བོད་ཀྱི་བུ་མོ་ཨ་ཟླ་དང་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོའི་ལས་འབྲེལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-29


 

        2009ལོར་རང་རེའི་ཞིང་ཆེན་གྱི་མི་རིགས་ས་ཁུལ་དུ་ལོ་དགུ་ཐོག་གསུམ་སྣོན་ཞེས་པའི་སློབ་ཡོན་མི་དགོས་པའི་ལས་རིགས་སློབ་གསོ་ལག་བསྟར་བྱས་ནས་བོད་རིགས་ས་ཁུལ་གྱི་བུ་རྒྱུད་ཚོ་བསྐྱར་དུ་སློབ་ཡོན་མི་དགོས་པ་འབྲིང་རིམ་ལས་རིགས་སློབ་གསོའི་ནང་ཞུགས་ཆོག་པའི་གོ་སྐབས་ཤིག་ཤར་བ་རེད། འདི་ནི་རང་རེའི་ཞིང་ཆེན་གྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོ་བྱ་གཞག་འཕེལ་རྒྱས་གཏང་བར་འཚོལ་ཞིབ་བྱས་རིང་ཁྲོད་ཀྱི་ཐབས་ཇུས་གསར་པ་ཞིག་ཡིན་པ་རེད།

        བསྡོམས་རྩིས་བྱས་པར་གཞིགས་ན། ལོ་དགུ་ཐོག་གསུམ་སྣོན་གྱི་འཆར་གཞི་དེ་ལག་བསྟར་བྱས་པ་ནས་ད་བར་རང་ཁུལ་གྱི་སྔ་ཕྱིར་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་མ15000ལྷག་ཙམ་བསྐྱལ་ནས་མུ་མཐུད་དེ་སློབ་སྦྱོང་བྱེད་དུ་བཅུག་ཡོད། སློབ་ཐོན་སློབ་མ་ཐོག་མའི་ལས་ཞུགས་ཐུབ་ཚད་བརྒྱ་ཆ95ལ་ཟིན་ཞིང་། སློབ་ཐོན་སློབ་མ་ཚོ་ལས་ཞུགས་བྱེད་པའི་ཁྱབ་ཁོངས་ཐད་ལ་ཡང་སློབ་གསོ་དང་སྨན་བཅོས། སྲིད་འཛིན་སྡེ་ཚན་སོགས་ཡོད་པ་རེད། ལོ་དགུ་ཐོག་གསུམ་སྣོན་གྱི་འཆར་གཞི་ལག་བསྟར་བྱས་པ་དང་བསྟུན་ནས། སློབ་གསོས་རིག་སྐྱོང་དང་སློབ་གསོས་དབུལ་སྐྱོར། མི་སྒེར་གྱི་ཕུགས་འདུན་འགྲུབ་པ་བཅས་ཕྱོགས་གསུམ་སྔར་ནས་ཟུང་འབྲེལ་དམ་ཟབ་ཏུ་ཕྱིན་ཡོད།

        ཁྲེང་ཏུའུ་མི་དམངས་སྨན་ཁང་དང་པོར་བོད་རིགས་བུ་མོ་ཞིག་གི་ནད་པ་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་ལ་རོགས་རམ་བྱེད་པ་དང་བོད་རིགས་ནད་པར་སྐད་སྒྱུར་བྱེད་རོགས་་བཞིན་ཡོད་པ་མཐོང་རྒྱུ་ཡོད་པ། མོ་ནི་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོའི་རོགས་རམ་འོག་མི་ཚེའི་ལམ་བུ་བསྒྱུར་ཐུབ་པའི་བོད་ཁུལ་གྱི་བུ་རྒྱུད་མང་པོའི་ཁྲོད་ཀྱི་ཡ་གྱལ་ཞིག་རེད།

གཅིག ལོ་དགུ་ཐོག་གསུམ་སྣོན་ལ་བརྟེན་ནས་མོའི་སློབ་སྦྱོང་གི་རེ་འདུན་གྲུབ།

        ཨ་ཟླ་ནི་དཔལ་ཡུལ་རྫོང་འཛིང་ཁོག་ཤང་གི་གྲོང་མི་ཆེས་དཀྱུས་མ་ཞིག་ཡིན་ཞིང་། བསམ་ཡུལ་ལས་འདས་པ་ཞིག་ནི་ལོ་དགུའི་ཐོག་གསུམ་སྣོན་ཞེས་པའི་སློབ་གསོའི་སྲིད་ཇུས་ཤིག་གིས་མོ་རང་གི་ཕྱུགས་འཚོ་བ་དང་གླ་རྒྱག་སར་འགྲོ་བཞིན་ཡོད་པའི་འཚོ་བ་དེའི་མཇུག་ཡོངས་སུ་བསྒྲིལ་དུ་བཅུག

        ཁྱིམ་ཚང་གི་ཆ་རྐྱེན་ཧ་ཅང་དབུལ་ཕོངས་ཀྱི་གནས་སུ་འཁྱར་བས་ལོ་ན13སོན་པའི་བུ་མོ་ཨ་ཟླ་སློབ་མཚམས་མི་འཇོག་ཀ་མེད་བྱུང་། ཕ་མའི་དཀའ་ངལ་སེལ་བ་དང་འཚོ་བའི་ཆ་རྐྱེན་ཅུང་བཟང་དུ་གཏོང་བའི་ཕྱིར་བུ་མོ་ཆུང་ཆུང་དེ་གླ་རྒྱག་སར་འགྲོ་བའི་ལམ་ལ་བློ་ཐག་རྦད་བཅད་ཀྱིས་བསྐྱོད་པ་རེད། དེ་ནས་བཟུང་མོ་རང་གིས་བུ་རྫི་དང་ཕོར་རུ་འཁྲུད་མཁན། གཙང་སྦྲ་བྱེད་མཁན་སོགས་ལས་རིགས་མི་འདྲ་བ་མང་པོ་ལས་མྱོང་ཞིང་། ལས་ཀ་དཀའ་སྡུག་ཅི་འདྲ་ཆེ་ཞིང་ཅི་འདྲ་བཙོག་པ་ཡིན་ན་ཡང་བུ་མོ་ཨ་ཟླས་སྒོར་མོ་ཞིག་རག་ཐུབ་པ་ཡིན་ཕྱིན་དེར་དཀའ་བ་ཁྱད་བསད་ཀྱིས་སྙིང་རུས་བསྒྲིམས་ནས་ལས་བཞིན་ཡོད། ཡིན་ན་ཡང་གླ་རྒྱག་སར་འགྲོ་བའི་འཚོ་བའི་ཁྲོད་བུ་མོས་རིག་གནས་དང་ལག་རྩལ་མེད་ན་ལས་ཀ་ཡག་མོ་རག་ཐབས་མེད་པ་དང་། ཤེས་རིག་ཡོན་ཏན་གྱིས་གཞི་ནས་མིའི་ལས་དབང་སྒྱུར་ཐུབ་པའི་མྱོང་ཚོར་ཟབ་མོ་བྱུང་ནས་མུ་མཐུད་དེ་སློབ་སྦྱོང་བྱ་རྒྱུ་དེ་མོའི་དེའི་དུས་ཀྱི་ཕུགས་འདུན་ཉག་ཅིག་ཏུ་གྱུར།

        ཡིན་ན་ཡང་རེ་བ་དང་དོན་དངོས་གྱི་འགལ་ཟླའི་ཁྲོད་དུ་བུ་མོ་ཨ་ཟླའི་སྐྱོ་ཉམས་དོད་པའི་བཞིན་རས་དེ་རྟག་པར་མིག་ཆུས་ཡང་ཡང་བརླན། སློབ་གྲྭར་ཞུགས་པ་དེ་མོའི་མཚན་མོའི་རྨི་ལམ་ནང་ཤར་བའི་སྣང་ཚུལ་ཙམ་ལས་མ་འདས། སྟབས་ལེགས་པའི་ཉིན་ཞིག་ལ་ཨ་ཟླས་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་གསོའི་སྲིད་ཇུས་ཤིག་ཡོད་པ་ཤེས་རྟོགས་བྱུང་དུས་བྱ་ཁུ་བྱུག་གིས་གནམ་ཆུ་འཐུང་རྒྱུ་རག་པ་ལྟར་སྔར་མེད་ཀྱི་སྤྲོ་བ་ཞིག་ཡར་ཁོག་སྙིང་གི་དཀྱིལ་དུ་འཕྱུར། དེ་ནས་མོས་བློ་ཐབས་གང་ཡོད་སྤྱད་དེ་གང་སར་འདྲི་རྟོག་བྱས་རྗེས་ལོ་དགུ་ཐོག་གསུམ་སྣོན་ཞེས་པའི་འཆར་གཞི་དེ་ཅི་འདྲ་ཞིག་ཡིན་པ་ཧ་ལམ་གོ་བ་རེད། དེའི་རྗེས་གླ་རྒྱག་ཞོར་ཁོམ་དལ་ཡོད་པའི་དུས་ཚོད་སྐར་ཆ་གང་ཡང་ཆུད་ཟོས་སུ་མི་བཏང་ཞིང་ཆེད་ལས་དཔེ་དེབ་ཉོས་ནས་སྐོམ་པས་ཆུ་འདོད་ལྟར་གུས་རྟག་བརྩོན་པ་ཆུ་རྒྱུན་བཞིན་བསྟེན། འོན་ཀྱང་ལས་དབང་ཞེས་པ་ནི་ཅི་འདྲའི་བསམ་ཚོད་མི་ཐིག་པ་ཞིག་རེད་ཨང་། མུ་གེའི་ཐོག་ལ་ཟླ་ལྷག་བསྣན་ཞེས་པའི་དཔེ་ལྟར 2011ལོའི་ལོ་དགུ་ཐོག་གསུམ་སྣོན་ལས་རིགས་སློབ་གསོའི་སློབ་བསྡུའི་རྒྱུགས་སྤྲོད་རན་པའི་དུས་སུ། བུ་མོ་ཨ་ཟླ་ལ་ནད་ཕོག་ནས་ལྷ་སའི་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་པ་དང་ཏག་ཏག་ཐུག་པས་རྒྱུགས་སྤྲད་པའི་གོ་སྐབས་ཤོར་སོང་བ་རེད། མོས་སྐབས་དེ་དུས་ངའི་སེམས་ལ་ང་རང་ཚེ་འདིར་སློབ་གྲྭར་ཞུགས་རྒྱུའི་ལས་སྐལ་མེད་པ་འདྲ་བསམས་ན་ཡང་བློས་གཏོང་འདོད་གཏན་ནས་མེད་ཅེས་བཤད་པ་རེད།

        རང་གི་ཕུགས་འདུན་འགྲུབ་ཆེད་མོས་དྲ་བ་ཐོག་ནས་ལོ་དགུ་ཐོག་གསུམ་སྣོན་ལས་རིགས་སློབ་གསོའི་སློབ་བསྡུ་སློབ་གྲྭར་ཆ་རྒྱུས་ཟབ་མོ་བླངས་ནས་ཁྲེང་ཏུའུ་ལྕགས་ལམ་འཕྲོད་བསྟེན་སློབ་གྲྭ་དེ་དམིགས་འབེན་ལ་བརྩིས་ནས་གྲ་སྒྲིག་ཚགས་ཚུད་བྱས་རྗེས་ལོ་དེའི་ཟླ་བ9པར་མོ་རང་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་མའི་འོས་ཐོབ་མེད་པར་སློབ་གྲྭ་དེར་ཞུགས་ནས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ།

        སློབ་འགོ་ཚུགས་ནས་ཟླ་བ་གཅིག་ལྷག་སོང་རྗེས་དཔལ་འབྱོར་ཐད་དཀའ་ངལ་ཆེན་པོ་བྱུང་སྟེ་དེ་སྔོན་གླ་བྱས་ནས་ཐོབ་པའི་བསགས་དངུལ་མང་པོ་མེད་པས་ཁྱིམ་སྤྱོད་དང་སློབ་ཡོན་སྤྲད་ཚར་རྗེས་འཚོ་ཐབས་བྲལ་བའི་གནས་སུ་ལྷུང་ནས་དགེ་རྒན་ཚེ་རིང་སྒྲོལ་མ་ལ་གནས་ཚུལ་ཞུས་པ་དང་། དགེ་རྒན་གྱིས་མོའི་གནས་ཚུལ་སློབ་གྲྭར་ཞུས་ཤིང་སློབ་གྲྭས་དཔལ་ཡུལ་རྫོང་སློབ་གསོ་ཅུས་དང་འབྲེལ་བྱས་པར་བརྟེན། ཨ་ཟླ་ལ2012ལོའི་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོར་རྒྱུགས་སྤྲད་རྒྱུའི་གོ་སྐབས་རག་པ་རེད། དེ་ནས་མོ་རང་གནས་སྐབས་སུ་སློབ་གྲྭ་ནས་ཕྱིར་འཐེན་ཏེ་ཡང་བསྐྱར་གླ་པ་འགྲོ་ཞོར་རྒྱུགས་སྤྲད་གྲ་སྒྲིག་བྱས་པ་རེད།

        2012ལོའི་ཟླ་བ9པར་ཨ་ཟླ་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་མ་ཡིན་པའི་ཆ་ནས་ཡང་བསྐྱར་ཁྲེང་ཏུའུ་ལྕགས་ལམ་འཕྲོད་བསྟེན་སློབ་གྲྭར་ཞུགས་པ་རེད། དེ་ནས་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་དང་ཞིང་ཆེན་གྱི་ནོར་སྲིད་རོགས་དངུལ་སོགས་ཀྱི་རོགས་རམ་འོག བུ་མོ་ཨ་ཟླ་ཡང་ལོ་དགུ་ཐོག་གསུམ་སྣོན་གྱི་སྲིད་ཇུས་ལས་ཕན་པ་རག་ནས་ལས་རིགས་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་ས་ཁུལ་གྱི་བུ་རྒྱུད་ཁྲི་སྟོང་ཁྲོད་ཀྱི་ཡ་གྱལ་ཞིག་ཏུ་གྱུར། 2014ལོའི་ཟླ་བ་དང་པོའི་ཟླ་མཇུག་ལ་བུ་མོ་ཨ་ཟླས་ལོ་དགུ་ཐོག་གསུམ་སྣོན་གྱི་རིན་ཡོན་མི་དགོས་པའི་སློབ་གསོ་འཆར་གཞི་ལས་ཕན་པ་ཐོབ་ནས་རང་ཉིད་ཐག་རིང་ལུང་ཁུག་ནས་ཐོན་ཏེ་ཤེས་རིག་ཡོན་ཏན་སྦྱང་ཐུབ་པར་བཀའ་དྲིན་གཟོ་པའི་ཆེད་དུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ལ་འཕྲིན་ཡིག་ཞིག་ཕུལ་བ་དང་། བསམ་ཡུལ་ལས་འདས་པ་ཞིག་ནི་ཧྲུའུ་ཅིས་ཡིག་ལན་བསྐུར་ཡོང་བ་རེད། ཡིག་ལན་འཕྲོད་པའི་སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱེད་དུས་མོ་ལ་ད་དུང་ཡང་སེམས་འགུལ་ཆེན་པོ་ཐེབས་བཞིན་ཡོད།

གཉིས། ལོ་དགུ་ཐོག་གསུམ་སྣོན་གྱི་སྲིད་ཇུས་ལ་བརྟེན་ནས་མོ་རང་མི་ཚེའི་ལམ་བཟང་དུ་བསྐྱོད།

        ཨ་ཟླས་ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ལ་གཅེས་འཛིན་ཆེས་ཆེར་བྱས་ཤིང་། མོས་ནམ་དུས་ཞོགས་སྔ་ལངས་དང་ནུབ་ཕྱི་ཉལ་བྱས་ནས་སློབ་སྦྱོང་ལ་འབད་པར་བརྟེན། སྦྱངས་འབྲས་ཞན་པའི་སློབ་མའི་གྲས་ནས་གསུམ་ལེགས་སློབ་མ་དང་ཡ་རབས་གྱི་དཔེ་ལྟ་ས། ཕུལ་བྱུང་མི་སྒེར་སོགས་ཀྱི་མཚན་སྙན་ཐོབ་པའི་སློབ་མར་གྱུར།

        2013ལོར་སི་ཁྲོན་ཞིང་ཆེན་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གིས་གཉེར་བའི་ལོ་དགུ་ཐོག་གསུམ་སྣོན་གྱི་སློབ་མའི་ངའི་ཕུགས་འདུན། ཀྲུང་གོའི་ཕུགས་འདུན་ཞེས་པའི་རྩོམ་ཡིག་འགྲན་བསྡུར་ནང་ཨ་ཟླས་བྲིས་པའི་རྩོམ་ཡིག《ངའི་འབྱུང་འགྱུར་རྨི་ལམ་མ་ཡིན》ཞེས་པར་ཨང་གཉིས་པའི་བྱ་དགའ་ཐོབ་པ་རེད།

        2015ལོར་སློབ་གྲྭས་དངོས་སྦྱོང་སློབ་མ་འདེམས་པའི་སྐབས་སུ་ཨ་ཟླ་ཁྲེང་ཏུའུ་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་དང་པོའི་སྨན་གཡོག་ཚན་ཁག་ཏུ་ཚུད་པ་རེད། དངོས་སྦྱོང་བྱེད་རིང་གི་གྲོན་སོང་སྒྲུབ་ཆེད་མོས་གུང་གསེང་དུས་ཚོད་ནང་མཚོ་སྔོན་གྱི་བཟོ་སྐྲུན་ལས་ཡུལ་ཞིག་ཏུ་གླ་རྒྱག་སར་ཕྱིན་ནས་ཉིན་རྟག་པར་སྐྱེས་པ་ཕོ་ཚོ་དང་མཉམ་དུ་ཨ་འདམ་དང་བྱེ་མ། ས་ཕག་སོགས་སྡུག་ལས་འགུལ་མཐར། དགོས་ངེས་ཀྱི་འཚོ་བའི་འགྲོ་སོང་ཕུད་སྒོར4000བསགས་པ་རེད།

        དངོས་སྦྱོང་བྱེད་རིང་ཨ་ཟླས་ཁེངས་སྐྱུང་ངང་སློབ་སྦྱོང་བྱེད་པ་དང་དཀའ་སྡུག་ལ་མི་འཛེམས་པའི་སྤྱོད་ཚུལ་ལ་སྨན་ཁང་གི་ཚན་ཁག་སོ་སོའི་གདེང་འཇོག་ཡག་མོ་ཐོབ་པ་རེད། 2015ལོའི་ཟླ་བ5པར་ལོ་དགུ་ཐོག་གསུམ་སྣོན་གྱི2012རིམ་པའི་སློབ་མའི་ཆེད་དམིགས་ལས་ཞུགས་གདན་ཞུ་འདུ་ཚོགས་ནང་ཨ་ཟླ་ཁྲེང་ཏུའུ་མི་དམངས་སྨན་ཁང་དང་པོས་གདན་ཞུས་སྐུལ་སྤྱོད་བྱས་པ་རེད། ད་ལྟར་ཨ་ཟླ་ལས་རྐང་དུ་ཞུགས་ནས་ལོ་གསུམ་སོང་བ་དང་། མོས་ཉིན་གཅིག་གི་ལས་འགན་བསྒྲུབས་ཚར་རྗེས་ད་དུང་ནད་པ་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་ལ་རོགས་རམ་བྱེད་པ་དང་བོད་རིགས་ནད་པར་སྐད་སྒྱུར་བྱེད་རོགས་བྱས་པ་རེད།

        ལོ་གསུམ་རིང་ལ་ཨ་ཟླས་ལས་ཀ་དོ་དོ་དན་དན་བྱེད་པས་ནད་པས་ཧ་ཅང་དགའ་བས་མ་ཚད། ལས་རོགས་དང་འགོ་ཁྲིད་ཀྱིས་དེ་བས་ཀྱང་ཁས་ལེན་གང་ལེགས་བྱས། 2017ལོར་མོ་རང་ཕུལ་བྱུང་ནད་གཡོག་པར་བདམ་པ་རེད། ན་ནིང་སྟབས་མ་ལེགས་པ་མོའི་ཨ་ཕ་ཤི་སོང་བས་ཡིད་རབ་ཏུ་སྐྱོ་བའི་བུ་མོས་ཁྱིམ་མིའི་འཚོ་བའི་ཆ་རྐྱེན་ཡག་པོར་གཏོང་བ་དེ་ད་སྔའི་ཆེས་ཆེ་བའི་ཕུགས་འདུན་བྱས་ནས་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་པ་དང་། དུས་མཚུངས་སུ་མོས་རང་ཉིད་ཀྱི་འཇོན་ཐང་དེ་བས་ཆེ་རུ་གཏོང་བ་དང་འབྲེལ་ཕུགས་འདུན་སྙེག་པའི་ན་གཞོན་ཚོ་ལ་རོགས་རམ་བྱ་རྒྱུའི་བསམ་ཚུལ་ཞིག་ཀྱང་བློར་བཅངས་པ་རེད།

        དེ་སྔོན་ཕ་རབས་ཚོའི་རྗེས་འབྲངས་ནས་མཐོ་སྒང་དུ་ནོར་ལུག་དང་འགྲོགས་ཏེ་འཚོ་བ་རོལ་བཞིན་པའི་བུ་མོ་དེ་ལོ་དགུ་ཐོག་གསུམ་སྣོན་སྲིད་ཇུས་ཀྱི་རོགས་རམ་འོག་ད་ལྟ་གྲོང་ཁྱེར་གྱི་འཚོ་བ་བྱེད་པའི་མི་ཚེའི་ལམ་དུ་སྐྱོད་བཞིན་ཡོད་ལ། བློ་བརྟན་འགྱུར་མེད་དང་སྙིང་རུས་འབད་བརྩོན་གྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་རེ་སྙེག་བཞིན་ཡོད་དོ།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1