གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༢༨ཉིན།

ཝང་དབྱང་དཀར་མཛེས་ཁུལ་དུ་རྟོག་ཞིབ་ལ་ཕེབས་པ།

        ཉེ་ཆར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་ལ་ཕེབས་ཏེ།  ཁོང་གིས་བོད་ཁུལ་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་ཀ་ཡོངས་དང་འབྲེལ་ཞིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཁུལ་ལས་དོན་ཐད་གནང་བའི་རྒྱས་བཤད་གལ་ཆེན་དང་ཏང་གི་བོད་སྐྱོང་ཇུས་གཞི་ལག་བསྟར་དོན་འཁྱོལ་ནན་ཏན་དགོས་པ་དང་།  ཆབ་སྲིད་གོ་གནས་ཇེ་མཐོར་བཏང་ནས།  ཁྲིམས་ལྟར་བོད་སྐྱོང་དང་དམངས་ཕྱུག་བོད་དར།  ཡུན་རིང་བོད་སྐྲུན།  མི་སེམས་གཅིག་སྒྲིལ།  རྨང་གཞི་བརྟན་གཏོང་སོགས་རྒྱུན་འཁྱོངས་བྱ་རྒྱུ་དང་།  བློ་བརྟན་འགྱུར་མེད་ངང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ།  ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་ལྡན་སྒྲིག་རིམ་ལ་སྲུང་སྐྱོབ་བྱེད་པ།  ནུས་ཤུགས་ཡོད་རྒུས་དབུལ་སེལ་འགག་སྒྲོལ་གྱི་གཡུལ་ལ་འཐབ་པ།  བོད་ཁུལ་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་བརླིང་ཡོང་བར་འགན་སྲུང་བྱ་དགོས་ཞེས་བསྟན། 


        སྤྱི་ཚེས་25ཉིན་ནས་27ཉིན་བར། ཝང་དབྱང་དཀར་མཛེས་ཀྱི་གྲོང་གསེབ་དང་། འབྲོག་ཁུལ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཕེབས་ནས་གནས་ཚུལ་ལ་རྟོག་ཞིབ་གནང་པར་མ་ཟད། བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་ནས། འབྲེལ་ཡོད་ཕྱོགས་ཁག་གི་བསམ་འཆར་དང་གྲོས་གཞིར་གསན། ཝང་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སི་ཁྲོན་བོད་ཁུལ་གྱི་ཆོས་ལུགས་བྱ་བའི་དོ་དམ་དང་དབུལ་སེལ་འགག་གཏོར་ལས་ཀར་གྲུབ་འབྲས་ཁས་ལེན་གང་ལེགས་གནང་། ཁོང་གིས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས། ཆོས་ལུགས་ལས་རིགས་ཀྱིས་རང་འགུལ་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་ཞུ་རྒྱུར་ཁྲིད་སྟོན། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ། རྒྱལ་ཁྲིམས་དང་ཆོས་ཁྲིམས་བར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱ་རྒྱུ། ཆོས་ལུགས་སྐྱོན་བྲལ་སྒྲིག་ལྡན་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་སྔར་ལས་ལྷག་པ་ཡོང་བར་བྱ་དགོས། དགོན་སྡེ་དོ་དམ་གྱི་གཙོ་གནད་ལས་ཀར་དམ་འཛིན་བྱས་ནས་རྨང་གཞི་འདིང་བ་དང་། རྩ་བ་འཛིན་པ། ཕུགས་ཕན་ཡོད་པ་བཅས་ཀྱི་ལས་ཀ་མང་ཙམ་བྱེད་པ་དང་། གཙོ་གནད་དགོན་སྡེར་ཚད་ལྡན་དོ་དམ་བྱེད་པའི་ལེགས་གྲུབ་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་བསྡོམས་བྱེད་པ། ཕུགས་ཕན་དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ཕྱི་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀྱི་སིམ་འཛུལ་འགོག་པའི་འཛིང་རགས་མཐའ་གཅིག་ཏུ་ནན་པོ་བསྲུང་དགོས། བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་འཐུས་ཚབ་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། ནང་བསྟན་སློབ་གླིང་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་མི་སྣའི་ཆོས་ལུགས་ཤེས་བྱ་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། ཁོང་ཚོའི་དགེ་མཚན་ལྡན་པའི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཞེས་བསྟན་གནང་ཡོད།      

        ཝང་དབྱང་གིས་དབུལ་སྒྲོལ་འགག་གཏོར་ནི་ཏང་གི་སྲིད་འཛིན་དམིགས་ཡུལ་གྱི་མངོན་ཚུལ་གཙོ་བོ་ཞིག་ཡིན་ལ། བོད་ཁུལ་གྱི་མི་རིགས་ཆོས་ལུགས་ལས་དོན་ཡག་པོར་བསྒྲུབ་པའི་ནུས་ལྡན་བྱ་ཐབས་ཤིག་ཀྱང་ཡིན། ང་ཚོས་འབད་བརྩོན་ཆེན་པོས་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། དབུལ་སྐྱོར་བྱ་རྒྱུ་དང་བློ་སྟོབས་དང་རིག་སྟོབས་དབུལ་སྐྱོར་བྱ་རྒྱུ་བཅས་ཕན་ཚུན་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་མུ་མཐུད་དུ་ལེགས་བཅོས་སུ་གཏོང་བ།  ཡུལ་བབ་དང་མཐུན་པའི་ཁྱད་ལྡན་ཐོན་ལས་གསོ་སྤེལ་བཅས་བྱ་དགོས། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་ཚད་གཞིར་དམ་པོར་གཞིགས་ནས། མི་འདང་ས་དང་མི་འཇོན་སར་དམ་པོར་དམིགས་ནས། གཅིག་སྡུད་གནད་འཁེལ་ངང་བོད་ཁུལ་གྱི་ལྟོས་མེད་དབུལ་ཕོངས་ཀྱི་བཙན་རྫོང་གཏོར་བ་དང་། འབྱོར་འབྲིང་ལམ་བུའི་ཐོག་མི་རིགས་སུ་ཞིག་ཀྱང་མི་ལུས་པའི་འགན་ལེན་བྱ་དགོས། གཞན་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཤིང་།  དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་ཆད་མེད་དང་། རོགས་སྐྱོར་ཆད་མེད། ལྟ་སྐུལ་དོ་དམ་ཆད་མེད་བཅས་རྒྱུན་འཁྱོངས་དང་། ཕྱིར་ལྟ་དང་ཕྱིར་སྐོར་རོགས་རམ་བྱེད་རྒྱུ་རྒྱུན་མཐུད་ངང་སྤེལ་བ། དབུལ་ལོག་ཐེབས་ཚད་ཉུང་དུ་གཏོང་བ་བཅས་བྱས་ནས། རིམ་བཞིན་ཕྱུག་འགྱུར་ཡོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་རྨང་གཞི་བརྟན་པོ་དང་ཆ་རྐྱེན་བཟང་པོ་བསྐྲུན་དགོས་ཞེས་བསྟན། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1