༄༅། །མངོན་བརྗོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-11


ས་བཅད་དང་པོ། སྤྱིར་མིང་གི་མཚན་ཉིད་དབྱེ་བ་སོགས་བཤད་པ།

ཐོག་མའི་འདོད་རྒྱལ་རྗེས་གྲུབ་དོན་དང་ལྡན། །དངོས་མིང་དེ་བཞིན་བཏགས་མིང་འདྲ་འབྲེལ་གྱི།  །རྒྱུ་མཚན་ལས་བྱུང་དེ་ཉིད་ལྡོག་པའི་མིང་། །འབྲེལ་ལ་རྒྱུ་མིང་འབྲས་དང་འབྲས་མིང་རྒྱུ། །ཚོགས་པ་ཡ་ལ་བཏགས་ལྡོག་པ་སོགས། །

རང་གི་གདགས་གཞི་ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་རྗོད་བྱེད་ནི་མིང་གི་མཚན་ཉིད། དེ་བཏགས་པའི་གདོས་པ་ནི། འཕགས་པའི་ཞལ་ནས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོ་མིང་དུ་གདགས་པར་མཛད། །ཅེས་གསུངས་པ་ལྟར་ཐ་སྙད་བརྡར་གོ་བའི་མིང་ལ་རགས་ལས་པའོ། །

དེ་ལའང་རྒྱུ་མཚན་དང་དགོས་པ་ལ་མ་ལྟོས་པར་ཐོག་མའི་བརྡ་སྦྱར་བ་ནི་འདོད་རྒྱལ་གྱི་མིང་སྟེ། ནམ་མཁའ་ཆུ་ལ་སོགས་པ་ལྟ་བུ། སྨྲ་སྒོ་ལས། འདོད་རྒྱལ་ཐོག་མའི་མིང་གང་ཡིན། །ངེས་ཚིག་གཞི་མེད་ཆོས་ཉིད་བཞིན། །ཅེས་བཤད་དོ། །

སྔར་ཐ་སྙད་གྲུབ་ཟིན་པའི་མིང་དོན་གཞན་གྱི་མིང་དུ་བཏགས་པཔི་ནི་རྗེས་སུ་གྲུབ་པའི་མིང་སྟེ། དེ་ལའང་རྗེས་གྲུབ་འདོད་རྒྱལ་ནི་སྒྲ་བཤད་དུ་མི་རུང་བ། ཁྱི་ནག་པོ་ལ་དུང་ཞེས་བཏགས་པ་ལྟ་བུ། རྗེས་གྲུབ་དོན་དང་ལྡན་པའི་སྒྲ་བཤད་དུ་རུང་བ། ཁྱི་དཀར་པོ་ལ་དུང་ཞེས་བཏགས་པ་ལྟ་བུའོ། །

ཡང་མིང་ལ་དབྱེ་ན་དངོས་མིང་དང་། དེ་བཞིན་བཏགས་མིང་གཉིས། དང་པོ་ནི་འདོད་རྒྱལ་ཐོག་མའི་མིང་དུ་གྲགས་པའམ་དངོས་ཀྱི་སྒྲ་བཤད་གསུམ་པོ་གང་རུང་ཚང་བ། དེ་ལ་དབྱེ་ན་འདོད་རྒྱལ་ཐོག་མའི་དངོས་མིང་། ལྷ་ཞེས་པ་ལྟ་བུ། རྗེས་གྲུབ་འདོད་རྒྱལ་གྱི་དངོས་མིང་། ལྗོན་ཤིང་ལ་རྐང་འཐུང་ཞེས་པ་ལྟ་བུ། དོན་ལྡན་འཁྲུལ་མེད་ཀྱི་དངོས་མིང་། སྐྱེས་བུ་དཔའ་བ་ལ་སྟག་ཅེས་པ་ལྟ་བུའོ། །

བཏགས་མིང་གི་མཚན་ཉིད་བཏགས་པའི་སྒྲ་བཤད་ལྔ་པོ་གང་རུང་ཚང་པ། དེ་ལ་དབྱེ་ན་འདྲ་བ་རྒྱུ་མཚན་དུ་བྱས་པ། འབྲེལ་པ་རྒྱུ་མཚན་དུ་བྱས་པའམ་དེ་ལས་བྱུང་བ། དེ་གཉིས་ཀ་ལྡོག་པ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་གསུམ་དུ་ཡོད། དང་པོ་ནི་སྨན་བྱ་རོག་རྐང་ཞེས་པ་ལྟ་བུ། གཉིས་པ་འབྲེལ་མིང་ལ་རྒྱུ་མིང་འབྲས་བུ་ལ་བཏགས་པ། མ་ཞུ་བའི་ནད་ལ་མ་ཞུ་བ་བརྗོད་པ་ལྟ་བུ། འབྲས་མིང་རྒྱུ་ལ་བཏགས་པ་སྒྲོན་མེའི་ཤིང་ངམ། ཕྱུག་པོ་སེར་སྣ་ཅན་ལ་ཡི་དྭགས་སུ་བརྗོད་པ་ལྟ་བུ། ཚོགས་པའི་མིང་ཡ་གྱལ་ལ་བཏགས་པ་སྐྱེས་བུ་འགའ་ཞིག་ལ་ལྷའམ། བུད་མེད་ཁ་ཅིག་གི་མིང་དུ་བུ་མོ་བརྗོད་པ་ལྟ་བུ། དེ་ལས་ལྡོག་པ། ཡ་གྱལ་གྱི་མིང་ཚོགས་པ་ལ་བཏགས་པ་གསེར་སོགས་ལ་ལྕགས་ཞེས་བརྗོད་པ་ལྟ་བུ་དང་བཞིའོ། །གསུམ་པ་འདྲ་འབྲེལ་གཉིས་ཀ་ལས་ལྡོག་པའི་མིང་ནི། གཟའ་མིག་དམར་ལ་བཀྲ་ཤིས་དང་། བྱེད་པ་བིཥིཊ་ལ་བཟང་པོ་ཞེས་བརྗོད་པ་ལྟ་བུ་སོགས་སོ། །

ས་བཅད་གཉིས་པ། བྱེ་བྲག་མངོན་བརྗོད་ཀྱི་ཚུལ་བཤད་པ།

མིང་གཅིག་དོན་མང་དོན་གཅིག་མིང་མང་གིས། མངོན་བརྗོད་ཁམས་དང་མིང་དོན་ཁོང་ཆུད་བྱ། །དེ་ལྟར་བཤད་པའི་མིང་རྣམས་ཀྱང་མིང་གཅིག་ཁོ་ན་དོན་མང་པོ་ལ་འཇུག་པ། དཔེར་ན། འཆི་མེད་མཛོད་ལས། ཀཿནི་ཚངས་པ་རླུང་ཉི་བདག །ཀཾ་ནི་མགོ་དང་ཆུ་དག་ལ། །ཞེས་དང་། དབང་ཆེན་གུ་གུལ་འུག་པ་དང་། སྦྲུལ་འཛིན་རྣམས་ལ་ཀཽ་ཤི་ཀཿ། ཞེས་དང་། ཨརྠ་བརྗོད་བྱ་ནོར་ཚིག་དོན། དགོས་པ་དང་ནི་ལྡོག་པ་ལ། །ཞེས་དང་། ཨནྟ་རཾ་ནི་གོ་སྐབས་མཚམས། །སྨད་དགོས་སྒྲིབ་དབྱེ་དེ་ཡི་དོན། །སྐྱོན་བྲལ་ཕྱི་རོལ་བདག་གི་བ། སྐབས་དབུས་གང་གི་བདག་ལ་ཡང་། །ཞེས་དང་། སྭ་སྟི་སྨོན་བདེ་བསོད་ནམས་ཚོགས། །ཞེས་དང་། ཀླུ་སྒྲུབ་ཞབས་ཀྱིས། །ངག་ཕྱོགས་ས་དང་འོད་ཟེར་དང་། །ཕྱུགས་དང་མིག་དང་རྡོ་རྗེ་དང་། །མཐོ་རིས་ཆུ་སྟེ་དོན་དགུ་ལ། །མཁས་པས་གོ་སྒྲ་ངེས་པར་བཟུང་། །ཞེས་པ་ལྟ་བུ་དང་། གཞན་ཡང་མངོན་བརྗོད་མུ་ཏིག་ཕྲེང་བ་དང་། དཔལ་སྒྲའི་སྙེ་མ་སོགས་ནས་མཐའ་ཡས་པ་འབྱུང་བ་ལྟར་ལེགས་སྦྱར་ལ་ཤིན་ཏུ་མང་ཞིང་། བོད་སྐད་ལའང་། གཉིས་སྐྱེས་ཞེས་པའི་མིང་། ཟླ་བ། བྲམ་ཟེ། བྱ་སོགས་ལ་འཇུག་པ་དང་། མཁའ་འགྲོ་ཞེས་པ་གྲུབ་པའི་རྣལ་འབྱོར་མ་དང་། ཨོ་རྒྱན་སོགས་ཞིང་སྐྱེས་ཀྱི་མི་མོ། ཉི་མ། འདབ་ཆགས། མདའ་ལའང་འཇུག་པས་མཚོན་ཏེ་རྒྱ་ཆེར་རྟོགས་པར་བྱའོ། །

དོན་གཅིག་ལ་མིང་མང་པོ་དང་ལྡན་པ་ནི། འཆི་མེད་མཛོད་ལས། མཐོ་རིས་མི་ཟད་མི་བདེ་མེད། །ལེགས་གནས་སུམ་རྩེན་སྐབས་གསུམ་གནས། །ལྷ་ཡི་འཇིག་རྟེན་ཞེས་མཐོ་རིས་ཀྱི་མིང་གི་རྣམ་གྲངས་དང་། ཀུན་མཁྱེན་བདེ་གཤེགས་སངས་རྒྱས་དང་། །ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་བཅོམ་ལྡན་འདས། །བདུད་ཐུལ་རྒྱལ་བ་འཇིག་རྟེན་རྒྱལ། །མངོན་ཤེས་དྲུག་ལྡན་སྟོབས་བཅུ་པ། །གཉིས་མེད་གསུང་པ་རྣམ་པར་འདྲེན། །ཐུབ་དབང་དཔལ་སྟུག་སྟོན་པའོ། །ཞེས་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་སུ་གསུངས་པ་ལྟ་བུ་ཤིན་ཏུ་མང་པོ་རྣམས་ཏེ། མངོན་བརྗོད་དེ་རྣམས་ཀྱང་ལེགས་སྦྱར་ལ་བྱིངས་ཀྱི་ཁམས་དང་། སྐད་གཉིས་ཀར་མིང་དེའི་དོན་ནམ་རྒྱུ་མཚན་ཀྱང་ཁོང་དུ་ཆུད་པར་བྱ་དགོས་ཏེ། དཔེར་ན་ལེགས་སྦྱར་ལ། བུངྔྷཱཿཞེས་པ་བུངྷི་རྟོགས་པའི་བྱིངས་ལ་དངོས་པོའི་དོན་ཀྟ་རྐྱེན་དུ་སྦྱར་ནས་བསྡུས་པས་གཉིད་དང་བྲལ་བ་ལྟ་བུའི་སངས་པའམ་ཤེས་བྱའི་དངོས་པོ་ཐམས་ཅད་ཇི་བཞིན་དུ་རྟོགས་པའི་དོན་དུ་འགྱུར་བ་དང་། དེ་ཉིད་བོད་སྐད་དུ་སངས་རྒྱས་ཞེས་སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་དོན་ལ་བརྟོན་ནས་བསྒྱུར་པར་མཛད་དེ། དེའང་། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ནི་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །ཞེས་ངེས་ཚིག་དང་སྦྱར་དགོས་པས་མཚོན་ཏེ་རྗེས་སུ་དཔག་བར་བྱའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1