གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༢༤ཉིན།

ལོ་རྒྱུས་ལ་དངོས་སུ་བརྒྱུད་མྱོང་མཁན་གྱིས་དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་སྐོར་གླེང་པ།


          ཟླ་5པའི་ཚེས་21ཉིན་གྱི་ཕྱི་དྲོར།  བོད་ལྗོངས་རང་སའི་རི་མོ་བ་གྲགས་ཅན་ཚེ་དབང་བཀྲ་ཤིས་ཀྱི་ལག་ལ་《དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས》ཞེས་པའི་དེབ་གསར་ཞིག་བཟུང་ནས་ལྷ་སའི་རླུང་རྟའི་དཔེ་ཚོང་ཁྲོམ་ར་ནས་ཀློག་པ་པོ་ཁག་ཅིག་དང་ངོ་ཐུག   ཚེ་དབང་བཀྲ་ཤིས་ཀྱིས་དེབ་དེའི་གསར་རྩོམ་གྱི་བརྒྱུད་རིམ་དང་ཁོང་གིས་བོད་ཀྱི་དེང་རབས་མཛེས་རྩལ་ལ་ཞིབ་འཇུག་བྱས་པའི་སྐོར་ཀྱི་མྱོང་ཚོར་ཐད་ནས་ཁ་བརྡ་བྱས།
ཚེ་དབང་བཀྲ་ཤིས་ཀྱི་དེབ་གསར་《དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས》ཞེས་པ།
           ཚེ་དབང་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན།  ཁོང་གི་རབ་འབྱམས་པའི་མཐར་ཕྱིན་དཔྱད་རྩོམ་ལས་ནང་དོན་ཁག་གཅིག་ནི་བོད་ཀྱི་དེང་རབས་མཛེས་རྩལ་གྱི་འཕེལ་རྒྱས་སྐོར་དང་འབྲེལ་བ་ཡོད།  འོན་ཀྱང་དེ་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་འཚོལ་སྡུད་བྱེད་སྐབས་ཤེས་རྟོགས་བྱུང་བ་ནི།  སྐབས་དེར་དེང་རབས་བོད་ཀྱི་མཛེས་རྩལ་ཞིབ་འཇུག་སྐོར་གྱི་རྒྱུ་ཆ་ཧ་ཅང་ཉུང་། 
           “སྐབས་དེར། ངས་ཕྱི་རྒྱལ་དུ་སློབ་གཉེར་བྱེད་བཞིན་ཡོད་པས་གནས་སྐབས་སུ་ཕྱིར་ལོག་ཐབས་བྲལ།  ངས་བོད་དུ་ཡོད་པའི་རང་གི་ཨ་ཕར་མངགས་བཅོལ་སྒོས་དུས་རབས་ཀྱི་སློབ་དཔོན་ཆེན་མོ་ཨ་མདོ་བྱམས་པར་བཅར་འདྲི་གནང་བ་དང་ད་དུང་དེང་རབས་བོད་ཀྱི་མཁས་པ་གྲགས་ཅན་དགེ་འདུན་ཆོས་འཕེལ་གྱི་མཛད་འཕྲིན་སྐོར་ནས་སྐད་ཆ་དྲིས།”ཚེ་དབང་བཀྲ་ཤིས་ཀྱིས་དེ་ལྟར་བརྗོད་པ་དང་། ཁོས་ད་དུང་བཤད་པར། ཨ་ཕས་སྐུ་ཞབས་ཨ་མདོ་བྱམས་པའི་མཛད་རྣམ་དང་དགེ་འདུན་ཆོས་འཕེལ་གྱི་འབྲེལ་ཡོད་རི་མོ་གསར་རྩོམ་གྱི་གནས་ཚུལ་སྐོར་ཞིབ་མོར་ཟིན་ཐོར་བཀོད་རྗེས་ང་ལ་བསྐུར་བྱུང་ཟེར། 
           “སྐབས་དེར་དེང་རབས་བོད་ཀྱི་མཛེས་རྩལ་ཞིབ་འཇུག་སྐོར་གྱི་རྒྱུ་ཆ་ཧ་ཅང་ཉུང་།”ཚེ་དབང་བཀྲ་ཤིས་ཀྱིས་ཡང་བསྐྱར་དེ་ལྟར་བརྗོད་བྱུང་། 
ཚེ་དབང་བཀྲ་ཤིས་ཀྱིས་ཁོང་གི་གསར་རྩོམ་མྱོང་ཚོར་གླེང་བ།
           རབ་འབྱམས་པར་སློབ་གཉེར་བྱེད་བཞིན་པའི་སྐབས་སུ།  ཚེ་དབང་བཀྲ་ཤིས་ལ་བག་ཆགས་ཅུང་ཟབ་པའི་དོན་དག་གཞན་ཞིག་བྱུང་བ་ནི།  ཚེ་དབང་བཀྲ་ཤིས་ཀྱིས་དབྱིན་ཇི་རུ་རྟོག་ཞིབ་བྱེད་སྐབས།  ལོན་ཏོན་སློབ་ཆེན་ཡ་ཧྥེ་སློབ་གླིང་ནས་འཆད་ཁྲིད་ཅིག་ལ་ཉན་པ་དང་།   འཆད་ཁྲིད་ལས་གཙོ་བོ་བོད་ནི་སྒྱུ་རྩལ་མཚོན་བྱེད་ཀྱི་བརྗོད་དོན་གཙོ་བོ་ཞིག་ཡིན་པའི་ངོས་ནས་སྒྱུ་རྩལ་བརྩམས་ཆོས་མི་འདྲ་བའི་ཁྲོད་ཀྱི་དེའི་མངོན་ཚུལ་སྐོར་གླེང་བྱུང་བ་དེ་རེད། 
           “ཐོག་མའི་བག་ཆགས་ནི་བོད་ཀྱི་དེང་རབས་མཛེས་རྩལ་དེ་རིག་གཞུང་ཞིབ་འཇུག་གི་ལས་གཞིའི་ངོས་ཐད་ནས་ནུབ་གླིང་གི་སློབ་ཆེན་གྲགས་ཅན་ཁག་ཏུ་ཞིབ་འཇུག་བྱེད་མཁན་བྱུང་བ་དེ་རེད།”ཚེ་དབང་བཀྲ་ཤིས་ཀྱིས་དེ་ལྟར་བརྗོད་པ་དང་།  ཕྱི་རྒྱལ་ལ་མ་ལོག་པའི་ཡར་སྔོན་དུ། ཚེ་དབང་བཀྲ་ཤིས་ཀྱིས་དེའི་སྐོར་གཅིག་ཀྱང་མི་ཤེས།
           འོན་ཀྱང་།  ཡོ་རོབ་གླིང་དང་མེ་གླིང་གི་མཁས་པའི་བོད་ཀྱི་དེང་རབས་མཛེས་རྩལ་ཐད་ཀྱི་ཞིབ་འཇུག་ལ་ཞིབ་པར་བརྟག་པ་ན།  ཚེ་དབང་བཀྲ་ཤིས་ཀྱིས་ཤེས་རྟོགས་བྱུང་བར།  ཕྱི་རྒྱལ་གྱི་མཁས་པའི་ཁྱབ་ཁོངས་འདིའི་ཞིབ་འཇུག་ནི་གཙོ་བོ་རྒྱལ་ནང་དུ་པར་དུ་བསྐྲུན་ཟིན་པའི་ཡིག་ཆ་ཉུང་ཤས་དེ་དག་ལ་བརྟེན་ཡོད།  ཡུལ་དངོས་རྟོག་ཞིབ་དེའང་གཙོ་བོ་ཕྱི་རྒྱལ་ནས་བྱས་པ་དང་། བོད་ནས་ཡུལ་དངོས་རྟོག་ཞིབ་བྱས་པའི་ཟབ་ཚད་དང་རྒྱ་ཁྱོན་སོགས་གང་ནས་ཀྱང་མི་འདང་།  དེ་མ་ཟད་ཁོ་ཚོའི་བོད་ཡིག་དང་རྒྱ་ཡིག་གི་ཡིག་ཆའི་སྐོར་གྱི་ཞིབ་འཇུག་གི་ནུས་པའང་ཞན།   དེ་བས་བོད་ཀྱི་དེང་རབས་མཛེས་རྩལ་ཀྱི་ཞིབ་འཇུག་ཐད་ལ་སྟོང་ཆ་དང་མི་འདང་ས་ཧ་ཅང་མང་། 
           “ངས་བསམ་ན་རང་གིས་ཤེས་རྟོགས་བྱུང་བ་དང་རྩོམ་པ་པོའི་གསར་རྩོམ་གྱི་དམིགས་ཡུལ་ངོ་མ།  བརྩམས་ཆོས་ཀྱི་ཤུགས་ན་ཡོད་པའི་གཏམ་རྒྱུད་བཅས་ཡིག་ངོར་ཕབ་ནས།  ཀློག་པ་པོས་དེ་ལས་ཕུན་སུམ་ཚོགས་པའི་ནང་དོན་རྒྱུས་ལོན་པ་བྱེད་དགོས།”ཚེ་དབང་བཀྲ་ཤིས་ཀྱིས་དེ་ལྟར་བརྗོད་བྱུང་། 
           ཕལ་ཆེར་ལོ་ངོ་ཉི་ཤུ་ལ་ཉེ་བར་མུ་མཐུད་ནས་སློབ་གཉེར་བྱས་པ་དང་།  ད་དུང་སློབ་ཆེན་དུ་སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག་གི་འགན་གཅིག་ལྕོགས་སུ་བཞེས་པས།  ཚེ་དབང་བཀྲ་ཤིས་ཀྱིས་ཞིབ་འཇུག་གི་འབྲས་བུ་དང་ཐོག་མའི་དཔྱད་གཞིའི་རྒྱུ་ཆ་མང་པོ་ཞིག་བསགས་ཡོད།  དེ་ལས་གཅིག་ནི་ཚེ་དབང་བཀྲ་ཤིས་ཀྱི་རྒྱལ་ཁབ་རིམ་པའི་རྣམ་གྲངས་ཀྱི་རེ་ཞུ་ལ་ཆོག་མཆན་ཐོབ་པའི་“བོད་ཀྱི་དེང་རབས་མཛེས་རྩལ་ཞིབ་འཇུག”ཞེས་པ་དེ་ཡིན།  2011ལོར་ལེགས་པར་གྲུབ་ནས།  དེབ་འདིའི་མཇུག་མཐའི་པར་སྐྲུན་ལ་རྨང་གཞི་ལེགས་པོ་བཏིངས། 
          རྣམ་གྲངས་འདི་འགྲུབ་ཆེད། ཚེ་དབང་བཀྲ་ཤིས་ཀྱིས་སྔ་ཕྱིར་ལྷ་ས་དང་ལྷོ་ཁ། ཆབ་མདོ། གཞིས་ཀ་རྩེ། མཚོ་སྔོན། ཀན་སུའུ། ཁྲེན་ཏུའུ། པེ་ཅིང་། ཧྲང་ཧའེ། ཡོ་རོབ་གླིང་བཅས་ལ་སོང་ནས་དེབ་འདི་དང་འབྲེལ་བ་ཡོད་པའི་སྒྱུ་རྩལ་པ་དང་།  སྒྱུ་རྩལ་པའི་བཟའ་མི། སྒྱུ་རྩལ་རིག་རྫས་བསྡུ་ཉར་བྱེད་མཁན། སྒྱུ་རྩལ་པའི་གྲོགས་པོ་སོགས་ལ་བཅར་འདྲི་བྱས།  དེ་དང་མཉམ་དུ་བོད་ཡིག་དང་རྒྱ་ཡིག  དབྱིན་ཡིག་བཅས་ཀྱི་ལམ་ནས་བྲིས་པའི་ཡིག་ཆ་མང་པོར་བལྟ་ཀློག་བྱས་པ་དང་།  སྒྱུ་རྩལ་པའི་བརྩམས་ཆོས་དང་མཛད་རྣམ་སོགས་ཀྱི་པར་རིས་དང་ཡིག་ཆ་མང་པོ་འཚོལ་བསྡུ་བྱས།  དེ་ལས་རྒྱུ་ཆ་མང་པོ་ཞིག་ནི་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་ཁྲོད་ཆེས་ཐོག་མར་བེད་སྤྱོད་བཏང་ནས་དངོས་སུ་པར་དུ་བསྐྲུན་པ་དེ་ཆགས་ཡོད། 
《དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས》ཀྱི་དེབ་གསར་འགྲེམས་སྤེལ་ཚོགས་འདུ།
           དུས་དེ་རིང་།  དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་འཕེལ་རྒྱས་ལོ་རྒྱུས་སྐོར་གླེང་བའི་བརྩམས་ཆོས་འདི་ཚང་མའི་སྤྱན་ལམ་དུ་བཀྲམ་ཐུབ་པ་བྱུང་བ་དང་། འདི་ལས་ཚེ་དབང་བཀྲ་ཤིས་ཀྱིས་མཛེས་རྩལ་ལོ་རྒྱུས་ཀྱི་རིག་གཞུང་བསམ་བློ་དང་དེང་རབས་སྒྱུ་རྩལ་རྣམ་པ་དེ་དུས་རབས་གཅིག་གི་རིང་ལ་བོད་ལྗོངས་ནས་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་དང་དེ་ལས་བྱུང་བའི་གྲུབ་འབྲས་སྐོར་གསེད་དཀྲོལ་དང་མངོན་ཐབས་བྱས།  ཚེ་དབང་བཀྲ་ཤིས་ཀྱིས་ཁྱད་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་ལ་བོད་ལྗོངས་དང་ནང་ལོགས་མཐོ་རིམ་སྒྱུ་རྩལ་སློབ་གླིང་དང་ཞིབ་འཇུག་ལས་ཁུངས་བཅས་ཁ་ཤས་ཀྱི་ཞིབ་འཇུག་འབྲས་བུ་དེའི་ནང་དུ་བཅུག་ཡོད་ལ།  དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ཀྱི་འབྱུང་ལུགས་འབྱུང་སྟངས་དང་དེ་དང་འབྲེལ་བ་ཟབ་པའི་སྤྱི་ཚོགས་ཆབ་སྲིད་དང་།  རིག་གནས། དཔལ་འབྱོར་སོགས་ཀྱི་རྒྱབ་ལྗོངས་ལ་རིག་གཞུང་ཀྱི་དབྱེ་ཞིབ་ནན་མོ་བྱས་ཡོད་པ་དང་། ལོ་རྒྱུས་འཕེལ་རྒྱས་དུས་རིམ་ཀྱི་བྱེ་བྲག་གི་སྒྱུ་རྩལ་དོན་རྐྱེན་དང་བརྩམས་ཆོས། ད་དུང་འབྲེལ་ཡོད་ཀྱི་སྒྱུ་རྩལ་པའི་སློབ་གཉེར་བརྒྱུད་རིམ་སོགས་ལའང་མ་ལག་རང་བཞིན་གྱི་སྒོ་ནས་ཞིབ་བརྗོད་བྱས་ཡོད།
           《དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས》ལས། ཚེ་དབང་བཀྲ་ཤིས་ཀྱིས་ཚན་པ་ཁག་དྲུག་ནས་ཞིབ་བརྗོད་བྱས་ཡོད་པ་སྟེ། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ཉེ་སྔོན་གྱི་སྲོལ་རྒྱུན་མ་ཡིན་པའི་རི་མོ་དེ་བོད་ནང་བྱུང་ཚུལ་དང་སྲོལ་རྒྱུན་རི་མོའི་མུ་མཐུད་འཕེལ་རྒྱས་དང་མཛེས་རྩལ་སློབ་གསོའི་སྐོར་གྱི་གནས་ཚུལ།  བོད་ཞི་བས་བཅིངས་འགྲོལ་གཏོང་སྐབས་ཀྱི་མཛེས་རྩལ། བོད་ཞི་བས་བཅིངས་འགྲོལ་བཏང་པ་ནས་བོད་རང་སྐྱོང་ལྗོངས་བཙུགས་པའི་བར་གྱི་ལོ་རྒྱུས་དུས་སྐབས་ཁྲོད་དུ་བོད་ཀྱི་མཛེས་རྩལ་འཕེལ་རྒྱས་བྱུང་ཚུལ། རིག་གནས་གསར་བརྗེ་ཆེན་པོའི་དུས་སྐབས་ཀྱི་བོད་ཀྱི་མཛེས་རྩལ། བཅོས་སྒྱུར་སྒོ་འབྱེད་བྱེད་པའི་དུས་སྐབས་ཀྱི་བོད་ཀྱི་མཛེས་རྩལ། ལོ་རབས་དགུ་བཅུ་པ་ནས་བཟུང་བོད་ཀྱི་མཛེས་རྩལ་ཀྱི་རྒྱུ་མང་འཕེལ་རྒྱས་བཅས་ཀྱི་སྐོར་ཡིན། 
           “དེབ་འདིས་བོད་ཀྱི་དེང་རབས་མཛེས་རྩལ་གྱི་ཞིབ་འཇུག་ཐད་ལ་རང་གི་འཇོན་ཚོད་ཀྱིས་བྱས་རྗེས་རེ་འཇོག་ཐུབ་པའི་རེ་བ་ཡོད།”ཅེས་ཚེ་དབང་བཀྲ་ཤིས་ཀྱིས་དེ་ལྟར་བརྗོད་བྱུང་།
           “བོད་ཞི་བས་བཅིངས་འགྲོལ་བཏང་པ་དང་དམངས་གཙོའི་བཅོས་སྒྱུར་ལས་བྱུང་བའི་རྩ་བའི་འཕོ་འགྱུར་དང་།  བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་གྱི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བཅས་ཚང་མས་དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལ་ཤུགས་རྐྱེན་གལ་ཆེན་ཐེབས།   དེའི་སྟབས་ཀྱིས་དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལ་ཞིབ་འཇུག་དང་ཕྱོགས་སྡོམ།  དེ་གལ་ཆེན་བྱས་ནས་འགོད་པའི་དགོས་པ་ཧ་ཅང་ཆེ།”ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་འགོ་གཙོ་ཧུང་ཐའོ་ཡིས་དེ་ལྟར་བརྗོད་པ་དང་། ཧུང་ཐའོ་ཡིས་ད་དུང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་དབང་བཀྲ་ཤིས་ནི་མིང་དུ་གྲགས་པའི་རི་མོ་བ་ཞིག་ཡིན་པར་མ་ཟད་མཛེས་རྩལ་སློབ་གསོ་བ་ཞིག་ཀྱང་ཡིན་ལ། མིང་དུ་གྲགས་པའི་མཛེས་རྩལ་ལོ་རྒྱུས་ཞིབ་འཇུག་ཆེད་མཁས་པའང་ཡིན།  ཁོས་བོད་ལྗོངས་དང་ནང་ལོགས། ནུབ་གླིང་གི་མཛེས་རྩལ་བཅས་ཀྱི་ཕྱོགས་མང་པོའི་སྲོལ་རྒྱུན་བསྡུ་ལེན་བྱས་ཡོད་པས།  ཁོས་《དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས》བྲིས་ན་འོས་ཤིང་འཚམས།  དེབ་ཡོངས་སུ་པར་རིས་དང་ཡི་གེ་སྦྲགས་ནས་ཡོད་པ་དང་། གོ་རིམ་གསལ་ཞིང་གཞུང་དོན་གནད་ལ་ཁེལ།  འདེངས་འཇོག་འོས་འཚམས་ཡིན་ལ།  རྒྱས་བསྡུས་རན་ཞིང་བརྗོད་དོན་གོ་སླ་བ། དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལ་ཚད་མཐོན་པོའི་སྒོ་ནས་སྙིང་བསྡུས་བྱས་ཡོད་པས། བོད་ཀྱི་མཛེས་རྩལ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་སྒོ་འབྱེད་ལྡེ་མིག་ལྟ་བུ་ཡིན་ཞེས་ཟེར། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1