ལས། “མཁྲིས་ཟད་དྲོད་མདོག་ཉམས་པས་དྲང་དང་ནག།” ⑾ཞེས་དང་། “ཁྲག་ཟད་རྩ་ལྷོད་ལྤགས་རྩུབ་བསིལ་སྐྱུར་དལ།།”⑿ཞེས་གསུངས་པ་ལྟར་ཁྲག་མཁྲིས་ཟད་པས་ལུས་དྲོད་ལྟོས་བཅས་ཀྱིས་དམའ་རུ་ཕྱིན་པ་སོགས་ལས་གསལ། གཞན་ཁྲག་མཁྲིས་འཕེལ་བའི་གནས་སྐབས་འདིར་མེ་མཉམ་རླུང་གིས་ལུས་ཟུངས་ཁུ་བར་དྭངས་སྙིགས་ལེགས་པར་བྱས་ནས་ཁུ་བའི་དྭངས་མའི་ཁྲག་དེ་ནུ་མའི་གསོས་སུ་འགྱུར་ནས་བུད་མེད་ཀྱི་སྐྱེ་འཕེལ་མ་ལག་གི་མཚོན་རྟགས་གཙོ་བོ་གཞན་ཞིག་སྟེ་བྲང་སྐྱེས་ནུ་མ་ཡང་ཕྱིར་མངོན་ནོ།།
          དེ་ཡང་ལོ་བཅུ་དྲུག་ལ་སླེབས་དུས་བུ་སྣོད་དང་་བསམ་སེའུ་སོགས་སྐྱེ་འཕེལ་མ་ལག་ཡོངས་སུ་འཚར་ལོངས་བྱུང་ཡོད་པ་མ་ཟད། བུད་མེད་ཀྱི་མངལ་ཉིད་གཙོར་བྱས་ལུས་སྤྱི་ཡི་རླུང་མཁྲིས་བད་ཀན་གསུམ་ཆ་མཉམ་པའི་དུས་ལ་སླེབས་པས། དུས་འདིར་མངལ་སྦྲུམ་ཚེ་བུ་ནི་སྟོབས་དང་ལྡན་པ་སྐྱེ་སྲིད། དམིགས་གསལ་དུ་སྦྲུམ་དུས་སུ་རླུང་མཁྲིས་གཉིས་ལས་རླུང་གིས་བྱེད་ལས་གཙོར་ཆེར་བཏོན་པས་བད་ཀན་བྲི་ལ་མཁྲིས་པ་འཕེལ་བའི་ནམ་རྒྱུན་ལས་བུད་མེད་ཀྱི་ལུས་དྲོད་མཐོ་ལ། དེ་ཡང་ཕྱི་ལུགས་གསོ་རིག་ལས། མངལ་འཛིན་པའི་དུས་སུ་ལུས་དྲོད་དེ་རྒྱུན་ལྡན་ལས་ཏུའུ་ཐིག་ཚེག་གསུམ་ནས་ཐིག་ཚེག་ལྔ་བར་ཇེ་མཐོར་འགྲོ་བ་ཡིན་ཟེར་བ་ནང་བཞིན་ནོ།།
          ཡང་《བདུད་རྩི་ཆུ་རྒྱུན་》ལས། “ཚེས་16ནས་གནམ་གང་བར་ཉི་མའི་སྟོབས་ལྷག་པར་འཕེལ་ཏེ་ཁམས་དམར་པོ་རིམ་པས་འཕེལ་ནས་བསམ་སེའུ་གསོག་པར་བྱེད་ལ། སླར་ཚེས་གཅིག་ནས་ཟླ་བ་དཀར་ཕྱོགས་དུས་བསམ་སེ་དང་བུ་སྣོད་གཡས་གཡོན་གཉིས་པོར་འབྲེལ་བའི་རྩ་ཆེན་གཉིས་པོ་བརྒྱུད་ནས་མངལ་གྱི་སྦུབས་སུ་འཇུག དེར་ཞུགས་པ་ཙམ་གྱིས་མངལ་སྒོ་ཕྱེ་ནས་ཐུར་དུ་འཛག་པ་ཡིན། ཚེས་1ནས་15བར་ཟླ་བའི་ཁམས་འཕེལ་ཞིང་ཉི་མའི་ཁམས་འགྲིབ་པ་ཡིན་པས་དཀར་ཕྱོགས་ལ་འཛག་པ་ཤས་ཆེ།”⒀ཞེས་གསུངས་པ་ལྟར་ཕྱི་ནང་གི་འབྱུང་བའི་མཐུན་རྐྱེན་གྱིས་དབང་གིས་ཟླ་གཅིག་གི་རིང་ལ་ཉི་ཟླ་སྟོབས་གཉིས་སུ་འབྱུང་ཚེ། ཚེ་ལོ་བདུན་ཅུ་ཡིན་པའི་དེང་གི་དུས་འདིར་མི་ཚེ་གཅིག་གི་གོ་རིམ་ཁྲོད་ལོ་སོ་ལྔ་ཡན་ཆད་ནི་ཉི་མའི་སྟོབས་རབ་ཏུ་འཕེལ་བ་ཡིན་ལ། སོ་ལྔ་མན་ཆད་ནི་ཟླ་བའི་སྟོབས་འཕེལ་བས་རླུང་འཕེལ་འགོ་ཚུགས་པས་དུས་གལ་ཆེན་ཡིན་སྙམ། དེས་ན་ལོ་བཅུ་དྲུག་ནས་ལྔ་བཅུའི་བར་གྱི་དུས་རིམ་ཐོག་མར་རླུང་གི་གྲོགས་ལ་བརྟེན་ནས་མཁྲིས་པ་ཉིད་རབ་ཏུ་འཕེལ་ལ་བད་ཀན་གྱི་ཆ་རིམ་བཞིན་བྲི་བ་ཡིན། དེ་ཡང་མཁྲིས་པ་ལྡང་ཚད་ངེས་ཅན་ཞིག་ཏུ་སླེབས་རྗེས་མེ་ནུས་ཀྱིས་འབྱུང་བ་ཆུའི་ཁམས་རིམ་བཞིན་སྐམ་དུ་བཅུག་པས་ཟླ་མཚན་རིམ་བཞིན་ཇེ་ཉུང་ཡིན། དེ་ཡང་ཆུ་ནུས་ཡོངས་སུ་ཉམས་ཚེ་མེ་ནུས་བཏང་སྙོམས་ཀྱི་གྲོགས་མེད་པས་མེ་ནུས་རིམ་བཞིན་ཤོར་ལ། མེ་ནུས་རླུང་ལ་ཐིམ་པ་ནི་འབྱུང་བའི་ཆོས་ཉིད་དོ།། ལོ་ལྔ་བཅུ་ཐོན་དུས་མངལ་གནས་གཙོར་བྱས་ལུས་སྤྱི་ཡི་བད་ཀན་ཟད་པ་ཚད་ངེས་ཅན་ཐོན་པའི་སྐབས་འདིར་རླུང་རབ་ཏུ་འཕེལ་ལ་འབྱུང་བ་ས་ཆུ་མེ་གསུམ་ཉམས་པས་ཟླ་མཚན་གསོག་པའི་རྒྱུ་མེད་པའི་ཟླ་མཚན་ཆད་ལ། གཤམ་གྱི་རི་མོ་འདི་ནི་ཉེས་གསུམ་གྱི་ལྡང་ཚད་དང་རང་མདོག འབྱུང་བཞིའི་ཐིམ་ཚུལ་སོགས་བོད་ཀྱི་གསོ་རིག་གི་ཐུན་མོང་མ་ཡིན་པའི་ནང་དོན་རྣམས་དེང་རབས་ཀྱི་ཐབས་ལམ་བརྒྱུད་ནས་ངོ་སྤྲོད་བྱས་ཡོད།
 
          (ཉེས་གསུམ་གྱི་འགྱུར་ལྡོག་སྟོན་པའི་དཔེ་རིས་འདི་ནི་དཔལ་ལྡན་རྒྱུད་བཞི་ལས་ཉེས་གསུམ་གྱི་ལྡང་ཚད་གཞིར་བཟུང་ནས་གཏན་འབེབས་བྱས་པ་ཡིན། དེ་ལས་ལྒང་ཕུག་གང་གི་ཚད་དང་གསང་སྒྲོ་གང་གི་ཚད་སོགས་ནི་ཕྱི་ལུགས་གསོ་རིག་གི་ནང་དོན་གཞིར་བཟུང་པ་ཡིན། སྙིམ་པའི་ཚད་ནི་བུད་མེད་མང་པོའི་སྙིམ་པའི་ཚད་འཇལ་བའི་ཆ་སྙོམས་ཀྱི་གྲངས་ཚད་ཡིན། ཡིན་ན་ཡང་། སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ།། བསྟན་བཅོས་ཀུན་ལ་འདི་གཅེས་བཟུང་།། ཞེས་གསུངས་པ་ལྟར་ཉེས་གསུམ་གྱི་འགྱུར་ལྡོག་གི་སྣང་ཚུལ་ཡང་སྤྱིའི་དབང་དུ་བྱས་པ་མ་གཏོགས་དམིགས་གསལ་དུ་མི་སྒེར་སོ་སོར་ཁྱད་པར་ཡོད། )
          གསུམ། འཇིག་པའི་གནས་སྐབས་ཀྱི་ཉེས་གསུམ་དང་ལུས་པོའི་འགྱུར་ལྡོག་གི་ཆོས་ཉིད་ལ་དཔྱད་པ། 
          འཇིག་པའི་གནས་སྐབས་སུ་འབྱུང་ལྔའི་ཐིམ་ཚུལ་གྱི་ཆོས་ཉིད་ཀྱིས་ཐོག་མར་སའི་ནུས་པ་སྲ་བརྟན་གྱི་ཆ་དེ་ཆུ་ལ་ཐིམ་པས་གཟུགས་མི་མཐོང་ཞེས་དོན་དང་སྣོད། དབང་བོའི་རྟེན་གནས་སུ་སྐབས་སོ་སོའི་ལུས་ཟུངས་དང་དྲི་མ་ལ་མྱག་བཞུ་དྭངས་སྙིགས་འབྱེད་པའི་ནུས་པ་ཉམས་ཞན་དུ་འགྲོ་བ་དང་དོན་སྣོད་དབང་བོའི་དབྱིབས་ཀྱང་ཇེ་ཆུང་དུ་འགྱུར་བ་ཡིན་པས། བུད་མེད་ཀྱི་སྐྱེ་འཕེལ་མ་ལག་གི་ཐུན་མོང་མ་ཡིན་པའི་ནུས་པ་སྐོར་ཞིག་འཆོར་འགོ་ཚུགས་ལ། བུད་མེད་ཀྱི་ཕྱིའི་སྐྱེ་འཕེལ་མ་ལག་གི་དབྱིབས་ཀྱང་ཇེ་ཆུང་དུ་འགྲོ་བ་ཡིན། བར་དུ་ཆུའི་ནུས་པ་མེ་ནུས་ལ་ཐིམ་པའི་སྐབས་འདིར་བུ་ག་སྐམ་པ་ཞེས་བད་ཀན་གྱི་རྒྱུ་ལམ་མམ་བད་ཀན་གྱི་རྟེན་དུ་གྱུར་བ་ལུས་ཟུངས་ཀྱི་དྭངས་མ་ཤ་ཚིལ་རྐང་ཁུ་ལྔ་དང་། དྲི་མ་བཤང་གཅི་གཉིས། དབང་བོ་སྣ་ལྕེ་གཉིས། དོན་སྣོད་གློ་མཆིན་ཕོ་མཁལ་ལྒང་བ་ལྔ་སོགས་ཀྱིས་མྱག་བཞུ་དྭངས་སྙིགས་འབྱེད་པའི་བྱེད་ལས་ཉམས་པས། ཟླ་མཚན་དང་ཁམས་དཀར་སོགས་ལུས་ཟུངས་དང་དྲི་མ་རྣམས་བསྐྲུན་གསོག་འཕེལ་གསུམ་བྱེད་པའི་རྟེན་རྣམས་མེ་ཡིས་བསྲེགས་པས། སྐྱེ་འཕེལ་མ་ལག་གི་གནས་སུ་ལུས་ཟུངས་འགྱུར་ཚུལ་གྱི་གོ་རིམ་མཚམས་བཞག དེ་ནས་མེ་ནུས་རླུང་ལ་ཐིམ་སྟེ་དྲོད་རྣམས་སྡུད་པས་མཁྲིས་པ་འཇུ་བྱེད་ཀྱི་བྱེད་ལས་ཉམས་པས། མཁྲིས་པའི་རྒྱུ་ལམ་གཙོ་བོ་སྟེ་ཁྲག་རྔུལ་མིག་དང་མཆིན་མཁྲིས་རྒྱུ་མ་སོགས་ཀྱིས་དེ་སྔར་བསྐྲུན་གསོག་འཕེལ་གསུམ་བྱས་པའི་ལུས་ཟུངས་རྣམས་བེད་སྤྱོད་བྱེད་དགོས་པས་རྒྱུའི་རྒྱུ་ཟད་པ། མཐའ་མར་རླུང་ནུས་མཁའ་ལ་ཐིམ་སྟེ་རླུང་མེ་མཉམ་གྱིས་ལུས་ཟུངས་དང་དྲི་མ་གཉིས་དྭངས་སྙིགས་འབྱེད་པའི་བྱེད་ལས་ཉམས་པས་ལུས་ཟུངས་དང་དྲི་མ་གཉིས་བསྲེས་ཏེ་ལུས་ཉིད་འཇིག་པར་བྱེད་དོ།། སྤྱིར་བུད་མེད་ཀྱི་ལུས་རྟེན་འདིའི་འབྱུང་བཞིའི་ཐིམ་ཚུལ་ནི་གོང་ལྟར་ངེས་མོད། ཡིན་ཡང་དངོས་པོ་གང་ལ་ཡང་སྐྱེ་མཆེད་གསོག་ལྡང་གི་འཕེལ་འགྱུར་གྱི་གོ་རིམ་ཡོད་པས་སྐབས་འདིར་བསྟན་པའི་འབྱུང་བཞིའི་ཐིམ་ཚུལ་དེ་ནི་སྐྱེ་མཆེད་གསོག་པའི་འགྱུར་འབྱུང་གི་གོ་རིམ་དེ་ཡིན་ནོ།།
          མཇུག་བསྡུ་བ།
          བུད་མེད་ཀྱི་ལུས་རྟེན་ལ་འགྱུར་ལྡོག་འབྱུང་སྲིད་པའི་གནད་འགག་གི་དུས་བདུན་ཡོད་དེ། དུས་གཟེར་བདུན་པོ་འདིར་སྒོ་གསུམ་གྱི་སྤྱོད་པ་དུས་ལྟར་འགྱུར་ལྡོག་གཏོང་མ་ཤེས་ཚེ་མོ་ནད་ཀྱི་སྐྱེ་མཆེད་གསོག་ལྡང་གི་རྐྱེན་ནི་སྒོ་ཀུན་ནས་འཚང་རྒྱ་བའི་གནས་སུ་གྱུར་བས། བདེ་ཐང་སློབ་སྟོན་པའམ་སྨན་པ། ནད་གཡོག ནད་པ་གསུམ་གའི་འགྱུར་ལྡོག་འདིའི་ཁྱད་ཆོས་ངེས་པར་དུ་ཤེས་རྟོགས་བྱ་དགོས་ལ། གོང་ལྟར་ཤེས་རྟོགས་བྱུང་ཚེ་དུས་རིམ་སོ་སོའི་མོ་ནད་ཀྱི་སློང་རྐྱེན་ནི་གང་དག་ཡིན་པ་དང་། དུས་རིམ་སོ་སོའི་རྒྱུན་མཐོང་གི་མོ་ནད་གང་ཡིན་སྲིད་པ། རྒྱུན་མཐོང་གི་མོ་ནད་རྣམས་ལ་ཁྲག་གི་དུས་དང་ཁྲག་རླུང་འཐབ་པའི་དུས། རླུང་གི་དུས། གྲང་བ་གཏིང་འཁར་གྱི་དུས་སོགས་དུས་ཀྱི་ལོ་མའི་འཕེལ་འགྱུར་གྱི་གོ་རིམ་མངའ་བ། མོ་ནད་ཀྱི་གསོ་ཚུལ་རྩ་དོན་དང་བཅོས་ཐབས་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་བཙན་པ་སོགས་མོ་ནད་གསོ་དཔྱད་ཀྱི་འཕེལ་རྒྱས་ལ་རྨང་གཞི་རྒྱ་ཆེན་པོ་འདིང་ཐུབ་སྙམ།
          མཆན་འགྲེལ།
          ①གཡུ་ཐོག་ཡོན་ཏན་མགོན་པོ། 《དཔལ་ལྡན་རྒྱུད་བཞི》 [M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོའི་ཟླ་5བ། ཤོག་ངོས་29ལ་གསལ།
          ②2012ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་མ་བུ་བདེ་སྲུང་བྱ་བའི་གྲོས་ཚོགས། དྲ་ངོས་རྒྱུ་ཆ།
          ③སྐྱེམ་པ་ཚེ་དབང་། 《སྐྱེམ་པའི་རྒྱུད་བཞིའི་འབྲུ་འགྲེལ》[M] མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་5བ། ཤོག་ངོས་205་ལ་གསལ།
          ④འབྲི་གུང་ཆོས་གྲགས། 《འབྲི་གུང་གསོ་རིག་གཅེས་བཏུས》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོའི་ཟླ་8བ། ཤོག་ངོས་165་ལ་གསལ།
          ⑤གཡུ་ཐོག་ཡོན་ཏན་མགོན་པོ། 《དཔལ་ལྡན་རྒྱུད་བཞི》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོའི་ཟླ་5བ། ཤོག་ངོས་17་ལ་གསལ།
          ⑥སློབ་དཔོན་དཔའ་བོ། 《ཡན་ལག་བརྒྱད་པ་སྙིང་བོ་བསྡུས་པ》[M] མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ1པོ། ཤོག་ངོས་263ལ་གསལ།
          ⑦གཡུ་ཐོག་ཡོན་ཏན་མགོན་པོ། 《དཔལ་ལྡན་རྒྱུད་བཞི》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོའི་ཟླ་5བ། ཤོག་ངོས་560ལ་གསལ།
          ⑧སློབ་དཔོན་ཀླུ་སྒྲུབ། 《མདོར་བསྡུས་གསང་ཏིག་སྒྲོན་མ》[M[ མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་8བ། ཤོག་ངོས་238 ལ་གསལ།
          ⑨མཁས་མང་བགྲོས་པ། 《སྨན་དཔྱད་ཟླ་རྒྱལ》[M] མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་1པ། ཤོག་ངོས་148་ལ་གསལ།
          ⑩གཡུ་ཐོག་ཡོན་ཏན་མགོན་པོ། 《དཔལ་ལྡན་རྒྱུད་བཞི》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོའི་ཟླ་5བ། ཤོག་ངོས་10ལ་གསལ།
          ⑾⑿གཡུ་ཐོག་ཡོན་ཏན་མགོན་པོ། 《དཔལ་ལྡན་རྒྱུད་བཞི》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006ལོའི་ཟླ་5བ། ཤོག་ངོས་39、40ལ་གསལ།
          ⒀བྱང་བ་རྣམ་རྒྱལ་གྲགས་བཟང་། 《བདུད་རྩི་ཆུ་རྒྱུན》 [M] མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་1པོ། ཤོག་ངོས་54་ལ་གསལ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1